སྤྱི་ཟླ་6པའི་ཚེས་18ཉིན་ནས་ཚེས་19ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་། འདི་ནི་སྤྱི་ཚེས་18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་དུ་གནས་པའི་ཙོང་ཁ་དགོན་པར་རྟོག་ཞིབ་གནང་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ་6པའི་ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་མཐའ་འཁྱོངས་བྱས་ཏེ་མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བ་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམ་དགོས་པའི་ནན་གསུང་གནང་།
སྤྱི་ཟླ་6པའི་ཚེས་18ཉིན་ནས་ཚེས་19ཉིན་བར།མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཀང་དང་ཞིང་དཔོན་ཝུའུ་ཞའོ་ཅུན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་དང་ཆོས་ལུགས་སྤེལ་ཡུལ་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་།
ཞི་ཅིན་ཕིང་གིས་ནན་གསུང་གནང་རྒྱུར།མཚོ་བོད་མཐོ་སྒང་གི་སྣོད་བཅུད་མ་ལག་སྣ་མང་ཕུན་སུམ་ཚོགས་ལ་ཧ་ཅང་ཉམས་ཞན་ཡིན་པས།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྣོད་བཅུད་ནུས་པ་ཆེ་ཤོས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ས་ཁོངས་དེའི་ལས་འགན་གཙོ་བོ་ཞིག་རེད།སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ།མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ་དང་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།མཚོ་བོད་མཐོ་སྒང་འདི་ཉིད་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ།སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་མགྱོགས་པོ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས།གལ་ཆེའི་ནང་གི་འགངས་ཆེན་ནི་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས"ཀྲུང་ཧྭའི་ཆུ་མཛོད"འདི་སྲུང་སྐྱོང་ཡག་པོ་དང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་།ཆུ་ཁུངས་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན།རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཆའི་དཔེ་མཚོན་གཏོད་དགོས།གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་མཛའ་མཐུན་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ།ནུས་ཁུངས་མ་ལག་གསར་པ་གང་མགྱོགས་འཛུགས་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་རྒྱུར།མཚོ་སྔོན་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁྱབ་ཚུལ་གཅིག་སྡུད་ཆེ་བའི་ཞིང་ཆེན་ཞིག་ཡིན་པས།མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ་དང་།དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས།མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་རྒྱ་ཁྱབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་དོ་དམ་དང་ལྷག་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས། །