འཛམ་གླིང་དྲན་ཤེས་རེ་ཞུ་ཚོགས་པའི་ཡུལ་དངོས་ནས་དཔང་ཡིག་བླངས་པ།
ཁྱེད་ཀྱིས་དཀའ་ཚེགས་ཆེ་བའི་འབད་བརྩོན་དང་ཡུན་རིང་གི་རེ་སྒུག་བརྒྱུད། གྲུབ་འབྲས་ཐོབ་པའི་དགའ་སྤྲོ་དེ་དྭངས་གཙང་ཆུ་མིག་ཅིག་དང་འདྲ་བར་ཁྱེད་ལ་ཧ་ཅང་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་སྦྱིན། སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་བདམས་ཐོན་བྱུང་སོང་། ཞེས་སྡེ་དགེ་རྫོང་ཡིག་ཚགས་ཁང་གི་འགོ་འཛིན་ཟླ་བ་གཡང་སྐྱིད་ཀྱིས་སོག་པོ་རྒྱལ་ཁབ་ཝུའུ་ལན་པཱ་ཐའོ་རུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་པའི་ཡུལ་དངོས་ནས་འཕྲིན་ཕྲན་གྲོགས་ཚོམས་སུ་པར་དགུ་དང་བཅས་བཏང་བས། མི་མང་པོ་ཞིག་གིས་བསྟོད་པའི་མཐེ་བོང་དང་སྙིང་དམར་མནན། ད་ལྟ་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་དུས་ཟླ་བ་གཡང་སྐྱིད་ཀྱིས་སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་ལ་འདེམས་ཤོག་ཚང་མ་ཐོབ་ནས་བདམས་ཐོན་བྱུང་བའི་གཏམ་དེ་ཐོས་མ་ཐག་དགའ་བའི་མིག་ཆུ་ཤོར་སོང་ཞེས་བཤད།
ཟླ་བ་གཡང་སྐྱིད་ཀྱི་མིག་ཆུ་ནི་དགའ་བའི་མིག་ཆུ་ཡིན་ལ། སྡེ་དགེ་ནས་ཝུའུ་ལན་པཱ་ཐའོ་དང་། ཡིག་ཚགས་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཨུ་ལྷན་གྱི་གྲོས་ཚོགས་ཡུལ་དངོས་སུ་ཐོན་པའི་བར། མོས་སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་གཟི་བརྗིད་ལ་དཔང་པོ་བྱས་ཡོད། ཐོག་མའི་འཛམ་གླིང་དྲན་ཤེས་ལ་རེ་འདུན་ཞུ་བ་ནས་སྟེགས་བུའི་ཐོག་ནས་དཔང་ཡིག་ལེན་པའི་བར་ལོ་དགུའི་རིང་དཀའ་ལས་བརྒྱབ་ཡོད།
འཛམ་གླིང་དྲན་ཤེས་རེ་ཞུ་
ལོ་དགུར་དཀའ་སྤྱད་སྡུག་རུས་བྱས་པས། འཛམ་གླིང་དྲན་ཤེས་རེ་ཞུ་ལེགས་འགྲུབ་བྱུང་།
འཛམ་གླིང་དྲན་ཤེས་རེ་ཞུ་ཚོགས་པས་ཡུལ་དངོས་ནས་དཔང་ཡིག་བླངས་པ།
2015ལོའི་ཟླ་11པའི་ཚེས་27ཉིན། དཀར་མཛེས་ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་འཛམ་གླིང་དྲན་ཤེས་ཀྱི་མིང་ཐོར་རེ་ཞུ་རྒྱག་པའི་ལས་ཀ་དངོས་སུ་འགོ་བཙུགས། 2020ལོར་འགྱུར་ལྡོག་བྱུང་ནས། ལོ་རྒྱུས་རང་བཞིན་གྱི་ལས་འགན་འདི་དངོས་སུ་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འགན་ཁུར་རྒྱུའི་ཐག་བཅད། འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་སྡེ་དགེ་རྫོང་ཡིག་ཚགས་ཁང་དུ་བཙུགས་པ་དང་། སྡེ་དགེ་རྫོང་ཡིག་ཚགས་ཁང་གི་འགོ་ཁྲིད་ཟླ་བ་གཡང་སྐྱིད་ཀྱིས་སེམས་ཁྲལ་དང་བཅས་ལས་འགན་གལ་ཆེན་འདི་དང་ལེན་བྱས་ཏེ། སྡེ་དགེ་རྫོང་གི་འཛམ་གླིང་དྲན་ཤེས་ཀྱི་རེ་ཞུ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་རེད།
ཟླ་བ་གཡང་སྐྱིད་དང་མོའི་ཚོགས་པས་སེམས་ཤུགས་མང་པོ་བཏོན་ནས། སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་ཀྱི་ངོ་སྤྲོད་ཞིབ་ཚགས་དང་སྲུང་སྐྱོང་གནས་ཚུལ། བེད་སྤྱོད་འཆར་གཞི་སོགས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ། སྡེ་དགེའི་དྲན་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོམས་ཅི་ཐུབ་བྱས། རེ་ཞུ་ཡི་གེ་འབྲི་བ་དང་རེ་ཞུའི་བརྙན་ཐུང་ཕབ་པ། འབྲེལ་ཡོད་ཚོགས་འདུ་ཚོགས་པ་དང་ཡིག་སྒྱུར། མིང་འདོན་རེའུ་མིག་དག་བཅོས་དང་ཡར་ཞུ་བྱས་ཤིང་། ཟླ་བ་གཡང་སྐྱིད་དང་མོའི་ཚོགས་པས་ནུས་ཤུགས་ཡོད་རྒུ་དོན་དག་འདིའི་སྟེང་ལ་བཀོལ་བ་དང་། སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་ཀྱི་རེ་ཞུ་ཡིག་ཆ་ཡི་གེ་རེ་རེ་བཞིན་དག་བཅོས་བྱས་པ་རེད། སྙན་ཞུའི་རྒྱུ་ཆ་དག་ལ་དང་དོད་ནན་མོ་བྱེད་ཆེད། འཛམ་གླིང་དྲན་ཤེས་རེ་ཞུ་ལ་ཆེད་མཁས་པ་བརྒྱད་གདན་འདྲེན་ཞུས་ཤིང་། དགུང་ལོ་དོན་གཉིས་ལ་སོན་པའི་བོད་རིག་པའི་ཆེད་མཁས་པ་ཀརྨ་རྒྱལ་མཚན་གྱིས་མཚན་ཕུད་ནས་ཡི་གེ་རེ་རེ་བཞིན་ཞུ་དག་གནང་བ་དང་། གཡུ་འབྲུག་མཚོ་མོས་བོད་དབྱིན་ཡིག་བསྒྱུར་གྱི་ཐད་ནས་ནུས་ཤུགས་མི་དམན་པ་བཏོན་ནས། ལས་གཞི་འདི་རྒྱལ་སྤྱི་ཅན་དུ་རྒྱ་ཁྱབ་འགྲོ་བར་བྱས་རྗེས་བླ་མེད་བཞག་ཡོད། རེ་ཞུའི་ཡིག་ཆ་སྤྲོད་རན་པའི་མཐའ་མའི་ཉིན་འགའ་ལ། ཚོགས་པའི་ཚོགས་མི་ཡོངས་ཀྱིས་བསྟུད་མར་ཉིན་འགར་གཞུང་ལས་ཁང་ནས་འབྲེལ་ཡོད་ཡིག་ཆ་དང་བརྙན་ཐུང་བཟོ་བཅོས་བརྒྱབ་ཅིང་། འཛམ་གླིང་དྲན་ཤེས་ལས་གཞིས་བཏོན་པའི་བླང་བྱ་ལྟར་ཟླ་བ་གཡང་སྐྱིད་དང་མོའི་ཚོགས་པས་ཚོགས་ཆེན་ལ་ཡིག་འབྲུ་ཁྲི་བཞི་ལྷག་གི་རྒྱ་དབྱིན་གཉིས་ཀྱི་ཡིག་ཆ་སྤྲད་པ་རེད།
སྤྱི་ཟླ་5པའི་ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག །སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་བདེ་བླག་ངང་འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་པ་ཁྱབ་བསྒྲགས་བྱས་མ་ཐག །ཡུལ་དངོས་ནས་དགའ་བའི་ཀི་སྒྲ་གྲགས། ཟླ་བ་གཡང་སྐྱིད་ཀྱིས་ལོ་དགུའི་འབད་བརྩོན་ལ་འབྲས་བུ་སྨིན་བྱུང་། ཀྲུང་གོའི་སྐུ་ཚབ་རྣམས་དགའ་ནས་མི་མང་པོར་མིག་ཆུ་ཤོར་བྱུང་ཞེས་བཤད།
འཛམ་གླིང་དྲན་ཤེས་ཀྱི་རྒྱལ་སྤྱིའི་མིང་ཐོར་རེ་ཞུ་རྒྱག་པར་རྨང་གཞི་བརྟན་པོ་བཏིང་།
སྡེ་དགེ་པར་ཁང་གི་པར་གཞི་རྩ་ཆེན། 《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།》
འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་རེ་ཞུ་རྒྱག་པར་དཀའ་ལས་གང་འདྲ་ཡོད་རྒྱུ་རེད་ཟེར་ན། རྒྱུས་ལོན་བྱུང་བ་ལྟར་ན་རང་རྒྱལ་གྱི་ལས་གཞི་བཅུ་བཞི་མ་གཏོགས་མིང་ཐོར་དེར་ཚུད་མེད། ཐེངས་འདིའི་ཚོགས་ཆེན་ཐོག །ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཉེར་ལྔས་མིང་འདོན་ལས་གཞི་ཉི་ཤུ་ཁྱེར་ཡོང་ཡོད་ལ། ཀྲུང་གོས་མིང་འདོན་གནང་བའི་ལས་གཞིའི་ནང་ནས། ལས་གཞི་གསུམ་བདེ་བླག་ངང་བདམས་ཐོན་བྱུང་བ་དང་། སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་དེའི་ནང་གི་ཡ་གྱལ་རེད།
འཛམ་གླིང་དྲན་ཤེས་རེ་ཞུའི་ཡུལ་དངོས།
ཟླ་བ་གཡང་སྐྱིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཛམ་གླིང་དྲན་ཤེས་མིང་ཐོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་བདེ་བླག་ངང་བདམས་ཐོན་བྱུང་བ་ལས་འཛམ་གླིང་ཐོག་སྙན་གྲགས་ཇེ་ཆེར་གཏོང་ཐུབ་པས། རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད། ཟླ་བ་གཡང་སྐྱིད་ཀྱིས་བལྟས་ན། འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་བདམས་ཐོན་བྱུང་བ་དེ་རྫོགས་ཚིག་ཅིག་མིན་ལ། དེ་ཡིས་བགྲོད་ལམ་གསར་པ་ཞིག་འགོ་ཚུགས་པ་དང་སྐུལ་ལྕག་ཅིག་ལ་བརྩི་བཞིན་ཡོད། ཐེངས་འདིར་བདེ་བླག་ངང་བདམས་ཐོན་བྱུང་བ་ལས། ང་ཚོས་འཛམ་གླིང་དྲན་ཤེས་ཀྱི་རྒྱལ་སྤྱིའི་མིང་ཐོར་རེ་ཞུ་བྱས་པར་ཡིད་ཆེས་དང་སྤོབས་པ་བསྩལ་བྱུང་། རྗེས་མར་ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སྡེ་དགེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ།
ཀརྨ་རྒྱལ་མཚན་གྱིས་རང་ཉིད་ཀྱིས་བོད་ཀྱི་པར་ཤིང་ཡིག་ཚགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཡོད་ཅེས་བཤད་པ་དང་། ཁོང་གིས་2017ལོ་ནས་བཟུང་སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་དང་འཛམ་གླིང་དྲན་ཤེས་རེ་ཞུ་རྒྱག་པའི་ཆེད་མཁས་ཚོ་ཆུང་གི་ཚོགས་གཙོའི་འགན་འཁུར་ནས། ཚོགས་པའི་སྣེ་ཁྲིད་དེ་ཞིབ་ཅིང་ཕྲ་བའི་ཡིག་ཐོག་སྙན་ཞུའི་དཔྱད་གཞི་ཇུས་འགོད་དང་གྲ་སྒྲིག་བྱས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་ཕུལ་བའི་རེ་ཞུ་གནད་ལ་འཁེལ་བ་དང་འཕྱུགས་པ་མེད་པ་ཁག་ཐེག་བྱས། ཁོང་གིས་སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་པ་དེ་གཟི་བརྗིད་ཞིག་ལ་བརྩིས་ནས། ང་ཚོའི་རེ་ཞུ་བརྒྱབ་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་འདི་རང་ཉིད་ཀྱི་ལོ་མང་རིང་གི་ཞིབ་འཇུག་དང་འབད་བརྩོན་ལ་གདེང་འཇོག་ཐོབ་པ་རེད། དེའི་ཐོག་ནས་ངས་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གོམ་པ་གལ་ཆེན་སྤོས་པ་མཚོན་པ་དང་ཆབས་ཅིག །མ་འོངས་པར་འཛམ་གླིང་གི་དྲན་ཤེས་རྒྱལ་སྤྱིའི་མིང་ཐོའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་ཅེས་གསུངས།
ཀརྨ་རྒྱལ་མཚན་གྱིས། གཟུགས་པོ་བདེ་ཐང་ཡིན་ཚེ། ཁོང་གིས་ནུས་ཤུགས་ཡོད་རྒུས་སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ནང་ཞུགས་ནས། རིག་གཞུང་གི་དམིགས་བསལ་ཡོན་ཏན་སྤྱད་དེ་འཆད་ཁྲིད་དང་དཔྱད་རྩོམ་སྤེལ་བ། སྨྱན་སྦྱོར་སོགས་ལམ་ནས་མི་དེ་བས་མང་བ་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རླབས་ཆེན་བྱ་གཞག་དེའི་ནང་ཞུགས་པར་སྐུལ་རྒྱུ་ཡིན་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་དང་ཡན་ལག་རྒྱས་སུ་འཇུག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད། སྡེ་དགེའི་པར་ཁང་གིས་བོད་ཀྱི་པར་ཤིང་ཡིག་ཚགས་བདེ་བླག་ངང་འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་པ་གོ་སྐབས་སུ་བཟུང་ནས་ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་གསོན་ཉམས་ལྡན་པའི་ཀྲུང་གོའི་རིག་གནས་ཀྱི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པ་རེད། །