ཉི་ཟླའི་འཁོར་འགྲོས་བར་ནས་ལོ་དུས་གསར་པ་བསུས། དུས་ཚོད་ཀྱི་མདའ་ཁབ་2024ལོར་གཏད་ཅིང་ལོ་གསར་པའི་སྐྱ་རེངས་ཀྲུང་གོའི་ས་གཞི་ཆེན་མོར་ཤར།
འདས་མ་ཐག་པའི་2023ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་། ལོ་གསུམ་རིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མཚམས་བསྒྱུར་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་ནུས་ལྡན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་དུ་བསད་ནས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས།
ལོ་འདིར་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློ་སློབ་སྦྱོང་དང་། ཏང་གཤིས་ཆེར་སྐྱེད། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། བསམ་བློའི་སྟོབས་ཤུགས་ཆེན་པོ་ལས་ཟམ་མི་འཆད་པར་བྱུང་བའི་བརྗིད་རྔམ་ཆེ་བའི་སྒུལ་ཤུགས་དང་སྐྱེ་སྟོབས་འབར་བའི་གསོན་ཤུགས་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་རྣམ་པ་ཁྲི་སྟོང་མང་པོ་རུ་བསྒྱུར་ཡོད།
ལོ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔར་བཞིན་བྲེལ་བ་ཆེ་ཞིང་གོམ་མཚམས་མི་འཇོག་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རླུང་གཏོར་རླབས་གཤགས་ཀྱིས་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་པར་ལམ་ཁྲིད་མཛད། སྤྱི་ཁྱབ་ཧྲུའུ་ཅིས་དོན་དངོས་གསར་པ་དང་ཞིབ་འཇུག་བྱ་གཞི་གསར་པར་དམིགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་། “ཟུང་འབྲེལ་གཉིས།” ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་སོགས་ལ་མ་ལག་ལྡན་པར་རྒྱས་འགྲེལ་གཏིང་ཟབ་གནང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བར་སྔར་ལས་གཡུར་དུ་ཟ་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཐོབ་པ་དང་། ལག་ལེན་རླབས་པོ་ཆེ་གསར་པར་མཛུབ་སྟོན་བྱེད་པའི་ཁྲོད་དེ་བས་ཀྱང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་པར་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཡིད་ལ་འཆང་བ་དང་། མི་དམངས་ཀྱི་བདེ་སྡུག་སེམས་ལ་འཆང་བ། འབྲི་ཆུའི་ལྷོ་བྱང་དང་ལྕགས་རི་རིང་པོའི་ཕྱི་ནང་དུ་རྟོག་ཞིབ་ཟབ་མོ་དང་བཞུགས་མོལ་གནང་བ། གཟིགས་རྒྱང་རིང་བ་དང་བཀོད་ཇུས་འདིང་བ་བཅས་བྱས་ནས་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ངང་མུ་མཐུད་མདུན་སྐྱོད་བྱེད་པར་སྣེ་འཁྲིད་བྱས། འཐབ་ལམ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཇུས་འགོད་བྱས་ཏེ་ཚོགས་ར་གཙོ་བོའི་ཕྱི་འབྲེལ་ལ་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་རྣམ་པ་མངོན་པར་བྱས་ཤིང་། ཕྱིར་བསྐྱོད་འཚམས་འདྲི་ཐེངས་བཞི་ཡིས་རྒྱལ་ཁབ་ཆེན་པོ་དང་། མཐའ་འཁོར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། ཕྱོགས་མང་ཕྱི་འབྲེལ་བཅས་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཏེ། རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་ཕྱི་ཕྱོགས་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ་དང་། “ངེས་གཏན་གྱི་ཀྲུང་གོ་”ཡིས་“ངེས་གཏན་མེད་པའི་འཛམ་གླིང་”ལ་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་པ་སྔར་བས་མང་བ་སྤྲད་ཡོད།
ལོ་འདིར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བསྐྱར་དར་རླབས་པོ་ཆེའི་སྣེ་འཁྲིད་པའི་རྗེས་སུ་དམ་པོར་འབྲངས་ནས་ལམ་བུ་གསར་པར་བསྐྱོད་ཅིང་བྱས་རྗེས་གསར་པ་འཇོག་པ། གྲམ་ཐང་བརྒལ་ཞིང་དཀའ་གནད་སྒྲོལ་བ། རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བཅས་ཀྱིས་རྔུལ་ཆུས་འབྲས་བཟང་གསོས་པ་དང་འཚབ་འཚུབ་མེད་པར་མདུན་སྐྱོད་བྱས་ཡོད། རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ཡོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཡོངས་སུ་རྫོགས་པ་མངོན་འགྱུར་བྱུང་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཀྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། ཆུ་ལོག་གི་གནོད་འཚེ་འགོག་པ་དང། བུ་ལོན་གྱི་ཉེན་ཁ་སེལ་བ། སྡོད་ཁང་དུས་ལྟར་སྤྲོད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་བཅས་རེད། བར་སྣང་འཚོལ་ཞིབ་ཀྱི་གོམ་སྟབས་སྔར་བས་བརྟན་ཞིང་རྒྱང་རིང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སུ་གཏམ་བཟང་ཡང་ཡང་བྱུང་ཞིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་ཡོད། རྒྱལ་སྤྱི་ཅན་གྱི་ལུས་རྩལ་འགྲན་ཚོགས་ཆེ་གྲས་དང་འགྲེམས་སྟོན་ཚོང་འདུ་རབ་དང་རིམ་པར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ཆུ་ཚད་མཐོ་བའི་ངང་སྒོ་འབྱེད་པའི་ཀྲུང་གོ་དང་འཛམ་གླིང་ཕན་ཚུན་དམ་པོར་འབྲེལ་ཡོད་པ་སོགས་དེང་གི་ཀྲུང་གོ་འདི་ཉིད་ཞུམ་པ་མེད་པར་དུས་རབས་ཀྱི་རླབས་རྒྱུན་ཁྲོད་མདུན་སྐྱོད་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་བས། རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་རོལ་དབྱངས་དེར་སྔར་བས་ངར་ཤུགས་ཆེ་ཞིང་བརྗིད་ཉམས་ལྡན་པ་ཡིན།
འགོ་རྩོམ་པའི་ལོ་ནི་སྤྱིར་བཏང་ཞིག་གཏན་ནས་མ་ཡིན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་སྣེ་མང་རྙོག་འཛིང་ཡིན་ཏེ། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁོར་ཡུག་ཏུ་གནོད་རྐྱེན་ཇེ་མང་དུ་སོང་བ་དང་། རྒྱལ་ནང་གི་འཁོར་ཡུན་རང་བཞིན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་རྩེག་སྣོན་བྱུང་བ། གནོན་ཤུགས་ལྕི་ཞིང་གྱེན་ལ་འཛེག་དཀའ་བ་སོགས་ཚང་མ་ཧ་ཅང་མཐོང་དཀོན་པ་ཞིག་རེད། ཛ་དྲག་ཆེ་བའི་གནས་ཚུལ་དེ་འདྲའི་འོག་བསྟོད་རིན་བསྔགས་རིན་ཡོད་པའི་སྦྱངས་འབྲས་ཐོ་ཡིག་གཅིག་འབུལ་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་ཐུབ་པའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་ལམ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ལོ་གཅིག་རིང་གི་སྤྱིར་བཏང་མིན་པའི་ལག་ལེན་ལས། ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་“གཏན་འཁེལ་གཉིས་”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་སྔར་བས་མངོན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་ཀྱི་ཕན་འབྲས་ཆེན་པོ་མངོན་ཡོད། ལོ་གཅིག་རིང་གི་སྤྱིར་བཏང་མིན་པའི་ལག་ལེན་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་ཕྱོགས་སྟོན་སྣེ་འཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་ཡོད་པར་བརྟེན། ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ཆེ་བའི་འཆར་གཞི་འདི་གོམ་སྟབས་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན་པ་སླར་ཡང་ར་སྤྲོད་རྩོད་མེད་བྱས་ཡོད།
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། “འཐབ་ལམ་གསར་པར་ང་ཚོའི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་རྐང་འོག་གི་ལམ་བུ་ནི་ཁོད་སྙོམས་པོ་ཞིག་མ་ཡིན།” མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག །ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་སྒོ་ནས་འབྱུང་གི་ཡོད་པ་དང་། ཕྱི་རོལ་གྱི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་ཆེ་རུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བར་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ངེས་ཡིན་ཕྱིན། ངེས་པར་དུ་སྔར་ལས་ལྷག་པའི་དཀའ་སྤྱད་འབད་བརྩོན་བྱེད་རྒྱུའི་གྲ་སྒྲིག་ཡོད་དགོས། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནི་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། དཀའ་ངལ་རེ་རེ་ལས་རྣམ་པར་རྒྱལ་བར་བྱས་ཏེ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་ཀྱི་ཡོད། ལོ་གསར་པའི་ནང་འགྲན་སློང་གིས་ཁེངས་པ་དང་དེ་བས་ཀྱང་རེ་བས་ཁེངས་པས་མདུན་ལམ་ཆེན་པོ་ཡོད། ངེས་པར་དུ་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་དཀའ་ཉེན་ལ་མི་སྐྲག་པ་དང་འགག་སྒྲོལ་དཀའ་སེལ་གྱི་བློ་སྟོབས་གཅིག་སྒྲིལ་བྱེད་དགོས་པ་དང་། དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་འཕེལ་བར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་འབད་བརྩོན་ལྷོད་མེད་ཀྱིས་སྐྱོད་དགོས།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་ལས་དབང་། མཐའ་མའི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་ན་གཞི་ནས་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་དམ་ཟབ་དང་། ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་ཐུབ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པར་གལ་ཆེ་ཤོས་དང་། རྩ་བ་ཡིན་ཤོས། གནད་འགག་ཆེ་ཤོས་བཅས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ་དང་། “གཏན་འཁེལ་གཉིས་”ཀྱི་ཚད་མཐོའི་ཐུན་མོང་ངོས་འཛིན་དེ་གོམ་གང་མདུན་སྤོས་སྒོས་“སྲུང་སྐྱོང་གཉིས་”ཀྱི་བྱ་སྤྱོད་དངོས་སུ་འགྱུར་བ་བྱ་རྒྱུ་དེ་ཡིན། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོར་དམིགས་སུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་མཐའ་འཁྱོངས་བྱེད་དགོས། ཏང་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་དར་ཆའི་འོག་“སྲ་ཞིང་མཁྲེགས་པའི་ངར་ལྕགས་”ལྟ་བུར་མཐུན་སྒྲིལ་བྱས་ཏེ། རྙོག་འཛིང་ཆེ་བའི་གནས་བབ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁ་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་ཐོབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིམ་སེམས་སྐྱེད་བྱེད་དགོས། བསམ་བློ་གཅིག་གྱུར་ནི་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱི་རྨང་གཞི་ཡིན། རང་རྟོགས་ངང་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་མར་ཁེ་སིའི་རིང་ལུགས་བེད་སྤྱད་དེ་ལག་ལེན་གསར་པར་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་རང་དབང་ཟིན་པ་དང་། དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲང་བ། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ལེགས་འགྲུབ་བྱུང་བའི་ཐབས་ལམ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་ཐུབ་པའི་བསམ་བློའི་མཚོན་ཆ་ནུས་ལྡན་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཚན་རིག་དང་མཐུན་པའི་མ་ལག་དང་སྲོག་ཤིང་གི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པའི་ཐོག་ནས་མཐའ་གསལ་མཐིལ་རྟོགས་བྱེད་དགོས་པ་དང་། སློབ་སྦྱོང་ངོ་མ་དང་ཡིད་ཆེས་ངོ་མ། བེད་སྤྱོད་ངོ་མ། ཟབ་སྒྱུར་ནང་སྒྱུར་གཞན་སྒྱུར་བཅས་ཀྱི་ཐོག་ཤུགས་ཆེན་པོ་བརྒྱབ་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་གོམ་གང་མདུན་སྤོས་ཀྱིས་ཕུགས་བསམ་བརྟན་པོ་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ཏེ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ། བྱ་སྤྱོད་མཐུན་སྦྱོར། འཐབ་ནུས་ཆེན་པོ་བཅས་མཐའ་འཁྱོངས་བྱེད་དགོས།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཅིག་ཏུ་བརྩི་དགོས། “འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་ལྟ་བུ་ཡིན།” “སྤུས་ཚད་མཐོ་བའི་འཕེལ་རྒྱས་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གླེང་ཐབས་བྲལ་བ་ཞིག་རེད།” “འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་ཅིག་ཡིན་”ཞེས་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་“དུས་རབས་གསར་པའི་གནས་ལུགས་འགྱུར་མེད་”དུ་བརྩིས་ཞེས་པ་ནི། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་དང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་སྟངས་འཛིན་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོ་སྣ་ཚོགས་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་ཅིང་། འབྱུང་འགྱུར་འགྲན་རྩོད་ཀྱི་རང་དབང་བརྩོན་ལེན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཡིན་ལ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་རེད། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་འདིར་རྩེ་གཅིག་ཏུ་དམིགས་ནས་ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་སྐྲུན་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཉེན་ཁ་འགོག་སེལ་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སྒྱུར་བྱེད་པ་བཅས་ཀྱིས་དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་ཤུགས་ཆེར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ལག་བསྟར་ནན་ཏན་བྱས་ཏེ་ཡང་དག་པའི་ལས་དོན་གྱི་ཁྲིད་ཕྱོགས་དངོས་འབྲེལ་ཆགས་པར་བྱེད་དགོས།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་འདིར་སྟངས་འཛིན་ནན་པོ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ལྟེ་བའི་ལས་འགན་དང་། དེང་རབས་ཀྲུང་གོའི་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་བ་”ཞེས་པ་ལས། “སེམས་རྣལ་དུ་ཕབ་ནས་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་ལམ་བུར་སྐྱོད་པའི་”འཐབ་ཇུས་ཀྱི་ངེས་ཤུགས་མངོན་པ་དང་། “སེམས་ཐག་གཙང་བཅད་དང་བློས་གཏོང་ལ་མི་སྐྲག་པར་དཀའ་ངལ་ཁྲི་སྟོང་ཁྱད་བསད་ཀྱིས་རྒྱལ་ཁ་བརྩོན་ལེན་བྱེད་པའི་”ཆོད་སེམས་ཆེན་པོ་མངོན་པ། “ཕུ་ཐུང་བརྫེས་ནས་འབད་བརྩོན་གྱིས་ལས་དོན་སྒྲུབ་པ་དང་། ཆར་རླུང་འཚུབ་ཀྱང་ཞུམ་པ་མེད་པར་མདུན་དུ་སྐྱོད་པའི་”སྙིང་རུས་བརྟན་པོ་མངོན་པ། “རང་ཉིད་ཀྱི་བྱ་གཞག་ཡག་པོ་སྒྲུབ་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་ཀྲོང་ངེར་ལངས་ངེས་པའི་”སྤོབས་ཉམས་ལྡན་པའི་གདེང་ཚོད་མངོན་པ་བཅས་རེད། “ཆབ་སྲིད་ཆེ་ཤོས་”འདི་སྟངས་འཛིན་ཡག་པོ་བྱེད་དགོས་ན། “སྤྱི་ཡོངས་གཉིས་ཡིད་ལ་འཆང་བ་”དང་“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་འཆང་བ་”བྱས་ཏེ། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྙིང་སྟོབས་ཆེར་སྐྱེད་དང་ངར་ཤུགས་གཅིག་སྒྲིམ། སེམས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས་པ་དང་། ཆད་ལྷག་མེད་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་དམ་འཛིན། བདེན་འཚོལ་དོན་གཉེར་གྱི་སྒོ་ནས་དོན་འཁྱོལ་དམ་འཛིན། སྒྲུབ་ཕོད་པ་དང་སྒྲུབ་ཤེས་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། གོམ་པ་རེ་རེ་བཞིན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བྱ་སྤྱོད་ཐོག་དོན་འཁྱོལ་དང་དོན་དངོས་སུ་འགྱུར་བར་བྱེད་དགོས།
རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཡིད་ཆེས་ཆེ་རུ་སྐྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། དཀའ་ངལ་གྱི་མདུན་དུ་ཡིད་ཆེས་ནི་གསེར་ལས་དཀོན་པ་ཞིག་ཡིན་ལ། རྒྱལ་ཁ་ཐོབ་པར་མཐུན་སྒྲིལ་ནི་ནུས་ལྡན་གྱི་ཐབས་མཆོག་ཅིག་ཡིན། མཐུན་སྒྲིལ་འབད་འཐབ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཕྱོགས་བསྡུས་བྱས་ནས་བལྟས་ཚེ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཕན་ལྡན་གྱི་ཆ་རྐྱེན་ནི་གནོད་རྐྱེན་ལས་ཆེ་བ་དང་། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཤུགས་ཆེ་བ་དང་། བག་ཉལ་སྟོབས་ཤུགས་འདང་བ། བསམ་བློ་གཏོང་ཡུལ་རྒྱ་ཆེ་བ་བཅས་ཡིན་པས། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་ལ་འབྱུང་ཡང་མི་སྲིད། མིག་རྒྱང་རིང་ལ་བློ་རྒྱ་ཆེན་པོ་བྱེད་དགོས། ང་ཚོར་འཕྲད་པའི་དཀའ་ངལ་ནི་མདུན་སྐྱོད་ཁྲོད་ཀྱི་གནད་དོན་དང་འཕེལ་རྒྱས་ཁྲོད་ཀྱི་སུན་སྣང་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐག་གཅོད་བྱེད་ཐུབ་ངེས་རེད། མ་འོངས་པར་རྒྱང་ལྟ་བྱས་ཚེ། དུས་ཚོད་དང་མཐུན་རྐྱེན་ནི་ང་ཚོའི་ཕྱོགས་སུ་ཡོད། འདི་ནི་ང་ཚོའི་ངེས་ཤུགས་དང་གཏིང་ཤུགས་གནས་ས་ཡིན་ལ། ང་ཚོའི་ཆོད་སེམས་དང་ཡིད་ཆེས་གནས་ས་ཡང་ཡིན། མི་དམངས་ཡོངས་ལ་རྩེ་གཅིག་ཏུ་བརྟེན་ནས་ཕྱར་བ་གྲུ་འདེགས་དང་དོན་ཆེན་མཉམ་སྒྲུབ་བྱས་ཏེ། ཏང་གི་འབད་འཐབ་དམིགས་འབེན་གྱིས་མི་ལ་སྐུལ་ལྕག་དང་། མི་ལ་སྐུལ་སློང་། མི་སེམས་འགུགས་པ་བཅས་བྱེད་པ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་པར་སྐུལ་འདེད་དང་། ལྷག་བསམ་རྣམ་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པར་སྐུལ་འདེད་གཏོང་དགོས།
“ང་ཚོ་ནི་འོད་སྟོང་ལྡན་པའི་ལམ་ཆེན་ཞིག་ཏུ་བསྐྱོད་ཟིན་པས་ང་ཚོ་མུ་མཐུད་མདུན་སྐྱོད་བྱེད་དགོས།” ཏང་ཡོན་ཁྲི་9800ལྷག་ཙམ་ཡོད་པའི་ལོ་བརྒྱ་ཡི་ཏང་ཆེན་པོ་འདི་ནི་དར་བའི་སྒང་ཡིན་ཏེ། ལོ་ངོ་75འཁོར་བའི་འཁྲུངས་སྐར་བསུ་ལ་ཉེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་གྱི་ཡོད་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་མི་རིགས་བསྐྱར་དར་གྱི་ཁོད་ཡངས་པའི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད་པ་དང་བློ་སྟོབས་རྒྱས་ཤིང་ཡིད་ཆེས་ཀྱིས་ཁེངས། སྤྱི་ལེ་གྲུ་བཞི་མ་ཁྲི་960ལྷག་ཙམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཐའ་ཡས་པའི་མདུན་ལྗོངས་མངོན་ཞིང་དཔྱིད་ཀྱི་དཔལ་ཡོན་བཞད། ལོ་གསར་པའི་ནང་འགོ་གསར་པ་རྩོམ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་དུས་བསྟུན་མདུན་སྐྱོད་ཀྱིས་ཉིན་མཚན་བལྟོས་མེད་དང་སྙིང་རུས་འབད་འབུངས་ངང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བརྗིད་ཆེའི་དམིགས་འབེན་སྙེག་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།
སྒྲོལ་མ་འཚོས་བསྒྱུར།