འདན་མ་འབྲུ་ཡི་བང་མཛོད། བཀྲ་ཤིས་གཉེན་སྟོན་བཤད་པ་མདོ་བསྡུས།
ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། བོད་སྐྱོང་ལྷ་སྲུང་དཀར་ཕྱོགས་ཀྱི་རྒྱལ་མཚན་སྒྲེང་ཞིང་བདེ་སྡུག་གི་ཁ་འཛིན་མཛད་པ་ཐམས་ཅད་ལ་འདུད་དོ། །
ཡ།
གཉེན་དང་སྟོན་མོ་འདི་ཉིད་ལྷ་ཀླུ་གཉན་གསུམ་ནས་རིམ་པར་དར་ལ་བོད་འདིར་དར། བར་རྒྱ་བོད་ཡི་གཉེན་སྟོན་ཚུགས་པ་དར་བ་དེ་ནས་བཟུང་ཏེ་གཉེན་ཉེ་དགའ་འདུ། བཀྲ་ཤིས་ལྷན་འཛོམས། སྟོན་མོ་སྡེར་ཁ། སྟོན་གཞུང་འབུལ་ཚན་སོགས་རྒྱ་ཆེ་ལ་རྒྱུན་རིང་བ་ཞིག་ཡོད་དེ།
དེ་རིང་སྐབས་སུ་བབ་པ་ལ། ཕ་མེས་རྒན་རབས་ལ་གུས་བཀུར་ཆེ་བ། བུ་རབས་ཚ་རྒྱུད་ལ་གཅེས་སྐྱོང་ཤེས་པ། ཡར་དཀོན་མཆོག་ལ་མཆོད་འབུལ། མར་ངན་སློང་ལ་སྦྱིན་པ། འདྲིས་ན་ཕྱི་ཐག་རིང་བ། འགྲོགས་ན་ཁྲེལ་ཡོད་གཞུང་བཟང་། མཐོང་ན་ཡིད་འོང་ཉམས་འགྱུར། བཤད་པ་ཁ་གསལ་ངག་འཇམ། འགྲོ་ན་ཚེ་རིང་ལོ་བརྒྱ། གྲོགས་ཉེ་འབྲེལ་ཀུན་ལ་བཟང་ལན་འཇལ་ཤེས་པའི་རིགས་བཟང་པོ། རུས་བཟང་པོ།
བུ་ཆེ་གེ་མོ་དང་། བུ་མོ་ཆེ་གེ་མོ་གཉིས། བླ་མ་བཟང་པོ་མོ་ལ་བསྟུན། ཨ་ཁུ་མང་པོ་གྲོས་དང་མཐུན། མཛའ་མཐུན་བརྩེ་བ་ཐུགས་ལ་བབས་ཏེ།
དེ་རིང་བཀྲ་ཤིས་ཉི་མ། ཕུན་སུམ་ཚོགས་པའི་སྐར་མ། བདེ་ལེགས་འབྱུང་བའི་དུས་ཚོད་ལ། ད་གཞུང་དོན་འགྲུབ་པའི་གཞུང་ཁང་། ཆོས་དོན་འགྲུབ་པའི་ཆོས་ཁང་། བསམ་དོན་འགྲུབ་པའི་འགྲུབ་ཁང་འདི་ཡི་ནང་ནས། གཉེན་སྟོན་མཛད་སྒོ་དངོས་སུ་སྤེལ་བ་ལ།
ཨ་ཁུ་རི་རྒྱལ་ལྷུན་པོ། མ་སྲུ་མཚོ་ལ་དར་ཆགས། བུ་ཚ་མདའ་སྨྱུག་སིལ་མ། གཉེན་ཉེ་བཀྲ་ཤིས་ལྷན་འཛོམས་ཀྱི་ར་བ་ལ། བཀྲ་ཤིས་བདེ་ལེགས་སྙིང་ཐག་པ་ནས་ཞུའོ། །
འབབས་གདན་བལ་ཕྱིང་དཀར་པོ་འདི། གཡང་དཀར་བརྒྱ་ཡི་སོག་བལ་ཡིན། གཡང་མོ་བརྒྱ་ཡི་ཐོང་བལ་ཡིན། ལྷ་ལུག་རྭ་བཞིའི་ཁ་ཆུ་ཡིན། ཡར་ཚེས་གཟའ་སྐར་བཟང་པོ་ལ། ཕ་ཁུ་བཟང་པོས་རྟེན་འབྲེལ་བསྒྲིགས། མ་སྲུ་བཟང་པོས་སྨོན་ལམ་བྱས། སྟག་ཤར་མང་པོས་བཀྲ་ཤིས་བརྗོད། དེ་རིང་འབབས་པའི་གདན་དུ་བཏིངས། སྔོན་མོ་ནས་ཀྱི་གཡུང་དྲུང་བྲིས། དོན་འགྱུར་བ་མེད་པའི་རྟེན་འབྲེལ་བྱས། རླངས་འཁོར་དཀར་པོ་ནང་ལོག་ནས། འབབས་པ་ཡག་གི་ཐོག་མར་རུ། སྐྱེ་ཡག་ཡག་སྐར་རྒྱན་ཤར་འདྲ་བབས། གཟུགས་ལྡེམ་ལྡེམ་སྦ་དཀར་སྐྱེ་འདྲ་བབས། མགོ་སྤོས་ཤེལ་མེ་ཏོག་མཛེས་འདྲ་བབས། སྐེ་གཡུ་བྱུར་སྐར་ཚོགས་བཀྲག་འདྲ་བབས། ལུས་རྒྱན་གཡེར་སིལ་སྒྲ་ཉིལ་ལེ་བབས། འགྲོས་ལྡེམ་ལྡེམ་སྨྱུག་ལོ་འགུལ་འདྲ་བབས། རྟགས་དང་རྟེན་འབྲེལ་ལེགས་པར་ཤོག
དེ་རིང་རང་ཁྱིམ་འཛིན་པ་ལ། ཚེ་ཉམས་མེད་ཚེ་དཔག་མེད་ཀྱིས་སྐྱོབས། ནོར་ཉམས་མེད་ཛམྦྷ་ལ་ཡིས་སྐྱོབས། དོན་ཅི་བསམ་ཨོ་རྒྱན་པདྨས་སྐྱོབས། སྔོན་ལ་སྣ་འདྲེ་མེད་པར་ཤོག །རྒྱབ་ལ་འགལ་འདྲེ་མེད་པར་ཤོག །རྒྱལ་ཁམས་ལ་ཁ་འདྲེ་མེད་པར་ཤོག །རྟེན་འབྲེལ་ལས་བཟང་འགྲུབ་པར་ཤོག །བཀྲ་ཤིས་བདེ་ལེགས་ལྷ་རྒྱལ་ལོ། །