2023ལོའི་ཟླ་10ཚེས་27ཉིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་དགུ་པ་སྤེལ་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་གཙོ་སྐྱོང་གནང་སྐབས་སྤེལ་བའི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་གཏིང་ཟབ་པ་དང་། མཐོང་རྒྱ་ཆེ་བ། བསམ་བློ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ཞིང་། དེ་ནི་མི་རིགས་ཁྱབ་ཁོངས་ནང་གི་“ཟུང་འབྲེལ་གཉིས་”ཀྱི་གྲུབ་འབྲས་གསར་ཤོས་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན། དེས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲ་རྒྱས་དང་གོང་འཕེལ་བཏང་ཡོད། དེ་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཤུགས་ཆེན་ལྡན་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས།
གཅིག །བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ཞེས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་འདིའི་འཐབ་ཇུས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་དགོས་”ཞེས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་འདི་བཏོན་པ་དང་འབྲེལ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་འཛིན་རྒྱུའི་གཏན་འཁེལ་བྱས་པ་རེད། འདུ་ཤེས་གལ་ཆེན་འདིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་གྲ་རྒྱས་དང་གོང་འཕེལ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་འདི་ཉིད་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ཞིང་། ཏང་གི་མི་རིགས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
འདི་ནི་ཏང་ཀྲུང་དབྱང་གིས་“སྤྱི་ཡོངས་གཉིས་”ལ་དམིགས་ནས་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་ཐད་བཏོན་པའི་བླང་བྱ་གསལ་པོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་ཐེངས་མང་གནང་བ། མི་རིགས་ས་ཁུལ་དུ་ཟབ་ཞུགས་བྱས་ནས་བརྟག་ཞིབ་ཐེངས་མང་གནང་བ་བཅས་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ཐེངས་གཉིས་དང་། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་ཐེངས་གཉིས། ཀྲུང་དབྱང་ཞིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས། ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་བཅས་ཀྱི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་གསུང་གནང་བ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གྲུབ་ཡོད་ཅིང་། ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཚུན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པར་བསྐྱོད་པས། ཏང་གི་མི་རིགས་ལས་དོན་ལ་གནས་བབ་དང་ལས་འགན་གསར་པ་འཕྲད་པ་དང་། དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་ཆིག་རྐྱང་གི་འགག་སྒྲོལ་ནས་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་གོམ་པ་སྤོས་ཡོད། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་ཀྱི་བཀོད་པའི་ནང་བཅུག་ནས་གཅིག་འདོམས་བྱས་ཏེ། ཐུན་མོང་རང་བཞིན་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལྟར་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
འདི་ནི་ཏང་ཀྲུང་དབྱང་གིས་མིག་སྔའི་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་ཤེས་རྟོགས་གཏིང་ཟབ་བྱས་པའི་སྐུལ་སློང་གི་བཀོད་སྒྲིག་ཅིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་56གིས་ཐུན་མོང་ཐོག་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་ངོ་སྟོང་ཕྲག་གི་ཕུགས་འདུན་མངོན་འགྱུར་བྱས་ཤིང་། གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་ལ་གདེང་ཚོད་དང་སྤོབས་སེམས་སྔར་ན་མེད་པ་འཕེལ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་ན་མེད་པ་འཕེལ་བ་བཅས་རེད། དུས་མཚུངས་སུ་མི་རིགས་ཁག་གི་མཐུན་སྒྲིལ་ལ་གནོད་པའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་པ་ཡང་མཐོང་དགོས་པ་སྟེ། དཔེར་ན། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་མོད། འོན་ཀྱང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། མི་རིགས་ཁག་གི་མི་འབོར་འགྲོ་རྒྱུག་ཆེ་བ་དང་འདྲེས་སྡོད་བྱེད་རྒྱ་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད། ད་དུང་ས་གནས་ཁ་ཤས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱུང་ཚད་ཅུང་དམའ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བར་གོ་ནོར་ཐེབས་པ་སོགས་ལྟ་བུ་རེད། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་དགོས།
འདི་ནི་ཏང་ཀྲུང་དབྱང་གིས་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པའི་རྒྱལ་སྤྱིའི་གནས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་“སྤྱི་ཡོངས་གཉིས་”གཅིག་འདོམས་བྱས་པ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་དང་ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་ཁག་ཏུ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཀྲུང་གོ་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ལྡོག་ཐབས་མེད་པ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་ལ་ལས་རང་རྒྱལ་དེ་འགྲན་ཡ་གཙོ་བོར་བརྩིས་ནས་ཉོ་ཚོང་དམག་འཐབ་དང་། ཚན་རྩལ་དམག་འཐབ། གླེང་ཕྱོགས་དམག་འཐབ་སོགས་བརྒྱབ་ཅིང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་སྣ་ཚོགས་དང་མཉམ་འབྲེལ་བྱས་ནས་མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་། ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་དཀའ་ངལ་ཡང་ཡང་བཟོས་ལ། ཐབས་བརྒྱ་ཇུས་སྟོང་གིས་ང་ཚོའི་མི་རིགས་མཐུན་སྒྲིལ་ལ་ངན་སྐུལ་བྱས་པ་དང་། བདེན་རྫུན་གོ་ལྡོག་བྱས་ནས་རང་རྒྱལ་གྱི་མི་རིགས་ལས་དོན་ལ་སྐུར་འདེབས་བྱས་པ་རེད། མི་རིགས་ཁ་ཕྲལ་རིང་ལུགས་དང་ཆོས་ལུགས་ཐལ་སྐྱོད་བསམ་བློར་རྒྱལ་ཁོངས་ཕྱི་རོལ་དུ་ས་བོན་ཡོད་པ་དང་། རྒྱལ་ཁོངས་ནང་རོལ་དུ་ས་རྒྱུ་ཡོད་པ། དྲ་རྒྱའི་ཐོག་ཏུ་ཚོང་ར་ཡོད་པ་བཅས་རེད། རྒྱལ་ཁོངས་ཕྱི་ནང་གི་ཁ་ཕྲལ་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་“མི་རིགས་གནད་དོན་རྒྱལ་སྤྱི་ཅན་དུ་འགྱུར་བར་”སྐུལ་འདེད་བཏང་བས་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་ཤུགས་རྐྱེན་བཟོས་ཡོད། ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པའི་རྒྱལ་སྤྱིའི་དུས་བབ་ཀྱིས་ང་ཚོར་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་དགོས་པའི་བླང་བྱ་བཏོན་ཡོད།
གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པའི་ངོ་བོ་དང་དོན་སྙིང་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་མི་རིགས་ཀྱི་ལས་དོན་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སོགས་ཁྱོན་ཡོངས་ཀྱི་ལས་དོན་ལ་དཀྱུས་གཅིག་ཏུ་རྒྱས་བཤད་དང་གཞི་གཅིག་ཏུ་བཀོད་སྒྲིག་གནང་ཡོད། དེའི་ཐོག་ནས་ང་ཚོའི་ཏང་གིས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་དང་། དེང་རབས་ཀྲུང་གོའི་མི་རིགས་གནད་དོན་གྱི་དུས་རབས་ཀྱི་ཁྱད་ཆོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་སྟངས་འཛིན་དང་མཐིལ་རྟོགས་གཏིང་ཟབ་བྱས་པ་གང་ལེགས་མཚོན་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་ཆ་ཚང་དང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཤེས་རྟོགས་དང་སྟངས་འཛིན་བྱེད་དགོས།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་འཛིན་རྒྱུའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་དགོས་”ཞེས་བཏོན་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་། 2019ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་། 2021ལོའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ། 2022ལོའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་དགོས་ཞེས་ནན་གསུང་གནང་བ་རེད། 2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་དང་ཞིན་ཅང་དུ་ལས་དོན་སྙན་ཞུར་གསན་སྐབས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཀྱང་ཡིན་”ཞེས་ནན་གསུང་གནང་བ་རེད། ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་འཛིན་པ་དེ་ནི་ང་ཚོའི་ཏང་གིས་“ཟུང་འབྲེལ་གཉིས་”རྒྱུན་འཁྱོངས་དང་“སྤྱི་ཡོངས་གཉིས་”ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་མི་རིགས་ལས་དོན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞེས་ཟབ་མོར་བསྟན་གནང་ཡོད། “ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་”ཅེས་པ་ནས་“ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་”ཅེས་པར་རྒྱ་སྐྱེད་བཏང་བ་དེ་ནི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་ལས་ཀའི་ཆོས་ཉིད་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཐད་བླང་བྱ་སྔར་བས་གོང་མཐོར་བཏང་བ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་“རྩ་བ་”ལ་བརྩིས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།
“ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ལ་གཞི་ཚུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་ནན་གསུང་གནང་དོན། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་ཚན་རིག་དང་མཐུན་ལ་ཆ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་དགོས།” ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་རང་བདག་ཤེས་བྱའི་མ་ལག་འཛུགས་པའི་ནང་དོན་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་གཏོད་བྱེད་པའི་རྩ་བའི་འདེགས་སྐྱོར་ཡིན་ལ། ནུབ་ཕྱོགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་བསམ་བློ་དང་སྐད་ཆའི་མ་ལག་གི་ཤུགས་རྐྱེན་ལས་ཐར་བར་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ནི་“བསམ་ཚོད་བྱས་པའི་གཅིག་མཐུན་ཚོགས་པ་”ཞིག་མིན་པར་དེ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་དང་དོན་དངོས་ཀྱི་ལོ་རྒྱུས་ཤིག་ཀྱང་རེད། ལོ་རྒྱུས་ཀྱི་ངོས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཤེས་རྟོགས་བྱ་རྒྱུ་ནི་མི་རིགས་ཀྱི་ལྟ་བ་ཡང་དག་པ་འཛུགས་རྒྱུའི་གཞི་རྩའི་ཐབས་ལམ་ཞིག་རེད། རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ལ་གཞི་ཚུགས་དགོས་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་བའི་གཏན་ཚིགས་ལ་བརྩི་སྲུང་ཞུ་བར་ངེས་པར་དུ་ལོ་རྒྱུས་ཀྱི་གཏན་ཚིགས་ལ་མཐོང་ཆེན་བྱེད་དགོས། རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་པ་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་དཔྱད་གཞིའི་མ་ལག་རྨང་གཞིར་འཛིན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གཏོད་པར་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཞེས་པའི་རྣམ་ཤེས་འདི་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཞེས་པའི་བླ་སྲོག་འདི་ཉིད་བརྟན་སྲུང་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ལ་བརྩི་སྲུང་ཞུས་ཏེ། ཀྲུང་ཧྭ་མི་རིགས་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་གནས་ལུགས་དང་། རིགས་ལམ། མཚན་ཉིད་བཅས་ཚན་རིག་དང་མཐུན་པར་གསལ་སྟོན་བྱེད་དགོས།
“ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་ལ་དམིགས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྲུན་དགོས་པའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་“ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་”དང་“ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་”བར་གྱི་འབྲེལ་བ་གསལ་བཤད་གནང་ཡོད། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པ་དང་། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་གཏིང་ཟབ་ཤོས་ཀྱི་ངོས་འཛིན་གཅིག་མཐུན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུའི་འགག་རྩ་ཡིན་ལ། མི་རིགས་ཁག་གི་མི་སེམས་གཅིག་ཏུ་འགྲིལ་བ་དང་བསམ་པ་བརྟེན་རེས་བྱེད་པའི་འཐབ་ཇུས་ལས་འགན་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོའི་ཀྲུང་ཧྭའི་ཤེས་དཔལ་དང་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་བཏོད་དེ་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིག་ཆགས་པར་བྱས་ཡོད། ཏང་གི་མི་རིགས་ལས་དོན་གྱི་ངོས་ནས་བལྟས་ན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཉིད་ལོ་རྒྱུས་ནས་མ་འོངས་པར་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་སུ་སྐྱོད་པ། སྣེ་མང་ནས་གཞི་གཅིག་ཏུ་གོང་བུ་འདྲིལ་བ་བཅས་བྱས་པའི་འཕེལ་ཕྱོགས་ཆེན་པོར་འཚམ་པར་བྱེད་དགོས། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་མཐུན་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེ་རང་བཞིན་བཅས་མངོན་གསལ་དོད་པོ་ཡོད་པ་ལས་ཁྱེད་ཀྱི་ཁྲོད་ནས་ང་ཡོད་པ་དང་། ངའི་ཁྲོད་ནས་ཁྱེད་ཡོད་པ། ཁྲག་རྒྱུན་མཉམ་འདྲེས་ཡོད་པ། ཁ་འབྲལ་ཐབས་མེད་པ་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིག་བསྐྲུན་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བརྟན་པོར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཆེད་སྲ་ཞིང་བརྟན་པའི་སྙིང་སྟོབས་དང་རིག་གནས་ཀྱི་རྨང་གཞི་འདིང་དགོས།
“མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་ཡོང་བར་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་དགོས་པའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་“མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་ཡོང་བར་བྱེད་པ་”དང་། “ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་”དང་“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་”བར་གྱི་ནང་གནས་འབྲེལ་བར་འགྲེལ་བཤད་གནང་ཡོད། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་དང་བསྟུན་པ་དང་། མི་རིགས་ཁག་མཉམ་དུ་ཕྱུག་འགྱུར་ཡོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཉམ་སྐྲུན་མཉམ་སྤྱོད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་“རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་འཕེལ་རིམ་ནི་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་ཏུ་ཡོང་བར་བྱེད་པའི་བརྒྱུད་རིམ་ཞིག་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ངེས།” “ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དེ་འཐབ་ལམ་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་”ཞེས་ཟང་མོར་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ནང་“མཐུན་སྒྲིལ་”དང་“ཡར་ཐོན་”བར་གྱི་འབྲེལ་བ་གསལ་སྟོན་གཏིང་ཟབ་གནང་བ་དང་། འཐབ་ལམ་གསར་པའི་ཐོག་མི་རིགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་གསལ་སྟོན་གནང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་ནང་གི་མི་རིགས་ལས་དོན་གྱི་གོ་གནས་གཏན་འཁེལ་གསལ་པོ་གནང་སྟེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་ཕྱིར་ཁ་ཕྱོགས་གསལ་སྟོན་གནང་ཡོད། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་རྒྱ་ཁྱབ་དང་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་“མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་”བཅས་ལ་བརྟེན་ནས་“མཐུན་སྒྲིལ་”ལ་སྐུལ་སྤེལ་དང་། “མཐུན་སྒྲིལ་”ལ་བརྟེན་ནས་“དེང་རབས་ཅན་”ལ་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས།
“ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། མི་རིགས་ཀྱི་ལས་དོན་ནི་མི་སེམས་གོང་བུར་འགྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ལས་དོན་ཞིག་ཡིན་ཞིང་། མི་རིགས་དང་འབྲེལ་བའི་དྲིལ་བསྒྲགས་ཡག་པོ་བྱེད་ཐུབ་མིན་དེ་མི་སེམས་གཏད་ཕྱོགས་དང་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་དང་འབྲེལ་བ་ཡོད། ལོ་མང་པོའི་རིང་ལ་རྒྱལ་སྤྱིའི་གླེང་ཕྱོགས་ཁྲོད་རྒྱལ་ཁབ་ཁ་ཤས་ཀྱི་བཙན་དབང་སྒེར་སྡེམ་གྱི་དབང་གིས་རང་རྒྱལ་གྱི་མི་རིགས་དང་འབྲེལ་བའི་ཕྱི་ཕྱོགས་དྲིལ་བསྒྲགས་དེ་རྒྱལ་སྤྱིའི་གླེང་ཕྱོགས་ཁྲོད་དུའང་“བདེན་ལུགས་ཡོད་ཀྱང་ཤོད་མི་ཐུབ་པ་དང་། བཤད་ཡོད་ཀྱང་ཁྱབ་བསྒྲགས་མི་ཐུབ་པའི་”སྣང་ཚུལ་སྔར་བཞིན་གནས་ཡོད་པ་དང་། རང་འགུལ་ངང་གྲོས་གཞི་བཟོ་བ་དང་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་ནུས་ཤུགས་ཞན་པ། རང་ཉིད་གཙོ་བོར་བྱེད་པའི་སྐད་ཆའི་མ་ལག་དང་དོན་བརྗོད་མ་ལག་ཆགས་མེད་པ་བཅས་རེད། ངེས་པར་དུ་“གདེང་ཚོད་བཞི་”བརྟན་དུ་གཏོང་བ་དང་། རང་འགུལ་ངང་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་ཧུར་ཐག་རྒྱག་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པའི་མདུན་ལྗོངས་བཟང་པོ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། མི་རིགས་དྲིལ་བསྒྲགས་དང་འབྲེལ་བའི་རྒྱུད་སྤེལ་བྱེད་སྟངས་གསར་གཏོད་དང་། རྒྱུད་སྤེལ་གྱི་ནང་དོན་འཐུས་ཚང་། རྒྱུད་སྤེལ་གྱི་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རང་རྒྱལ་མི་རིགས་ཁག་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་བའི་བློས་འཁེལ་བའི་འགན་སྲུང་ཡིན་པ་གསལ་པོར་ཤོད་པ། ཀྲུང་ཧྭ་མི་རིགས་ནི་ངོས་འཛིན་གཅིག་མཐུན་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ཡོད་པའི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་གསལ་པོར་ཤོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པར་མངའ་བའི་དགེ་མཚན་མངོན་གསལ་དོད་པོ་གསལ་པོར་ཤོད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་གིས་ཀྲུང་གོའི་ཕུགས་འདུན་གཏོད་”ཅེས་པའི་རྣམ་པ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ལས་འགན་ཡིན་པའི་”བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུན་མོང་སློབ་སྦྱོང་ཐོག་གི་རྒྱས་བཤད་གལ་ཆེན་འདིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤེལ་སྟངས་ཀྱི་ནང་གནས་ཀྱི་བླང་བྱ་མཚོན་ཡོད། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་ནས་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་ལེགས་སྒྲུབ། སྡེ་ཚན་ཁག་གིས་མཉམ་ལས་མཉམ་སྒྲུབ། སྤྱི་ཚོགས་ཡོངས་ཐུན་མོང་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་རྣམ་པ་བཟང་པོ་བཏོད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་བསྒྲིལ་ཤུགས་ཆེན་པོ་གཅིག་ཆགས་པ་བྱེད་དགོས།
གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་གཙོ་ཐིག་ཏུ་འཛིན་རྒྱུར་རྩེ་གཅིག་ཏུ་དམིགས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དགུ་པའི་ཐོག་བཏོན་པའི་ལས་འགན་མང་པོ་ཞིག་ནི་2021ལོའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དང་གཅིག་རྒྱུན་གཅིག་འཛིན་ཡིན་པས། དེར་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ཡོད། རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་ཏན་ཏིག་ངང་བསྒྲུབས་ནས་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན།
ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་མ་ལག་འཛུགས་པར་ཤུགས་རྒྱག་དགོས། མུ་མཐུད་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་འགྲོ་བ་དང་དོན་དངོས་དང་མཐུན་པ། ཀླད་པའི་ནང་འཇུག་པ་དང་སེམས་ནང་དུ་ཟུག་པར་སྐུལ་འདེད་གཏོང་དགོས། “མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭ་”ཡི་རྣམ་གྲངས་གལ་ཆེན་གྱིས་སྣེ་ཁྲིད་བྱས་ཏེ་མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་དང་། 《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་》རྩོམ་སྒྲིག་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛིན་རྒྱུའི་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གཞུང་ཚན་ཁག་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། མི་རིགས་སྐོར་གྱི་རིག་གཞུང་ཚན་ཁག་ལེགས་སྒྲིག་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད་》སོགས་བསླབ་དེབ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་རྟེན་གཞིའི་དོ་དམ་བྱེད་ཐབས་དང་དཔྱད་ཞིབ་ཚད་ལེན་གྱི་དམིགས་ཚད་མ་ལག་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་རིག་མཛོད་ལས་སྟེགས་འཛུགས་སྐྲུན་དང་ཚན་ཞིབ་རྣམ་གྲངས་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པར་ཤུགས་རྒྱག་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཞིང་། མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཨང་དང་པོར་འཇོག་རྒྱུར་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པ་དང་། མི་རིགས་ཁག་གི་རིག་གནས་ཀྱི་འཚོ་བཅུད་བསྡུ་ལེན་གང་ལེགས་བྱེད་པ། དེང་རབས་ཀྱི་ཤེས་དཔལ་མཉམ་འདྲེས་བྱེད་པ་བཅས་ཀྱི་དཔེ་དེབ་དང་། གར་སྟེགས་སྒྱུ་རྩལ་བརྩམས་ཆོས། གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས། མཛེས་རྩལ་བརྩམས་ཆོས་ཁག་ཅིག་བློ་རྩེ་གཅིག་སྒྲིམ་གྱིས་བསྐྲུན་ནས་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་དང་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་སྐྲུན་པ་དང་འབུར་དུ་ཐོན་པར་བྱེད་པ་དང་། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་མཚོན་པའི་རིག་རྩལ་སྤུས་དག་དང་། རིག་གནས་གསར་གཏོད་ཐོན་རྫས། རིག་གནས་དངོས་མང་སྟོན་ཚོགས་ཀྱི་འགྲེམས་རྫས་བཅས་ཁག་ཅིག་བཏོན་ཏེ་གཟུགས་བརྙན་ལྡན་པ་དང་། ཚོར་བ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་སྐྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་རིགས་ཁག་གི་མི་འབོར་འགྲོ་རྒྱུག་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བསྒར་འཇུག་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། མི་རིགས་ཁག་གིས་བར་སྟོང་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ཅིའི་ཐད་ཕན་ཚུན་བསྒར་འཇུག་བྱེད་པར་སྐུལ་འདེད་གཏོང་དགོས། “ཕན་ཚུན་བསྒར་འཇུག་”ཁྲིད་སྟོན་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་གང་ལེགས་བྱེད་དགོས། “མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི་”དང་། “མི་རིགས་ཁག་གི་མང་ཚོགས་ཀྱི་ཕན་ཚུན་བསྒར་འཇུག་རྣམ་པའི་འཕེལ་རྒྱས་འཆར་གཞི།” “ཡུལ་སྐོར་གྱིས་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་”ལས་སྟེགས་དང་གཞི་རྟེན་གྲ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དྲང་གཞག་གི་རང་བཞིན་དང་གནད་འཁེལ་གྱི་རང་བཞིན་འབུར་དུ་འདོན་པ། མི་རིགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་ལས་ཀ་བརྟན་པོ་དང་གཟབ་ནན་ངང་ནས་སྤེལ་བ། ཁྱད་པར་ཅན་གྱི་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཞིབ་འཇུག་དང་། གཏན་འབེབས། ལག་བསྟར་བཅས་བྱེད་ཅིང་། མི་རིགས་ཀྱི་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་པའི་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས། ཐུན་མོང་ཐོག་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ཏེ། མི་རིགས་ས་ཁུལ་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཀུན་སློང་དང་དམིགས་ཡུལ་འཛིན་པར་རོགས་རམ་བྱེད་ཅིང་། མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་བྱེད་ཅིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ཐོག་“བསྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མངོན་པར་བྱེད་པའི་དོན་སྙིང་ལྡན་པར་བྱེད་པ་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་པར་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་པར་བྱེད་པ་”བཅས་ཀྱི་སྡེབ་སྒྲིག་ཁུ་ཚུར་ཡག་པོ་རྒྱག་དགོས། དུས་རབས་གསར་པའི་མཐའ་ཁུལ་བདེ་འཇགས་དང་། བརྟན་བརླིང་། དར་རྒྱས་གཏོང་བའི་ལས་དོན་ལ་ཤུགས་བརྒྱབ་སྟེ། མི་རིགས་ཁག་གི་མི་དམངས་རྣམས་ལ་མཉམ་དུ་ཕྱུག་འགྱུར་ཡོང་བ་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་དངོས་སུ་མྱོང་དུ་འཇུག་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ལེགས་པོར་བཤད་པར་ཤུགས་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུའི་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་ལ་ཤུགས་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ས་གནས་ཁག་ཏུ་དཔེ་སྟོན་སྒྲོག་འགྲེལ་བྱེད་དགོས། སྲིད་ཇུས་ཀྱི་སྐད་ཆ་དང་རིག་གཞུང་གི་སྐད་ཆ་དེ་མང་ཚོགས་ཀྱི་སྐད་ཆ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་སྐད་ཆར་སྒྱུར་རྒྱུར་སྐུལ་འདེད་གཏོང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་སུ་མྱོང་ལེན་ཁང་གི་རྣམ་གྲངས་རེས་སྐོར་གསར་སྒྱུར་དང་འགྲེམས་སྟོན་ཡག་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུའི་སྐོར་གྱི་རིག་དངོས་དཔེ་རྙིང་འགྲེམས་སྟོན་བྱེད་པ་ཟམ་མི་འཆད་པར་ལེགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གང་ལེགས་སུ་མངོན་པར་བྱེད་དགོས། རྒྱལ་སྤྱིའི་སྨྱན་སྦྱོར་གྱི་གར་སྟེགས་ཐོག་རལ་གྲི་འཕྱར་ནས་རང་འགུལ་དབང་ཆ་སྟངས་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་རྒྱལ་སྤྱིའི་རྒྱུད་སྤེལ་གྱི་ཁྱད་ཆོས་དང་འཚམ་པའི་མི་རིགས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་སྐད་ཆའི་མ་ལག་ཅིག་གཏོད་དགོས། “ནང་དུ་འདྲེན་པ་”དང་“ཕྱི་རུ་སྐྱོད་པའི་”ཤུགས་ཚད་ཆེ་རུ་གཏོང་བ་དང་། རྒྱལ་ཕྱིའི་ཆེད་མཁས་པ་དང་མཁས་དབང་། སྨྱན་སྦྱོར་གྱི་གསར་འགོད་པ། རིག་གནས་མི་སྣ་བཅས་ལ་དམིགས་ནས་རྣམ་པ་མང་བའི་འགྲོ་འོང་དང་སྤེལ་རེས་བྱས་ཏེ། གོང་འོག་མཉམ་འགུལ་དང་། གཡས་གཡོན་མཉམ་འགུལ། ཕྱི་ནང་མཉམ་འགུལ། སྤྱི་ཡོངས་སྐུལ་སྤེལ་བཅས་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དྲིལ་བསྒྲགས་ལས་ཀའི་བཀོད་པ་གསར་པ་ཧུར་ཐག་གིས་སྐྲུན་དགོས།
མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་འགོག་ཟོན་དང་སེལ་ཐབས་གང་ཐུབ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་“སྟོབས་ཤུགས་ཁག་གསུམ་”སིམ་འཛུལ་བྱེད་པར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། མི་རིགས་དང་འབྲེལ་ཡོད་ཀྱི་དཔེ་སྐྲུན་དངོས་རིགས་ལ་དཔེ་སྐྲུན་ཞིབ་བཤེར་བྱེད་རྒྱུ་སྔར་ལས་ཚད་ལྡན་དུ་གཏོང་དགོས། མི་རིགས་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞིའི་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་དགོས། མཉམ་སྦྲེལ་དྲ་རྒྱ་དང་འབྲེལ་བ་ཡོད་པའི་མི་རིགས་ཀྱི་བརྗོད་གཞི་དང་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་པ་དང་། མཉམ་སྦྲེལ་དྲ་རྒྱ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་འཕར་ཚད་ཆེ་ཤོས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། མི་རིགས་ཁྱབ་ཁོངས་སུ་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།
རྟ་མགྲིན་སྐྱབས་ཀྱིས་བསྒྱུར།