སྤྱིར་ཞིང་ལས་རིག་གནས་ནི་འཛམ་གླིང་སྤྱི་དང་བྱེ་བྲག་མདོ་དབུས་མཐོ་སྒང་གི་ཆབ་དཔལ་རིག་གསུམ་ལ་ཤུགས་རྐྱེན་ཆེ་བ་དང་། འདན་མ་ལུང་པ་འདི་ཉིད་ལ་མཚོན་ན། འདན་མ་ཆུ་ཉིན་སྲིབས། འདན་སྡེ་ཁྲི་སྐོར་བཅུ་གཉིས། ཚ་ཞང་རུ་བ་དགུ་བརྒྱ་ཟེར་བ་ཡོད་ལ། དེ་ལ་གནས་པའི་མི་རྣམས་ནི་འབྲོག་པ་དང་ཞིང་པ། ཞིང་མ་འབྲོག་སོགས་འཚོ་ཐབས་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། སྐབས་སུ་བབས་པ་ཞིང་ལས་ཀྱི་རིག་གནས་ཅུང་ཟད་ཞུས་ན། གནས་འདིར་ཞིང་ལས་ཀྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ཡང་རྒྱ་བཟའ་ཀོང་ཇོ་གནས་འདིར་ཕེབས་ནས་ཞིང་ལས་རིག་གནས་སྔར་མེད་གསར་འཛུགས་དང་སྔར་ཡོད་གོང་འཕེལ་བཏང་བའི་ལོ་རྒྱུས་ཡོད། གླིང་གེ་སར་གྱི་སྒྲུང་ནང་དུ་ཡང་གནས་འདིར་འདན་མའི་ནས་རྫོང་ཕབ་ནས་འབྲུ་དཀར་ནས་ཀྱི་འཕེལ་ཁ་དར་ས། འདན་མ་འབྲུ་ཡི་བང་མཛོད་ཅེས་གྲགས།
གནས་འདིའི་ཞིང་ལ་ཡང་རིགས་མི་འདྲ་བ་དུ་མ་ཡོད་དེ། ནས་ཞིང་དང་གྲོ་ཞིང་། ཉི་ཞིང་དང་སྲིབ་ཞིང་། ཆུ་ཞིང་དང་རི་ཞིང་། རྡོ་ཞིང་སོགས་ཞིང་རིགས་དུ་མ་ཡོད་པ་དང་། འབྲུ་རིགས་འདེབས་པའི་དུས་ཡང་འབྲུ་ཡི་རིགས་མི་འདྲ་བར་བརྟེན་ནས་འདེབས་པའི་དུས་ཚིགས་ཀྱང་མི་འདྲ་བ་ཡོད། གནས་འདི་ནི་ནས་ཀྱི་རིགས་ཙམ་མ་ཡིན་པར་གྲོ་ཡི་རིགས་དང་། སྲན་མའི་རིགས། མ་རྨོས་ལོ་ཏོག་ཀྱི་རིགས་སོགས་འབྲུ་རིགས་སྣ་ལྔའི་སོ་ནམ་བྱེད་ཆོག་པའི་གནས་ཤིག་ཡང་ཡིན། ཞིང་ལས་ཀྱི་རིག་གནས་དེ་དང་འབྲེལ་ནས་ལོ་ཏོག་དཔྱིད་འདེབས་ཀྱི་དུས་སུ་མིའི་རྒྱན་གོས་དང་གླུ་དབྱངས། སྟོན་འདེབས་ཀྱི་དུས་སུ་མིའི་རྒྱན་གོས་དང་གླུ་དབྱངས་སོགས་ཀྱང་དུ་མ་ཡོད། གཞན་ཡང་ཞིང་ལ་ཆུ་འདྲེན་པ་དང་ལུད་རྒྱག་པ། ཡུར་མ་ཡུར་བ་སྟོན་ཐོག་བསྡུ་བ་ལ་སོགས་དང་འབྲེལ་བའི་གླུ་དབྱངས་སོ་སོ་ཡང་ཡོད་པ་ཡིན། དཔེར་ན་ལོ་ཏོག་རྡུང་སྐབས་སུ་བུ་དང་བུ་མོ་ཕྱོགས་གཉིས་སུ་བགོས་ནས་འཁོར་མ་གཡུག་ཅིང་ལུས་ཀྱི་སྟངས་སྟབས་དང་བཅས།
ངག་ནས་འདན་མ་ནས་ཀྱི་བང་མཛོད་རེད།
ནས་ཞིང་གཡང་གི་སྒམ་ཆུང་རེད།
སྙེ་མ་བུ་ཆུང་ལོ་བརྒྱད་རེད།
ནས་འབྲུ་ཁྱུང་གི་སྒོ་ང་རེད།
གྲ་མ་བྱ་ཆེན་གཤོག་པ་རེད།
རྡུང་ར་བཀྲ་ཤིས་ར་བ་རེད།
རྡུང་རྒྱུ་གསེར་ཕྱེ་ལོ་མ་རེད།
ལས་ར་སྐར་ཚོགས་ཕྲ་མོ་རེད།
འཁོར་མ་ཞིང་པའི་ལག་ཆ་རེད།
གཡུག་སྐོར་ཙན་དན་སྡོང་པོ་རེད།
གཡུག་མདའ་མདའ་སྨྱུག་ཟིལ་མ་རེད།
དཔུང་འཁྲིས་གསེར་གྱི་འཁོར་ལོ་རེད།
རྒྱུད་འབུམ་རྒྱ་མོ་དར་ཐགས་རེད།
རྡུང་ར་རྨ་བྱའི་སྒྲོ་ཐིག་རེད།
འབྲུ་གཡང་སྔོན་མོ་ཡང་ཡང་འཁོར།
ཞེས་འགྱུར་ཁུགས་དང་ལྡན་པའི་ངང་ནས་སྟོན་ཐོག་རྡུང་པ་ཡིན། མདོར་ན་འདན་མ་ལུང་པ་འདི་ནི་ཞིང་ལས་ཀྱི་རིག་གནས་ཕུན་སུམ་ཚོགས་སའི་གནས་ཞིག་ཡིན་ནོ། །
འདན་མའི་ཞིང་ལས་ལག་ཆས་སྐོར་ལ་འདན་མ་ནི་ཞིང་ལས་གཙོར་བྱས་ཀྱི་ས་ཆ་ཞིག་ཡིན་པ་དང་དེ་ལ་བརྟེན་ནས་སོ་ནམ་ཞིང་པའི་རྣམ་དཔྱོད་དང་བསྟུན་ནས་ཞིང་ཆས་སྣ་ཚོགས་གསར་བཟོ་བྱས་ཡོད། །