ན་ནིང་གི་དབྱར་ཟླ་བདུན་པར། ལྷ་སར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒན་ཡོལ་ལས་བྱེད་པའི་རི་མོ་དང་པར་རིས་འགྲན་སྡུར་ལ་བྱ་དགའ་གནང་བའི་ཚོགས་ཆེན་ལ་ཞུགས་རྗེས། ང་ཚོ་པར་ལེན་ལ་དགའ་བའི་རྒན་ཡོལ་ལས་བྱེད་པ་འགའ་རང་མོས་ངང་སྒྲིག་འཛུགས་བྱས་ཏེ། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་གསའ་ཕུ་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་དུ་འགྲོ་བའི་ལམ་བུར་ཞུགས་པ་ཡིན།
ལྷ་ས་ནས་ཐོན་ཏེ་འདམ་གཞུང་དུ་སླེབས་པ་ནས་བཟུང་། གཞུང་ལམ་རྒྱུད་དུ་སྔོ་ཞིང་དྭངས་པའི་དགུང་སྔོན་དང་། ལང་ལོང་དུ་འཕྱུར་བའི་སྤྲིན་དཀར། མཐོ་ཞིང་བརྗིད་པའི་གངས་རི། ཡངས་ཤིང་ཆེ་བའི་རྩྭ་ཐང་། སྣུམ་ཞགས་འཁྱིལ་བའི་སྦྲ་གུར། སྐར་ཚོགས་བཀྲམས་འདྲའི་ཕྱུགས་ཁྱུ་སོགས་ལས་རྫོགས་མཐའ་མེད་པའི་མཛེས་ལྗོངས་རབ་དང་རིམ་པ་མིག་གི་སྟོན་མོར་མངོན་བཞིན་འདུག
རི་བརྒལ་ཆུ་སྒྲོལ་བྱས་པ་བརྒྱུད། མཐར་ང་ཚོའི་སེམས་ཀྱི་ཕྱོགས་ས་ནག་ཆུ་འབྲི་རུ་རྫོང་གི་གསའ་ཕུ་མཛེས་ལྗོངས་ཁུལ་དུ་འབྱོར་སོང་བ་དང་། སྐབས་དེར་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཏག་ཏག་རེད་འདུག །དུས་ཚོད་དེ་ནི་པར་ལེན་མཁན་གྱི་ངོས་ནས་བཤད་ན་ཆེས་ཡག་ཤོས་ཀྱི་དུས་ཚོད་ཅིག་རེད།
དེ་གར། ཐོག་མར་ང་ཚོའི་མིག་མདུན་དུ་འཆར་ཡོང་བ་ནི་དཀར་ཞིང་གཙང་ལ་ཤེལ་དཀར་མཆོད་རྟེན་བཞེངས་འདྲའི་གསའ་ཕུའི་གངས་རིའི་རི་ཚོགས་དང་། གཡུ་ཡི་མེ་ལོང་ཕྱིས་འདྲའི་གསའ་ཕུ་ཟམ་མཚོ་ཕྱུག་མོ་སོགས་ནས་ཡིད་དབང་ཅིག་ཅར་འཕྲོག་པའི་ཡ་མཚན་གྱི་མཛེས་སྡུག་བླ་ན་མེད་པ་ཞིག་མངོན་བཞིན་འདུག་ལ། ལྷག་པར་དུ་ཟམ་མཚོ་ཕྱུག་མོའི་བར་སྣང་དུ་ལྷབ་ལྷུབ་ཏུ་གཡོ་བའི་ཚོན་སྣ་ལྔའི་རླུང་རྟ་དང་། ཚ་ཟེར་ཉི་འོད་འོག་ཏུ་མཚོ་ངོས་ལས་འཕྲོ་བའི་ཆེམ་ཆེམ་འོད་མདངས། མཚོ་མཐའི་རྩྭ་ཐང་ཐོག་གི་རྩི་ཐོག་ལ་སོས་དལ་ངང་རོལ་བཞིན་པའི་ཕྱུགས་ཁྱུ་བཅས་ཀྱིས་ཡུལ་ལྗོངས་དེར་བཀྲ་ཤིས་པ་དང་། བྱིན་ཆགས་པ། གསོན་ཉམས་དོད་པ་བཅས་ཀྱི་རྣམ་པ་ཞིག་སྣོན་བཞིན་འདུག་པས། ངོ་མ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ཏེ་དབུགས་ཀྱང་གཏོང་དཀའ་བར་གྱུར་སོང་ལ། རང་བྱུང་ཁམས་ཀྱི་ཡ་མཚན་བཀོད་པ་དེ་དག་ལ་མཚར་སྣང་དང་། དད་ཞེན། འཇིགས་རྔམ་གྱི་བསམ་པ་སྔར་ན་མེད་པ་ཞིག་ཀྱང་སྐྱེས་སོང་།
ང་ཚོ་པར་གྲོགས་རྣམས་གསའ་ཕུ་ཟམ་མཚོའི་འགྲམ་དུ་གང་དགའ་གང་སྐྱིད་ཀྱིས་མཛེས་ལྗོངས་པར་དུ་ལེན་པ་དང་། ཡུལ་སྐོར་དུ་ཡོང་བའི་དྲན་རྟེན་འདྲ་པར་ལེན་པ། རྩེད་མོར་རོལ་བ་སོགས་བློ་ཡིད་ཚིམས་པོ་ཞིག་བྱས་ཏེ། དེ་ནས་གསའ་ཕུ་ལུང་པའི་སྟོད་ཀྱི་འབྲོག་སྡེ་ཞིག་ཡོད་པ་དེར་སོང་བ་ཡིན། དེར་འབྲོག་དུད་ལྔ་དྲུག་ཅིག་འདུག་ཅིང་། དམངས་སྲོལ་འགྲུལ་ཁང་ཡང་འདུག་ལ། ས་ཆ་དེ་ནི་གསའ་ཕུ་འཁྱགས་རོམ་དང་ཐག་ཉེ་ཤོས་ཀྱི་པར་བླང་སའི་ས་ཆ་ཞིག་ཀྱང་ཡིན་འདུག །
ང་ཚོ་པར་གྲོགས་མི་བདུན་ཡོད་པས་དགའ་བདེ་ཞེས་པའི་འབྲོག་དུད་འགྲུལ་ཁང་ཞིག་ལ་སོང་བ་ཡིན་པས། འགྲུལ་ཁང་དེར་ཉལ་ཁྲི་བཅུ་ལྷག་ཙམ་འདུག་ཅིང་། ཆ་རྐྱེན་ཡང་ཅུང་ཡག་པོ་འདུག །ང་ཚོ་དེར་སླེབས་པ་དང་ཁྱིམ་གྱི་གནས་མོས་ང་ཚོར་ཇ་བསྐོལ་བ་དང་། ཟ་མ་བཟོ་བ་སོགས་ལ་བྲེལ་སོང་བ་དང་། ཁྱིམ་གྱི་གནས་པོ་དགའ་བདེས་ཁྱིམ་ཚང་གི་གནས་ཚུལ་ངོ་སྤྲོད་བྱེད་པ་སོགས་ཁ་བརྡ་ལྷུག་པོར་གནང་བྱུང་བས། ང་ཚོར་ཐག་རིང་ནས་རང་ཁྱིམ་དུ་སླེབས་པའི་ཚོར་སྣང་ཞིག་སྟེར་བྱུང་།
དུས་ཚོད་ཇི་ལྟར་སོང་བ་མི་ཤེས་པར་ས་སྲོད་ཀྱི་དུས་སུ་སླེབས་སོང་བས། ནུབ་ཁའི་ཉི་མའི་འོད་ཟེར་བརྗིད་ཆགས་ལྡན་པའི་གསའ་ཕུའི་རི་རྒྱུད་ལ་འཕྲོས་ཏེ་གསེར་ཆུ་བྱུག་པ་ཇི་བཞིན་སེར་ལྷང་ལྷང་དུ་མངོན་བཞིན་འདུག་ལ། དགོང་མོའི་མཚམས་སྤྲིན་གྱི་འོག་ཏུ་གསའ་ཕུའི་རི་རྒྱུད་དེ་གསེར་མདོག་གི་གཡུ་འབྲུག་ཞིག་ས་མཐོར་ཉལ་བ་བཞིན་དེ་བས་བརྗིད་ཆགས་དང་།
ལྐོག་གྱུར། ངོ་མཚར། འཆར་ཡན་བཅས་ཀྱི་རྣམ་པ་ཅི་ཡང་མངོན་བཞིན་འདུག
འགྲུལ་ཁང་གི་གནས་པོ་དགའ་བདེ་ནི་སེམས་རྩ་འཁོལ་བའི་སྐྱེ་བོ་ཞིག་ཡིན་འདུག་སྟེ། ཁོང་གིས་ང་ཚོར་གསའ་ཕུ་ལུང་པའི་མིང་གི་འབྱུང་རྐྱེན་དང་། དེ་དང་འབྲེལ་བའི་ཤོད་སྲོལ་མང་པོ་ཞིག་གསུངས་བྱུང་།
ཁོང་གིས་གསུངས་པར་གསའ་ཕུ་ཞེས་པའི་ཡུལ་མིང་ཐོགས་དོན་ནི་གཅན་གཟན་གསའ་ཡོད་པའི་ལུང་པ་ཞིག་ཡིན་པའི་དབང་གིས་རེད་ཅེས་དང་། ལག་པས་མཛུབ་མོ་རི་སྟོན་གྱིས་གསའ་ཕུ་གངས་རི་གཙོ་བོ་དེར་གཏད་ནས། ལྟོས་དང་། བརྗིད་ཆགས་ལྡན་པའི་གངས་རི་འདིར་མཚོ་འཕགས་མཐོ་ཚད་སྨི་6996ཡོད་པ་དང་། དེའི་མཚན་ལ་གསའ་ཕུ་མགོན་ལྷ་དཀར་པོ་ཟེར། གསའ་ཕུའི་གངས་རི་ལ་ཁྱོན་བསྡོམས་རི་ཕྲན་བདུན་ཡོད་པ་འདི་དག་ཁྱིམ་རྒྱུད་གཅིག་གི་ནང་མི་ཡིན་པར་བཤད་ལ། དེ་ཡང་གཡོན་སྣེ་ནས་བརྩིས་པའི་དང་པོ་དེའི་མཚན་ལ་ཇོ་མོ་སྨན་ལྕམ་ཟེར་ཞིང་། གསའ་ཕུ་མགོན་ལྷ་དཀར་པོའི་ལྷ་ལྕམ་ཡིན་པ་དང་། གཉིས་པ་ནི་ཇོ་མོ་སྨན་ལྕམ་དང་སྐྱེ་བོ་གཞན་ཞིག་ལྐོག་འབྲེལ་བྱུང་ནས་སྐྱེས་པའི་བུ་ཡར་མཚོ་ཐོག་རྟ་རྫི་ཡིན། གསུམ་པ་ནི་གསའ་ཕུ་མགོན་ལྷ་དཀར་པོའི་བུ་འབྲིང་བ་བསམ་འགྲུབ་ཧ་རྡོར་དང་། བཞི་པ་ནི་བུ་ཆེ་བ་འབྲོང་རྗེ་དགྲ་འདུལ། གསའ་ཕུ་མགོན་ལྷ་དཀར་པོའི་གཡོན་དུ་ཡོད་པའི་དང་པོ་ནི་སྲས་མོ་གཡུ་ཡི་ནོར་བུ་དང་། དེ་ནས་བུ་ཆུང་བ་ལྷ་རྒོད་གདོང་བཙན། དེ་ནས་བླ་སྨན་པ་ལྷ་ལུང་ཚངས་ཁྱུང་བཅས་རེད། གཞན་ཡང་གསའ་ཕུའི་ནོར་བུ་བཅུ་གསུམ་དང་། ཆིས་ཀྱི་རིན་ཆེན་བཅུ་གསུམ། རྒོད་ཀྱི་དར་རྒྱས་བཅུ་གསུམ། ཡ་གོང་དྲག་རྩལ་བཅུ་གསུམ། མོ་ནམ་སྨུག་པོ་མཆེད་བརྒྱད་ལ་སོགས་གསའ་ཕུ་ལུང་པའི་ཕྱིའི་འཇིག་རྟེན་དང་ནང་གི་སེམས་ཅན་སྐོར་གྱི་བཤད་སྲོལ་ཧ་ཅང་མང་པོ་ཡོད་ཅེས་གསུངས་བྱུང་།
ངོ་མ་རེད་འདུག །གསའ་ཕུའི་རི་ཕྲན་རེ་རེ་བཞིན་དུ་རི་མིང་དང་། རི་དབྱིབས་མི་འདྲ་བ་ཡོད་འདུག་པ་སྟེ། ལ་ལ་ནི་བརྗིད་ཅིང་ཀེ་རེར་འགྱིངས་པ་དང་། ལ་ལ་ནི་མཛེས་ཤིང་ཉམས་དང་ལྡན་པ། ལ་ལ་ནི་ཆེ་ཞིང་མངོན་པར་མཐོ་བ། ལ་ལ་ནི་ཆུང་ལ་ཡིད་དུ་འོང་བ། དེ་རྣམས་ཧ་ལམ་ནང་མི་ལྷན་རྒྱས་གྲལ་ལ་འཁོད་དེ་ཁྱིམ་དོན་གྲོས་སུ་འདེབས་པ་དང་ཇི་མ་ཇི་བཞིན་དུ་སྣང་། དེ་དག་ཁྲོད་ནས་ཇོ་མོ་སྨན་ལྕམ་དང་།
བུ་ཡར་མཚོ་ཐོག་རྟ་རྫི། བུ་འབྲིང་བ་བསམ་འགྲུབ་ཧ་རྡོར་བཅས་ཀྱི་རི་དབྱིབས་ནི་རྒྱལ་ནང་ཙམ་དུ་མ་ཟད། ཐ་ན་འཛམ་གླིང་ན་མཐོང་དཀོན་པའི་གཏོར་གཟུགས་མཆོད་རྟེན་ཞིག་རེད་འདུག །ཡ་མཚན་ཅན་གྱི་རི་ཕྲན་དེ་དག་གིས་གསའ་ཕུའི་མཛེས་ལྗོངས་ལ་རྟོགས་དཀའ་བའི་ཡ་མཚན་གྱི་རྣམ་པ་ཞིག་བསྣན་འདུག་ལ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་བརྩེ་དུང་གི་ཉམས་འགྱུར་ཞིག་ཀྱང་ལྡན་ཡོད་པར་མ་ཟད། བོད་ཀྱི་སྤྱི་ཚོགས་དང་ཁྱིམ་ཚང་གི་གྲུབ་ཚུལ་ཞིག་ཀྱང་མངོན་ཡོད། དེ་དག་ནི་རང་བྱུང་ཁམས་ཀྱི་ཡ་མཚན་མཛེས་ལྗོངས་ཤིག་ཡིན་ལ། རང་བཞིན་དུ་གྲུབ་པའི་འཁྱགས་རོམ་གྱི་མཛེས་རྩལ་ཐོན་དངོས་ཤིག་ཀྱང་ཡིན་འདུག་པས། གྲངས་ལས་འདས་པའི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་སྟེ། དེ་དག་ལ་མཇལ་སྐོར་དང་། ཉམས་ཞིབ་བྱེད་པར་ཡང་འོང་བཞིན་ཡོད་འདུག །ཕུན་སུམ་ཚོགས་པའི་ཤོད་སྲོལ་དེ་དག་ནི་གསའ་ཕུའི་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་རིག་གནས་ཀྱི་ནང་དོན་ཞིག་ཡིན་པར་མ་ཟད། དེ་དག་གིས་ཡུལ་སྐོར་བ་རྣམས་ལ་བསམ་གཞིགས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཞིག་ཀྱང་སྟེར་ཡོད་པས། ས་མཐོའི་མཛེས་ལྗོངས་ལ་ལྟད་མོ་བལྟ་བ་དང་ཆབས་ཅིག་དེ་གའི་གཏིང་ཟབ་ཅིང་རྒྱུན་རིང་བའི་ལོ་རྒྱུས་དང་། མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པའི་རིག་གནས་རྣམས་ཉམས་སུ་མྱོང་ཡང་ཆོག
ཉིན་གཉིས་པའི་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ། ངས་གསའ་ཕུའི་གངས་རིའི་ཕྱོགས་སུ་རྒྱང་ལྟ་ཞིག་བྱས་པས། ཉི་ཟེར་ཐོག་མར་ཕོག་པའི་གངས་རི་རྣམས་གསེར་ཆུ་བྱུག་པ་ལྟ་བུར་སེར་ཚུབ་ཚུབ་དང་།
རི་རྩེར་མཚམས་སྤྲིན་གྱི་གུར་ཁང་ཕུབ་པ། གསའ་ཕུ་གངས་རི་གཤམ་གྱི་ཇོ་མོ་བླ་མཚོའི་ནང་དུ་ཐོད་ནས་མཆེད་པའི་འཁྱགས་རོམ་རྣམས་མཚོ་ངོས་སུ་འཕྱོ་སྟེ་རྒྱ་མཚོའི་ནང་དུ་གྲུ་གཟིངས་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་དང་འདྲ་བ་སོགས་ལས་གྲུབ་པའི་མཛེས་ལྗོངས་ནི་སྙན་པའི་ཚིག་སྦྱོར་གྱིས་བརྗོད་ཐབས་བྲལ་བ་ཞིག་ཏུ་མངོན་བཞིན་འདུག །དེས་ན་ངས་འཕྲལ་དུ་པར་ཆས་ཁྱེར་ནས་རི་དེའི་མཐོ་ས་ཞིག་ལ་འཛེགས་ཏེ། སྟབས་སྟབས་པོར་པར་འགའ་བླངས་པས། པར་གྲོགས་གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་པར་ལེན་སར་སླེབས་སོང་ལ། ཚང་མས་བྲེལ་བྲེལ་འཚུབ་འཚུབ་ངང་པར་འགའ་བླངས་སོང་།
ས་མཐོའི་གནམ་གཤིས་ཀྱི་འགྱུར་བ་ནི་སུས་ཀྱང་བརྗོད་དཀའ་བ་ཞིག་ཡིན་པས། དེ་མ་ཐག་ཏུ་ད་ལྟའི་འཕྲུལ་སྣང་ལྟ་བུའི་ངོ་མཚར་མཛེས་ལྗོངས་རྣམས་སྨུག་པ་མཐུག་པོས་རབ་ཏུ་བསྒྲིབས་སོང་། ང་ཚོས་འཕྲུལ་སྣང་ལྟ་བུའི་ངོ་མཚར་མཛེས་ལྗོངས་དེ་དག་སླར་ཡང་མངོན་རྒྱུར་རེ་བ་བཅངས་ནས་ཡུན་རིང་བསྒུགས་ཀྱང་མཐར་དབུགས་རིང་ནར་ནར་ངང་ལོག་ཡོང་རྒྱུ་ལས་ཐབས་གཞན་མ་བྱུང་།
ཞོགས་ཟས་བཟས་རྗེས། ང་ཚོ་པར་གྲོགས་རྣམས་གྲོས་མོལ་བྱས་ཏེ། སོ་སོའི་འདོད་མོས་བཞིན་དུ་ལྗོངས་རྒྱུ་དང་པར་ལེན་ལ་འགྲོ་རྒྱུ་བྱས་ཤིང་། མང་ཆེ་བས་མཚོ་རྒྱུད་ནས་མར་ཕྱིན་ཏེ་ལྗོངས་རྒྱུ་དང་སྦྲགས་པར་ལེན་ལ་འགྲོ་རྒྱུ་བྱས་སོང་བ་དང་། ཚེ་དབང་རྒྱལ་མཚན་དང་ངེད་གཉིས་མཚོ་འགོའི་ཆུ་ཕྲན་དེད་ནས་གསའ་ཕུའི་རྦབ་ཆུ་དང་། འཁྱགས་རོམ་གྱི་སོ་ཚོགས་པར་དུ་ལེན་པར་འགྲོ་རྒྱུའི་ཁ་འཆམས་སོང་།
དེ་ནས་ངེད་གཉིས་ཀྱག་ཀྱོག་གི་རི་ལམ་བརྒྱུད་ཅིང་། སྐབས་འགར་གཡང་གཟར་དང་། སྐབས་འགར་བདེ་ཐང་། སྐབས་འགར་ཤིང་ཕྲན་གྱི་ཚལ། སྐབས་འགར་ཆུ་ཟམ་བརྒལ་བ་སོགས་ཆུ་ཚོད་གཉིས་ཙམ་གྱི་དཀའ་བ་སྤྱད་རྗེས་གཞི་ནས་གསའ་ཕུ་རི་རྒྱུད་ཀྱི་གཡོན་ཟུར་གསའ་ཕུ་རྦབ་ཆུའི་འགྲམ་དུ་སླེབས་སོང་བས། གསའ་ཕུའི་རྦབ་ཆུ་མཇལ་བ་དང་ངེད་གཉིས་ཀྱི་སེམས་སུ་དགའ་བ་བརྗོད་ལས་འདས་པ་ཞིག་བྱུང་སྟེ་ལུས་ཀྱི་དཀའ་སྡུག་མཐའ་དག་ཡོངས་སུ་ཡལ་བར་གྱུར་སོང་།
རྦབ་ཆུའི་འགྲམ་ནས་ཐུར་དུ་མར་ལྟ་བའི་ཚེ། འཁྱགས་རི་ཧྲིལ་པོ་ཤེལ་དཀར་གྱི་མུ་འཁྱུད་དང་མཚུངས་ཤིང་། དེའི་གཤམ་གྱི་ཇོ་མོ་བླ་མཚོ་དང་ཟམ་མཚོ་ནི་དབང་སྔོན་ཞུན་ཁུ་འཁྱིལ་བ་དང་ཡོངས་སུ་མཚུངས་ལ། ཉེ་འཁོར་གྱི་རི་ཚོགས་དང་། སྤང་ལྗོངས། སྔོ་ཁེབས། ཆུ་ཕྲན་བཅས་ལས་མཛེས་སྡུག་འགྲན་ཟླ་བྲལ་ཞིང་། ཡིད་དབང་ཅིག་ཅར་འཕྲོག་པའི་ཐང་ག་ཆེན་པོ་ཞིག་བཤམས་པ་ལྟར་མངོན་བཞིན་འདུག །ད་གཟོད་གཞི་ནས་ངེད་གཉིས་དཀའ་ལས་རྒྱག་རིན་ཆོག་པ་ཞིག་ཡིན་པར་ཤེས་ཚོར་བྱུང་།
གསའ་ཕུ་འཁྱགས་རོམ་སོ་ཚོགས་ནི་གསའ་ཕུ་རྦབ་ཆུའི་གཡས་ཕྱོགས་སུ་སྨི་ཆིག་སྟོང་ཉིས་སྟོང་ཡས་མས་སུ་ཡོད་ཅིང་། ངེད་གཉིས་རི་ལམ་བརྒྱུད་ནས་ཕྲེད་དུ་ཕར་བཅར་བའི་སྐབས་སུ། གོམ་པ་རེ་རེ་བཞིན་དང་།
དབུགས་འབྱིན་རྔུབ་རེ་རེ་བཞིན་དུ་འཁྱགས་རོམ་ཞུར་བཞིན་པའི་སྒྲ་ལྷང་ལྷང་ཐོས་པ་དང་མཚུངས་པས། སེམས་སུ་སྔར་ན་མེད་པའི་གཡོ་འགུལ་དང་འཇིགས་དངངས་ཤིག་ཤར་སོང་།
གསའ་ཕུ་འཁྱགས་རོམ་སོ་ཚོགས་ལས་བར་ཐག་སྨི་བརྒྱ་ཕྲག་འགའི་མཚམས་ནས་རི་ལམ་གསལ་པོ་མཐོང་རྒྱུ་མི་འདུག་ལ། མི་དང་སྲོག་ཆགས་ཀྱི་རྐང་རྗེས་ཀྱང་དེ་བས་མཐོང་རྒྱུ་མི་འདུག་པས། ངེད་གཉིས་དེ་ནས་ཕར་འགྲོ་ཤེས་མ་སོང་ལ་འགྲོ་ཡང་བཟོད་ཀྱི་མི་འདུག །
གང་ལགས་ཟེར་ན་ཕར་སོང་ན་འཁྱགས་རོམ་ལ་བཙོག་གྲིབ་སོང་སྟེ། དྭངས་གཙང་དང་། ཁུ་སིམ། ལྷིང་འཇགས་དག་དཀྲོག་པར་ཧ་ཅང་འཚེར་སོང་། དེ་ནས་ཕར་བལྟས་ན་འཁྱགས་རོམ་གྱི་སོ་ཚོགས་རྣམས་ཧ་ཅང་སྦོམ་པ་དང་།
མཐོ་བ། གཙང་བ། གཟུགས་དབྱིབས་ཡ་མཚན་ཆེ་བ་སོགས་གཡང་ཏྲི་བརྐོས་དཀྲོལ་གྱི་ཐོན་དངོས་འཇིག་རྟེན་ཞིག་ལ་སླེབས་པའི་སྣང་བ་འཆར་དུ་བཅུག་བྱུང་། ངེད་གཉིས་གཟབ་ནན་གྱིས་པར་འགའ་བླངས་རྗེས། ལྷིང་འཇགས་ངང་དེ་ནས་ག་ལེར་ཁ་བྲལ་བ་ཡིན།
རྒྱུས་ལོན་བྱས་པ་ལྟར་ན། གསའ་ཕུ་ལུང་པར་འཁྱགས་རོམ་དང་། མཚོ་དང་མཚེའུ། རྩྭ་ཐང་། སྔོ་ཁེབས། ཆུ་རྒྱུན་སོགས་ཡོད་པར་མ་ཟད། ད་དུང་གསའ་དང་། དྲེད་མོ། གནའ་ཡག །གླ་བ། ཤྭ་བ་སོགས་རྩ་ཆེའི་གཅན་གཟན་རི་དྭགས་དང་། དབྱར་རྩྭ་དགུན་འབུ། རྒྱ་མཚོའི་སྦུ་བ། སྲོ་ལོ་དམར་པོ། དབང་པོའི་ལག་པ། སྙི་བ་སོགས་རྩ་ཆེའི་སྨན་རྩྭའི་རིགས་ཀྱང་ཧ་ཅང་མང་པོ་ཡོད་འདུག
ཐེངས་འདིར་ཡུལ་སྐོར་དུ་སོང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། གཅིག་ནས་ཤིན་ཏུ་མཛེས་པའི་རང་བྱུང་མཛེས་ལྗོངས་ལ་ལྟད་མོ་བལྟ་རྒྱུ་བྱུང་བ་དང་། གཉིས་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་བག་ཆགས་པ་དང་། སེམས་རྩ་འཁོལ་བ། མགྲོན་པོར་དགའ་བ་བཅས་ཀྱི་གཤིས་བཟང་ལ་མྱོང་ཚོར་ཟབ་མོ་བྱ་རྒྱུ་བྱུང་ལ། ལྷག་པར་དུ་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཀྱང་ཡག་པོ་ཞིག་བྱུང་།
གསའ་ཕུ་འཁྱགས་རོམ་ཡུལ་སྐོར་མཛེས་ལྗོངས་ལ་ཉམས་སུ་མྱོང་བའི་ཉིན་གཉིས་ནི་ཡུད་ཙམ་ཞིག་ནས་འདས་སོང་ལ། དེ་གའི་གནས་རི་དང་། བླ་མཚོ། རྩྭ་ཐང་། འབྲོག་ར། འབྲོག་པ་བཅས་ཀྱིས་ང་ཚོར་མིག་གི་ལོངས་སྤྱོད་དང་། བསམ་པའི་རྒྱགས་ཕྱེ། འཚོ་བའི་རོགས་རམ་སོགས་བླ་ན་མེད་པ་གནང་བར་དྲིན་ཚོར་གཏིང་ཟབ་བྱུང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་དེ་དག་ལ་དད་སེམས་དང་ཡིད་སྨོན་བྱེད་པའི་ཀུན་སློང་ཞིག་ཀྱང་སྐྱེས་སོང་། ང་ཚོས་ཕྱི་བལྟས་ཡང་ཡང་སློག་བཞིན་འབྲལ་མི་འདོད་པའི་ངང་དེ་ནས་གྱེས་ཕྱག་ཕུལ་བ་ཡིན་ལ། དེ་གའི་བརྗིད་ཆགས་ལྡན་པ་དང་། ཡིད་དབང་འཕྲོག་པ། དྭངས་ཤིང་གཙང་བ་བཅས་ཀྱི་མཛེས་ལྗོངས་ལ་སླར་ཡང་མཇལ་ཁ་ཞུ་རྒྱུ་ཡོང་བའི་སྨོན་ལམ་བཟང་པོ་བཏབ་ཅིང་། འཇིག་རྟེན་ཐོག་གི་མཛེས་ལྗོངས་རེ་རེ་བཞིན་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པའི་བསམ་བློ་ཞིག་ཀྱང་ངང་གིས་སྐྱེས་སོང་། །