སྤྱི་ཟླ་7པའི་ཚེས་1ཉིན་ནས་ཚེས་3ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སི་ཁྲོན་དཀར་མཛེས་དང་རྔ་བ་རུ་རྟོག་ཞིབ་གནང་། འདི་ནི་བདུན་པའི་ཚེས་གཅིག་ཉིན་ཝང་ཧུའུ་ཉིང་གིས་དཀར་མཛེས་རྫོང་དུ་ནས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ་7པའི་ཚེས་4ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཉེ་ཆར་སི་ཁྲོན་ཞིང་ཆེན་བོད་འབྲེལ་ཁུལ་དང་རྫོང་དུ་རྟོག་ཞིབ་གནང་བ། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ངེས་པ་དོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་བོད་རིགས་སྤུན་ཟླར་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས།མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་ཐོབ་སྣང་།བདེ་སྣང་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་ཞེས་གསུངས།
སྤྱི་ཚེས་1ནས་3ཉིན་བར། ཝང་ཧུའུ་ཉིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་དང་། སློབ་གྲྭ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། བརླན་ས་སྲུང་སྐྱོང་ཁུལ། ཆོས་ལུགས་སྤེལ་ཡུལ་སོགས་སུ་ཟབ་འཇུག་གནང་སྟེ།སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་སྟག་སྐུ་ཕྲེང་ལྔ་པའི་རྗེས་དྲན་ཁང་།གེ་སར་ནས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་།ཧུང་ཡོན་རྫོང་རི་རྒན་ཟམ་པའི་རྩྭ་ཐང་བརླན་ས།རྔ་བ་རྫོང་གཅའ་རོ་གྲོང་རྡལ་རཱ་རོ་གྲོང་ཚོ།རྔ་བ་རྫོང་སློབ་འབྲིང་དང་།བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་དགོན་སྡེ་སོགས་ལ་སོ་སོར་རྟོག་ཞིབ་གནང་བ་དང་།མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་བ།བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་།མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ།ཁོང་གིས་སི་ཁྲོན་གྱིས་བོད་འབྲེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པས།བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་ཡོད།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལས་དོན་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ནས།མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས།ཀྲུང་གོའི་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐོ་སྒང་གི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས།མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས།མི་རིགས་ས་ཁུལ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས།
གཟིགས་ཞིབ་གནང་རིང་།ཝང་ཧུའུ་ཉིང་གིས་ད་དུང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་།བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས།ཆོས་ལུགས་ཞི་མཐུན་དང་།བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས།རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་བཙུགས་ཏེ།ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
ཝང་ཧུའུ་ཉིང་གིས་ད་དུང་དཀར་མཛེས་རྫོང་དང་། རྔ་བ་རྫོང་། ཧུང་ཡོན་རྫོང་བཅས་ཀྱི་སྲིད་གྲོས་སུ་ཕེབས་ནས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་ཐུགས་འཕྲད་གནང་།
ཧྲི་ཐའེ་ཧྥེང་བཅས་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་རེད། །