སྤྱིར་གླུའི་རིག་གནས་ནི་དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་པ་དང་། འདན་མའི་གླུ་ལ་ཡང་དབྱེ་ན་བསྟོད་གླུ་དང་དཔའ་གླུ། མཐུན་གླུ། བཀྲ་ཤིས་དང་སྨོན་ལམ་སོགས་ཀྱིས་བརྗོད་བྱ་བྱེད་ཅིང་། དེ་ཡང་དཔེར་ན་བསྟོད་གླུ་ལ།“ས་སྐྱིད་པོ་འདན་མ་ལུང་པ་རེད། །ཆོས་མདོ་སྔགས་བསྟན་པ་དར་ས་རེད། །ས་སྐྱིད་པོ་འདན་མ་ལུང་པ་རེད། །ནས་ཨ་འབྲུ་གཏེར་ཁ་འཕེལ་ས་རེད། །ས་སྐྱིད་པོ་འདན་མ་ལུང་པ་རེད། །རྟ་འདོ་ལུ་མི་སྐད་གོ་ས་རེད། །”ཅེས་ལྟ་བུ།
ཡང་དཔའ་གླུ་ལ། “ང་ཁམས་པའི་བུ་ལ་འགྲོ་རོགས་མེད། ། རྟ་འདོ་བ་ང་ཡི་འགྲོ་རོགས་རེད། །ང་ཁམས་པའི་བུ་ལ་སྐྱོར་ཡ་མེད། །སྐེད་འཁོར་གསུམ་ང་ཡི་སྐྱོར་ཡ་ཡིན། །”ལྟ་བུ།
ཡང་མཐུན་གླུ་ལ། “ཁྱོད་མེ་ཏོག་སེར་ཆེན་ཡིན་ན་གོ ། གཙང་ཨ་ལུང་སྒང་ལ་འཁྲུངས་ཤོག་གོ །ང་སྦྲང་མ་སེར་པོས་བསྐོར་ཡོང་གོ །ཉིན་རེར་སྐོར་རེ་མ་ཕོགས་ཀྱང་། །ཟླ་རེར་སྐོར་རེ་བརྒྱག་འོང་གོ །”ཅེས་པ་ལྟ་བུ།
ཡང་དཔེར་ན་བཀྲ་ཤིས་དང་སྨོན་ལམ་ལ། “མགོ་ཝ་ཞྭ་སེར་ཅན་གྲ་ཡག་མ། །ཚེ་གཅིག་ལ་མགོ་འཕང་མཐོ་བར་ཤོག །སྐེ་གའུ་ཉི་ཟླ་ཁ་སྤྲོད་ལ། །ཚེ་གཅིག་གི་དགྲ་བླ་འཁོར་བར་ཤོག །རྐང་ལྷམ་ཆུང་འཛེར་དཀར་དགུ་སྒྲིག་དེས། །ཚེ་གཅིག་ལ་ཡོབ་ཆེན་ནོན་པར་ཤོག །”ཅེས་པ་ལྟ་བུའོ། །