འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོའི་ཏང་གིས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔ་རྗེས་སུ་རྒྱལ་དམངས་གསར་བརྗེའི་མཉམ་འབྲེལ་འཐབ་ཕྱོགས་དང་། བཟོ་ཞིང་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར། ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར། མི་དམངས་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར། དུས་སྐབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བཅས་བཙུགས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་བླངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་འདོམས་དང་། རྒྱལ་སྲིད་སྐྱོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག་》གཏན་འབེབས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་ཇེ་མཐོར་བཏང་ཡོད། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་འཆད་པར་ཆེ་རུ་བཏང་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་པའི་དག་ཐོག་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་གིས་ཀྲུང་གོའི་ཕུགས་འདུན་གཏོད་”ཅེས་པའི་གསོན་ཉམས་ལྡན་པའི་རྣམ་པ་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་ཞིང་། རང་རྒྱལ་གྱི་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་གོམ་སྟབས་གསར་པ་སྤོས་ཡོད། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འཛུགས་དང་སྐུལ་སློང་དེ་བས་ཆེ་བ་དང་། ནུས་པ་འདོན་སྤེལ་དེ་བས་ཕན་ནུས་ལྡན་པ་བཅས་བྱས་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་བྱུང་བར་སྐུལ་འདེད་གཏོང་བ་དང་། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་སྟེ། དམངས་གཉེར་དཔལ་འབྱོར་མི་སྣའི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ཀང་ཨའོ་ཐའེ་དང་རྒྱལ་ཕྱིའི་མི་སེམས་འགུག་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་དང་ཐའེ་ཝན་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། ཕྱིར་སྡོད་རང་མིའི་སྟོབས་ཤུགས་གོང་བུ་འགྲིལ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་ཟམ་མི་འཆད་པར་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་སྐྲུན་པ་དང་། ཏང་ཡོངས་ཀྱིས་མཐོང་ཆེན་བྱེད་པ་དང་ཚང་མས་ཐུན་མོང་ཐོག་སྒྲུབ་པའི་བསྒྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཐབ་ཕྱོགས་གཅིག་གྱུར་ལས་མཐུན་སྒྲིལ་དང་ཡར་བརྩོན། གསར་སྤེལ། འཁྲུག་ཆ་དོད་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
དུས་རབས་གསར་པའི་ནང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི། ལག་ལེན་གྱི་ཁྲོད་དུ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པ་དེ་རེད། མདོར་བསྡུས་བྱས་ན་ཕྱོགས་12ཡོད་པ་སྟེ་གཤམ་གསལ།
དང་པོ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་ཡོང་བར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ད་ལྟ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་དུས་ལས་བརྒལ་ཚར་བ་དང་གལ་མི་ཆེ་བར་གྱུར་པ་མིན་པར་དེ་ལས་ཀྱང་གལ་འགངས་ཆེ་བར་གྱུར་ཡོད། ཏང་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། མདུན་དུ་ལྷགས་པའི་ཕྱི་ནང་གི་གནས་བབ། ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་བཅས་ལ་འགྱུར་ལྡོག་ཆེན་པོ་འགའ་ཞིག་བྱུང་བ་དང་། འགྱུར་ལྡོག་ཇི་ཙམ་ཆེ་བ་ཡིན་ན། དེ་ཙམ་གྱིས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོར་སྤེལ་དགོས།
གཉིས་པ། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བློ་ཕྱོགས་གཏད་མིན་དང་སྟོབས་ཤུགས་འགྲན་བསྡུར་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཅི་ཡོང་ཐག་གཅོད་བྱེད་པའི་གནད་འགག་ཡིན་ལ་ཆབ་སྲིད་ཆེ་ཤོས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་ཐོག་གི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཡིན་ཞིང་། ཐག་གཅོད་བྱ་རྒྱུ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། དེ་ནི་ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་ནུས་ཤུགས་ཆེན་པོས་ཐག་གཅོད་ལེགས་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།
གསུམ་པ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། གནད་འགག་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་དང་། “མཐུན་སྒྲིལ་—སྐྱོན་བརྗོད་—མཐུན་སྒྲིལ་”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་གཅིག་མཐུན་རང་བཞིན་འཚོལ་བ་དང་། སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་པ། ལྟེ་བ་གཅིག་པའི་སྒོར་ཐིག་ཆེ་ཤོས་འབྲི་བ་བཅས་བྱེད་དགོས།
བཞི་པ། ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་དང་འཐུས་ཚང་བཅས་ཡག་པོ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱིས་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ཆབས་ཅིག །ཏང་མང་མཉམ་ལས་ལ་རྣམ་པ་གསར་པ་མངོན་པ་དང་། བསམ་བློའི་ཐུན་མོང་ངོས་འཛིན་ལ་གྲུབ་འབྲས་གསར་པ་ཐོབ་པ། རང་འགན་གཙང་སྒྲུབ་ཀྱིས་བྱས་རྗེས་གསར་པ་འཇོག་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་གཙོའི་ཏང་ཤོག་ཁག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རམ་འདེགས་པ་ཡག་པོ། ལས་གྲོགས་པ་ཡག་པོ་བཅས་བྱས་ཏེ། ཆབ་སྲིད་བརྟན་པོ་དང་རྩ་འཛུགས་བརྟན་པོ། འགན་སྒྲུབ་ནུས་ལྡན། སྤྱོད་ཚུལ་བཟང་པོ། ལམ་ལུགས་འཐུས་ཚང་བཅས་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།
ལྔ་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་དེ། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་ཁྲིད་སྟོན་བྱེད་དགོས།
དྲུག་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ལ་བཀག་འགོག །ཐལ་སྐྱོད་ལ་གཏན་འགོག །སིམ་འཛུལ་ལ་འགོག་རྒོལ། ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་སློབ་གསོ་ནན་པོ་སྐྱོང་བར་རྒྱབ་སྐྱོར་བྱེད་ཅིང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
བདུན་པ། ངེས་པར་དུ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣར་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གལ་ཆེན་ཞིག་ཡིན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ན། བརྩི་འཇོག་ལེགས་པོ་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་གནད་འགག་ཡིན་ལ། ནུས་པ་འདོན་སྤེལ་བྱ་རྒྱུ་ནི་དམིགས་ཡུལ་ཡིན། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཡིན་པས། ཁོང་ཚོ་སྒྲིག་འཛུགས་བྱས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་པ་འདོན་སྤེལ་བྱེད་དགོས།
བརྒྱད་པ། ངེས་པར་དུ་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་བྱུང་བར་སྐུལ་སྤེལ་གཏོང་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་བྱུང་བར་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཞིང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་པ་ཞིག་ཡོང་བར་ཁྲིད་སྟོན་བྱེད་དགོས།
དགུ་པ། ངེས་པར་དུ་ཀང་ཨའོ་ཐའེ་དང་རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མི་སེམས་འགུག་པའི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། སྤུན་ཟླ་ཞང་ཀང་པ་དང་སྤུན་ཟླ་ཨའོ་མོན་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་སྙིང་སྟོབས་ཆེ་རུ་སྐྱེད་པ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་བརྟན་པོའི་ངང་ཡུན་རིང་བསྟར་བར་འགན་ལེན་ཏན་ཏིག་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་བསྟར་དང་། ཐའེ་ཝན་གྱི་རྒྱལ་གཅེས་གཅིག་གྱུར་གྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་སྐུལ་འདེད་བཅས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྤྱོད་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་མེས་རྒྱལ་དེང་རབས་ཅན་འཛུགས་སྐྲུན་དང་ཞི་བས་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོའི་དོན་དུ་འབད་བརྩོན་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
བཅུ་པ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུ་ནི་ང་ཚོའི་ཏང་གིས་དཀྱུས་གཅིག་ཏུ་ལག་བསྟར་བྱེད་པའི་སྲིད་ཇུས་ཡིན། གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་ཞིང་། ཚན་རིག་དང་མཐུན་པར་བེད་སྤྱོད་དང་ནུས་པ་འདོན་སྤེལ་བྱས་ཏེ། ང་ཚོའི་ཏང་དང་མཉམ་ལས་དམ་ཟབ་བྱེད་པའི་ཏང་ཕྱིའི་འཐུས་ཚབ་མི་སྣ་ཁག་ཅིག་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས།
བཅུ་གཅིག་པ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་དགོས། ཏང་ཕྱིའི་མི་སྣ་དང་མཐུན་སྒྲིལ་འབྲེལ་གཏུག་བྱ་རྒྱུར་ཤུགས་བརྒྱབ་སྟེ། མནའ་མཐུན་པའི་ཁེ་ཕན་ལ་བརྩི་བཀུར་དང་། སྲུང་སྐྱོང་། ལྟ་རྟོག་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ལྷག་བསམ་མཚོན་པ་དང་། བརྩེ་སེམས་མངོན་པ། གནས་ལུགས་བཤད་པ། རོགས་རམ་བྱེད་པ་བཅས་ལ་བརྟེན་ནས་ཏང་ཕྱིའི་མི་སྣས་བརྩི་འཇོག་དང་ཁས་ལེན་ངོ་མ་ཐོབ་པར་བྱས་ཏེ་ཏང་ལ་བློ་སེམས་དཀར་བའི་ཏང་ཕྱིའི་གྲོགས་པོ་མང་པོ་སྒྲིག་དགོས།
བཅུ་གཉིས་པ། ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཡིན་པས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ཏང་ཡོངས་ཀྱི་ལས་ཀ་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་བྱེད་པ་དང་ཚང་མས་ཐུན་མོང་ཐོག་བསྒྲུབས་ཏེ། ཏང་ཨུ་ཡིས་གཅིག་གྱུར་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་སོ་སོས་རང་འགན་རང་འཁུར་བཅས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་ཀའི་བཀོད་པ་སྐྲུན་དགོས།
དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་རིང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་བློ་གྲོས་སྙིང་བཅུད་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་། ཡང་དག ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
བློ་བཟང་ལྷ་མོས་བསྒྱུར།
※འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་7ཚེས་29ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད།