ཞིབ་འཇུག་གླེགས་བམ《སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག》ཅེས་པ་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་འབུམ་རམས་པའམ་མཛངས་མ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་བགྲང་བྱ་གང་མང་ལ་ལས་ཡུལ་དངོས་སུ་བསྐྱོད་ནས་སྡེ་དགེ་ས་ཁུལ་གྱི་གེ་སར་རིག་གནས་སྐོར་ཁྱོན་ཡོངས་ནས་རྟོག་དཔྱོད་དང་ཞིབ་འཇུག་བགྱིས་པའི་བརྩམས་དེབ་རིན་ཐང་ལྡན་པ་ཞིག་རེད། མི་སུ་དང་སུ་ཡིན་ཡང་ལོ་རྒྱུས་སྙན་རྩོམ་རིང་མོ《གླིང་གེ་སར་རྒྱལ་པོའི་སྒྲུང་།》ཞིབ་འཇུག་བྱེད་པར་ལས་ཡུལ་དངོས་ཀྱི་རྟོག་ཞིབ་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་ཐབས་ལམ་གཙོ་ཤོས་ཤིག་ཡིན་པ་སྨྲ་མ་དགོས། དེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ《གླིང་གེ་སར་རྒྱལ་པོའི་སྒྲུང་།》འདི་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཐབས་ཤེས་ཉག་གཅིག་ཀྱང་ཡིན་ཟེར་ན་ཅིས་མི་ཆོག །རྩོམ་པ་པོས་ལོ་མང་རིང་དཀའ་བ་ཁྱད་དུ་བསད་ནས་གེ་སར་གྱི་ཕ་ཡུལ་དུ་ཆས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་ཐབས་ལེགས་སྤྱོད་བགྱིས་ཏེ་སྡེ་དགེའི་གེ་སར་རིག་གནས་ཀྱི་ལོ་རྒྱུས་དང་། རིག་གནས་ཀྱི་ཁྱད་ཆོས། རིག་གནས་འབྱུང་ཁུངས་ཀྱི་རྒྱབ་ལྗོངས་སོགས་ལ་རྟོག་དཔྱོད་གཏིང་ཟབ་བྱས་ཤིང་། གླིང་རྗེ་སེང་ཆེན་སྐྱེས་བུའི་འཁྲུངས་ཡུལ་དུ་གྲགས་པའི་སྡེ་དགེ་ས་ཁུལ་གྱི་སྲོལ་རྒྱུན་གེ་སར་རིག་གནས་སོགས་སུ་ཉམས་ཞིབ་ཀྱི་གྲུབ་འབྲས་གསར་པ་ཀུན་གྱི་གཟུགས་འཛིན་གྱི་དགའ་སྟོན་དུ་འགྱེད་འདུག
གླེགས་བམ་འདིའི་བརྗོད་བྱ་དོན་གྱི་ཆ་ནས་འཆད་ན་བསྡོམས་པས་ལེའུ་བརྒྱད་དུ་བགོས་ནས་སྡེ་དགེའི་གེ་སར་རིག་གནས་ཀྱི་གཙོ་གནད་སྐོར་ལ་དཔྱད་གཏམ་གནད་དུ་ཕོག་པ་བརྗོད་ཡོད། ལེའུ་དང་པོ་སྟེ། གཙོ་བོ་གནའ་བོའི་གླིང་ཡུལ་སྐོར་ལ་དཔྱད་པ་བཏང་ཡོད་ཅིང་། ཁོང་མོས་འབྲེལ་ཡོད་ཀྱི་ཡིག་ཚང་དང་གླིང་སྒྲུང་རྒན་པོའི་ངག་རྒྱུན་སོགས་ལ་ཁུངས་བཅོལ་ནས་དཔྱད་གཏམ་བརྗོད་འདུག །ད་དུང་གླིང་ཡུལ་ཞེས་པའི་མིང་གི་བྱུང་བ་དང་འགྱུར་ཚུལ་སྐོར་ལ་ལྟ་བ་གསལ་པོ་བསྟན་འདུག །ལེའུ་གཉིས་པ་སྟེ། གླིང་ཚང་གི་གདུང་རབས་དང་སྡེ་དགེའི་རྒྱལ་རབས་ཀྱི་སྐོར་གྱི་འཕེལ་འགྱུར་ཕྱོགས་བསྡུས་ཀྱིས་བརྗོད་འདུག །དེ་ཡང་སྡེ་དགེ་རྒྱལ་པོའི་གདུང་རབས་དང་རྒྱལ་རབས་ཁྲི་རབས་བཅས་ཀྱི་སྐོར་དང་། སྡེ་དགེ་པར་ཁང་དང་གེ་སར་རིག་གནས་ཀྱི་སྐོར། སྡེ་དགེ་ས་ཁུལ་དུ་བཞུགས་པའི་སྲོལ་རྒྱུན་གྱི་གླིང་སྒྲུང་ཤིང་པར་བདུན་དང་བཅས་པ་རེ་རེ་བཞིན་གསལ་ཞིང་དག་པ་ཞིབ་ཏུ་བརྗོད་ཡོད། །ལེའུ་གསུམ་པ་སྟེ། གླིང་གི་རྗེ་བློན་གྱི་གནའ་ཤུལ་དང་གནའ་རྫས་གྲགས་ཅན་ཀྱི་སྐོར། གླིང་གེ་སར་གྱི་འཁྲུངས་ཡུལ་དང་གནའ་ཤུལ་གྱི་སྐོར། དེ་མིན་གླིང་གེ་སར་གྱི་འཁྲུངས་ཡུལ་དང་གླིང་གེ་སར་གྱི་སྐུ་མཁར་སེང་འབྲུག་སྟག་རྩེ་ཕོ་བྲང་། དཔའ་རྒྱ་ཚ་ཞལ་དཀར་གྱི་མཁར་ཤུལ། ཨ་ནུ་གཟིག་འཕེན་གྱི་རྗེས་ཤུལ། སྟག་རོང་ཉ་ཚ་ཨ་བརྟན་གྱི་སྐུ་མཁར་བྱེ་རུ་སྟག་རྫོང་སོགས་རེ་རེར་དཔྱད་བརྗོད་གནང་ནས་རང་གི་ལྟ་བ་གསར་པ་གང་མང་བཏོན་འདུག །ལེའུ་བཞི་པ་སྟེ། ཁམས་སྡེ་དགེའི་གེ་སར་རིག་གནས་ཀྱི་རྗེས་ཤུལ་སྐོར་དང་། ཨ་ཕྱུག་ས་ཁུལ་གྱི་རྗེས་ཤུལ་ངག་རྒྱུན་གྱི་སྐོར། ཡིད་ལྷུང་ས་ཁུལ་གྱི་རྗེས་ཤུལ་ངག་རྒྱུན་གྱི་སྐོར། དེ་མིན་སྨན་ཤོད་ས་ཁུལ་གྱི་རྗེས་ཤུལ་ངག་རྒྱུན། འཁོར་ལོ་མདོ་ས་ཁུལ་གྱི་རྗེས་ཤུལ་ངག་རྒྱུན། དབོན་ཐོག་ས་ཁུལ་གྱི་རྗེས་ཤུལ་ངག་རྒྱུན་བཅས་པའི་ལོ་རྒྱུས་འབྱུང་ཁུངས་དང་གཏམ་རྒྱུད་གསོན་ཉམས་ལྡན་པ་འཆད་ཡོད། ལེའུ་ལྔ་པ་སྟེ། ཁམས་སྡེ་དགེའི་བོད་བརྒྱུད་ནང་བསྟན་དང་གེ་སར་རིག་གནས་ཀྱི་སྐོར་དང་། སྡེ་དགེའི་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་ལོ་རྒྱུས། སྡེ་དགེའི་ནང་བསྟན་དགོན་སྡེ་དང་གེ་སར་རིག་དངོས་ཀྱི་སྐོར། སྡེ་དགེའི་ནང་བསྟན་དགོན་སྡེ་དང་གེ་སར་གར་འཆམ་གྱི་སྐོར། རྙིང་མ་པའི་དགོན་སྡེའི་གེ་སར་གར་འཆམ་གྱི་སྐོར། ས་སྐྱ་པའི་དགོན་སྡེའི་གེ་སར་གར་འཆམ་གྱི་སྐོར། བཀའ་བརྒྱུད་པའི་དགོན་སྡེའི་གེ་སར་གར་འཆམ་གྱི་སྐོར་བཅས་པར་རྟོག་དཔྱོད་བྱས་ནས་དཔྱད་གཏམ་དཔྱིས་ཕྱིན་པ་འདོམས་ཡོད། ལེའུ་དྲུག་པ་སྟེ། ཁམས་སྡེ་དགེའི་གླིང་སྒྲུང་ལག་བྲིས་མའི་སྐོར་དང་། སྡེ་དགེའི་གླིང་སྒྲུང་ཤིང་བརྐོས་པར་མའི་སྐོར། དེ་དང་ཆབས་ཅིག་འཇུ་མི་ཕམ་དང་གེ་སར་རིག་གནས་ཀྱི་སྐོར། ད་དུང་འཇུ་མི་ཕམ་དང་གླིང་གེ་སར་གྱི་གསོལ་མཆོད་སྐོར་བཅས་པར་དཔྱད་གཏམ་བརྗོད་ཡོད་ཅིང་རང་ཉིད་ཀྱི་ལྟ་བ་མངོན་གསལ་དོད་པོ་བཏོན་འདུག །ལེའུ་བདུན་པ་སྟེ། གླིང་སྒྲུང་འཆད་གྱེར་རིག་གནས་ཀྱི་དབྱེ་བ་བརྗོད་པ་དང་། སྡེ་དགེའི་གླིང་སྒྲུང་འཆད་གྱེར་སྒྱུ་རྩལ་པ་སྒྲུང་པ་གྲགས་ཅན་དིལ་ཆུང་དཔལ་ཆེན། སྒྲུང་པ་གྲགས་ཅན་རྫོགས་ཆེན་པདྨ་ཡེ་ཤེས། སྒྲུང་པ་དང་ལྷ་བྲིས་གཅིག་ལྕོགས་དིལ་ཆུང་བུ་ཁེ། བློ་གསལ་ལག་བདེའི་སྒྲུང་པ་བསོད་རྒྱལ། དུས་རབས་གསར་པའི་སྒྲུང་པ་པདྨ་བཀྲ་ཤིས་བཅས་པ་སོ་སོར་ངོ་སྤྲོད་གསལ་པོ་བརྗོད་ཡོད། ད་དུང་སྒྲུང་པ་སྤྱི་དང་བྱེ་བྲག་ཏུ་འདོན་སྒྲུང་སྒྲུང་པ་སོགས་ཀྱི་ཐད་ནས་སྡེ་དགེའི་གེ་སར་རིག་གནས་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། འདི་ནི་གླིང་སྒྲུང་གི་སྒྲུང་པའི་ཞིབ་འཇུག་ཐད་རིགས་གཞུང་གི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། ཁོང་མོས་སྡེ་དགེ་ལྕང་ར་ཤང་གི་འདོན་སྒྲུང་སྒྲུང་པ་དིལ་ཆུང་དཔལ་ཆེན་དང་ཁོང་གི་སྲས་བུ་ཁེ། སྡེ་དགེ་རྫོགས་ཆེན་གྱི་འདོན་སྒྲུང་སྒྲུང་པ་པདྨ་ཡེ་ཤེས་དང་ཁོང་གི་སྲས་བསོད་རྒྱལ་སོགས་ལ་ཞིབ་འཇུག་གཏིང་ཟབ་གནང་ནས། རིགས་གཞུང་ལས་རིགས་ཀྱི་འདོན་སྒྲུང་སྒྲུང་པའི་སྐོར་གྱི་ཤེས་རྟོགས་དེ་བས་ཇེ་ཟབ་ཏུ་བཏང་ཡོད། མ་གཞི་དེ་སྔོན་རིག་གནས་པ་རྣམས་ཀྱིས་སྒྲུང་པའི་རིགས་དབྱེ་སྐབས་འདོན་སྒྲུང་ཡང་སྒྲུང་པའི་རིགས་ཁོངས་སུ་བཞག་ཡོད། འོན་ཀྱང་འདོན་སྒྲུང་པ་དཔེ་མཚོན་དུ་བྱས་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་དུས་ད་བར་གཏིང་ཟབ་པོ་དང་ཕྲ་ཞིབ་ཅིག་བྱུང་མེད། ཆོས་སྒྲོན་ལགས་ཀྱི་ལེགས་སྐྱེས་ཆེ་ཤོས་ནི་སྐད་གྲགས་ལྡན་པའི་འདོན་སྒྲུང་སྒྲུང་པ་དེ་གཉིས་ཀྱི་སྤྱི་ཚོགས་དང་། ཁྱིམ་ཚང་གི་གནས་ཚུལ། རྒྱུན་འཛིན་གོ་རིམ། དམངས་ཁྲོད་དུ་གླིང་སྒྲུང་འཆད་གྱེར་བྱས་པའི་ལོ་རྒྱུས། ཁོང་ཚོའི་འཆད་གྱེར་ཁྱད་ཆོས་སོགས་ལ་རེ་རེ་བཞིན་རྟོག་དཔྱོད་ཞིབ་འཇུག་ཞིབ་ཕྲ་གནང་འདུག །དེའི་རྐྱེན་གྱིས་མི་རྣམས་ཀྱིས་སྐད་གྲགས་ལྡན་པའི་སྒྲུང་པ་དེ་གཉིས་ལ་ཤེས་རྟོགས་སྔར་ལས་ལྷག་པ་བྱུང་བ་དང་ཆབས་ཅིག་འདོན་སྒྲུང་གིས་ལོ་རྒྱུས་སྙན་རྩོམ་རྒྱུན་འཛིན་དང་ལོ་རྒྱུས་སྙན་རྩོམ་ཚད་ལྡན་ཅན་དུ་འགྱུར་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་པའི་ངེས་ཤེས་དེ་བས་ཟབ་པ་བྱུང་ཡོད། ལེའུ་བརྒྱད་པ་སྟེ། ཁམས་སྡེ་དགེའི་ནང་བསྟན་དགོན་སྡེ་དང་གེ་སར་རིག་གནས་སྐོར། གླིང་སྒྲུང་ཉར་ཚགས་དང་ཞིབ་འཇུག་བཅས་ཀྱི་གྲུབ་འབྲས། གླིང་སྒྲུང་སྒྲོག་སྤེལ་གྱི་རྒྱུན་འཛིན་ལ་སོགས་ཀྱི་མདུན་སྐྱོད་ཀྱི་དམིགས་འབེན། ད་དུང་འབད་འབུངས་ལྷོད་མེད་ཀྱི་ལམ་དུ་བགྲོད་དགོས་པའི་དགེ་མཚན་ལེགས་པོ་བཏོན་ཡོད། གཞན་ཡང་གླིང་ཚང་གི་ཤིང་དཔར་མ་རྟ་རྒྱུག་ནོར་བུ་ཆ་བདུན་གྱི་གཏམ་དཔེའི་སྐོར་བརྗོད་ཡོད་ཅིང་། གཏམ་དཔེའི་ཐུན་མིན་གྱི་ཁྱད་ཆོས་རང་བཞིན། ཚན་རིག་རང་བཞིན། ས་གནས་དང་མི་རིགས་རང་བཞིན་བཅས་པ་ཞིབ་འཇུག་གི་བྱེད་ཐབས་གསར་པ་སྤྱད་ནས་དབྱེ་ཞིབ་བཏང་ཡོད། ད་དུང་སྡེ་དགེ་ས་གནས་ཀྱི་རིག་གཞུང་བགྲོ་གླེང་དང་།
རྗེས་དྲན་བྱ་འགུལ། སྲོལ་རྒྱུན་སྒྲུང་ཐང་སོགས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པར་མ་ཟད། ས་གནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་པའི་སྐོར་ལའང་ནུས་པ་ལེགས་པོ་ཐོན་ཡོད།
སྡེ་དགེའི་ཤིང་བརྐོས་པར་མ་སྟག་གཟིག་ནོར་རྫོང་།
གླེགས་བམ་འདིར་ཐུན་མིན་གྱི་ཁྱད་ཆོས་སམ་གྲུབ་འབྲས་གཙོ་བོ་འགའ་ཡོད་པ་གཤམ་དུ་བརྗོད་པར་བྱའོ། །
འཇམ་དབྱངས་ཆོས་སྒྲོན་གྱིས་སྡེ་དགེ་རྫོགས་ཆེན་དུ་སྒྲུང་པ་པདྨ་ཡེ་ཤེས་ལ་བཅར་འདྲི་ཞུ་བཞིན་པ།
གཅིག །གླིང་ཚང་རྒྱལ་པོའི་ལོ་རྒྱུས་དང་གེ་སར་འཁྲུངས་ཡུལ་གཉིས་ཞིབ་བསྡུར་བགྱིས་ནས་ཞིབ་འཇུག་གི་ཐབས་ལམ་གསར་པ་བཀོལ་ནས་གེ་སར་འཁྲུངས་ཡུལ་གང་ཡིན་ངོས་འཛིན་དང་གཏན་འཁེལ་བཅས་པར་བློ་དང་རིགས་པས་བསྒྲུབས་ཡོད།
སྨྱུག་འཛིན་པས་འཚོལ་སྡུད་བྱས་པའི་སྡེ་དགེའི་གླིང་སྒྲུང་བྲིས་མ་ཁག་ཅིག
གཉིས། སྡེ་དགེའི་པར་ཁང་དང་གེ་སར་གྱི་པར་བརྐོས། གེ་སར་གྱི་སྒྲུང་པ་དང་། གེ་སར་གྱི་ཤུལ་རྟེན། རྗེས་ཕྱོགས་ཀྱི་གེ་སར་འཛིན་སྐྱོང་སྤེལ་གསུམ་བཅས་པ་ཆ་ཚང་ཞིང་དོན་འདུས་པ། སྐུལ་འདེད་ཀྱི་ནུས་པ་འབུར་དུ་ཐོན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་གོ །
གསུམ། རྩོམ་པ་པོས་དཀའ་བ་བརྒྱ་ཕྲག་རྒྱབ་ཏུ་བསྐྱུར་ནས་ཐེངས་གང་མང་ལ་ལས་ཡུལ་དངོས་ལ་ཟབ་ཞུགས་བགྱིས་ནས་སྡེ་དགེ་ས་ཁུལ་གྱི་གེ་སར་རིག་གནས་ཁྱོན་ཡོངས་སུ་རྟོག་དཔྱོད་ཞིབ་འཇུག་གི་གྲུབ་འབྲས་གསར་པ་དང་ལྟ་བ་གསར་པ་ཡིན་པ་གདོན་མི་ཟའོ། །
བཞི། རྒྱལ་ཁབ་ཕྱི་ནང་ཀུན་གྱི་གེ་སར་རིག་གནས་ཞིབ་འཇུག་པ་དང་སློབ་སྦྱོང་པ་རྣམས་ལ་རྣམ་དག་གི་རྒྱུ་ཆ་དང་ཞིབ་འཇུག་གི་དཔྱད་འབྲས་གཡུར་དུ་ཟ་བ་འདོན་སྤྲོད་བགྱིས་ཡོད་པ་འདིར་ཡིད་རྟོན་དང་བློ་གཏོད་བྱ་ཆོག་པའི་ཁྱད་ཆོས་ཐུན་མིན་མཆིས་སོ། །
ལྔ། གླེགས་བམ་འདིའི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཐད་དུ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཏེ། བརྗོད་དོན་གསལ་ཞིང་བརྗོད་སྙིང་འབུར་དུ་ཐོན་པ། མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་སུས་ཀྱང་གོ་སླ་བའི་ཁྱད་ཆོས་ལྡན་ལ། རྗོད་ཚིག་ཀྱང་བརྡ་རྙིང་དང་མངོན་བརྗོད། ཚིག་རྒྱན་བཅས་ཀྱིས་མ་སྤྲས་པར་ཐད་ཀར་གོ་བདེ་བའི་ལམ་དུ་བརྗོད་ཡོད་པས་སུས་ཀྱང་དགའ་བསུ་ཐོབ་བཞིན་མཆིས།
དྲུག །རྩོམ་པ་པོ་ནི་སྡེ་དགེ་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པར་བརྟེན། རང་གི་ཕ་ཡུལ་གྱི་རིག་གནས་དང་ཁྱད་པར་དུ་གེ་སར་རིག་གནས་ལ་རྒྱུས་ལོན་ཟབ་མོ་ཡོད་པར་མ་ཟད། བརྩེ་བ་དང་དུངས་བའང་ཟབ་མོ་ཡོད་ཕྱིར་རྩོམ་གྱི་ཐིག་ཕྲེང་རེ་རེ་དང་ཚིག་ཀ་རེ་རེར་མ་བཅོས་སེམས་ཀྱི་འདུན་པ་དང་འཕེལ་རྒྱས་ཀྱི་སྨོན་པ་ངང་ངམ་ཤུགས་སུ་གསལ་པོར་རྟོགས་ཐུབ།
སྤྱིར་གླེགས་བམ་འདིའི་ཐོག་མཐའ་བར་གསུམ་དུ་གེ་སར་རིག་གནས་གཙོ་བོར་བཟུང་ནས་དཔྱད་བརྗོད་ཡིད་དུ་འོང་བ་བཏང་ཡོད་ཀྱང་། གནའ་མིའི་ངག་རྒྱུན་ལ་མི་སྐྱོན་མེད་འཇིག་རྟེན་ཁམས་ན་མེད་ཟེར་བ་ཇི་བཞིན། བརྒྱ་ཆའི་བརྒྱ་བདེན་དོན་རྐྱང་རྐྱང་རེད་ཅེས་པ་སུས་ཀྱང་འཆད་དཀའ་མོ་ཡིན་ཕྱིར། ད་དུང་མི་འདང་བ་དང་ཆད་ལུས་འགའ་རེ་ཡོད་པ་བསྙོན་དུ་མེད། འདི་འཇིག་རྟེན་གྱི་ཆོས་ཉིད་ཟློག་མེད་ཅིག་ཀྱང་ཡིན་ནོ། །དེས་ན་རྩོམ་པ་པོས་ད་རུང་ཞིབ་འཇུག་གཏིང་ཇེ་ཟབ་དང་རྒྱ་ཆེ་རུ་བཏང་ནས་ཇེ་བཟང་ཇེ་ལེགས་སུ་གཏོང་སླད་འབད་འབུངས་ལྷོད་མེད་བྱ་དགོས་པའི་འདུན་པ་དམ་པོ་མཆིས། ཞིབ་འཇུག་གི་གྲུབ་འབྲས་གསར་པའང་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བར་སྨོན་འདུན་ཞུ་བཞིན་མཆིས།
མདོར་ན། 《སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག》ཅེས་པ་ནི་རྩོམ་པ་པོས་བགྲང་བྱ་མི་ཉུང་བའི་རིང་ལ་གླིང་སྒྲུང་རིག་གནས་ལ་རྟོག་དཔྱོད་དང་ཞིབ་འཇུག་ནན་ཏན་བརྒྱུད་ནས་བཏོན་པའི་རིག་གཞུང་གི་ལྟ་ཚུལ་གསར་པ་དང་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཡིན་པའི་བརྩམས་ཆོས་ལེགས་པོ་ཞིག་དང་། སྡེ་དགེའི་གེ་སར་རིག་གནས་སྔར་ལས་ཤེས་རྟོགས་དང་རྒྱུན་འཛིན་བྱ་རྒྱུར་བློ་སྒོ་འབྱེད་ཐུབ་པའི་དཔྱད་གཞི་གལ་ཆེན་ཞིག་ཏུའང་གྱུར་འདུག །ད་དུང་སྡེ་དགེ་ས་ཁུལ་གྱི་གེ་སར་རིག་གནས་གྲུབ་ཚུལ་དང་ལོ་རྒྱུས་འཕེལ་རིམ་སྤྱི་ཁྱབ་ནས་བསྟན་པར་མ་ཟད། རྩ་ཆེའི་གཟུགས་འདས་རིག་གནས་ཤུལ་བཞག་འདིར་ངོས་འཛིན་དང་གཅེས་འཛིན་བྱ་རྒྱུར་ལྟ་ཕྱོགས་གསར་པ་དང་རིགས་ལམ་གསར་པ་ཞིག་ཀྱང་བསྟན་ཡོད་པས། འདིས་ཀྱང་ཕྱིས་སུ་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་མངོན་གསལ་ཐོན་ངེས་ཀྱི་ཡིད་ཆེས་ཡོད་པ་གདོན་མི་ཟའོ། །
འབྱམས་ཀླས་གོ་ལ་ཟླུམ་པོའི་ཡང་རྩེ་ན། །རིག་པར་བརྩོན་པའི་མཛངས་མ་མང་མོད་ཀྱང་། །གངས་ལྗོངས་རང་གི་སྐད་ཡིག་འབའ་ཞིག་ལས། །གླིང་སྒྲུང་རྒྱ་མཚོར་སྒྲོལ་མཁན་ཁྱེད་ལས་སུ། །