རྩྭ་ཐང་གིས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་བྱེད་ནུས་ཐེག་ཡོད་པ་དང་། སྐམ་སའི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། དེ་ནི“རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང”བཅས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། འབྲོག་པའི་ཐོན་སྐྱེད་འཚོ་བའི་རྟེན་གཞིའང་ཡིན། སྐྱེ་ཁམས་ཀྱི་བྱེད་ནུས་ཇེ་ཞན་དུ་ཕྱིན་ཚེ། ཐོན་སྐྱེད་དང་འཚོ་བའི་བྱེད་ནུས་ལའང་དེ་མཐུན་གྱི་ཤུགས་རྐྱེན་ཐེབས་སྲིད། རང་བྱུང་དང་མིས་བཟོས་རྒྱུ་རྐྱེན་སོགས་ཀྱི་དབང་གིས་ཞན་འགྱུར་གྱི་དུས་རིམ་ངེས་ཅན་ཞིག་དང་། རྩྭ་ཐང་གི་ལྡོག་ཕྱོགས་རིམ་བརྗེ་ཡིས་གནོད་ལྡན་སྐྱེ་དངོས་ཀྱི་སྐྱེ་འཕེལ་ལ་འོས་ཤིང་འཚམ་པའི་སྐྱེ་ཁམས་ཁོར་ཡུག་འདོན་སྤྲོད་བྱས་པ་རེད། གནོད་ལྡན་སྐྱེ་དངོས་ཀྱི་སྐྱེ་འཕེལ་དང་བྱུང་བས་ཡང་བསྐྱར་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་སྡུག་ཏུ་བཏང་བ་སྟེ། ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་གྲུབ་པ་རེད། དུས་མཚུངས་སུ། ཨ་བྲའི་རིགས་ཀྱི་རང་བྱུང་གཉེན་པོ་དང་ཕན་ལྡན་འབུ་སྲིན་ལ་འཚམ་པའི་སྐྱེ་ཁམས་ཁོར་ཡུག་གི་རྒྱ་ཁྱོན་ཇེ་ཆུང་དུ་སོང་ནས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་རང་བྱུང་སྙོམ་སྒྲིག་དང་ཚོད་འཛིན་གྱི་ནུས་པ་ཇེ་ཞན་དུ་གྱུར་བ་དང་བསྟུན་ནས། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་སྔར་ལས་ཚབས་ཆེན་དུ་གྱུར་ན། སྐྱེ་ཁམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པ་ཆེན་པོ་ཐེབས་སྲིད།
དང་པོ། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས།
གཅིག །འགོག་བཅོས་ཀྱི་རིགས་པ།
རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ནི་རྩྭ་ཐང་གི་སྐྱེ་ཁམས་ཇེ་ཞན་དུ་གྱུར་པའི་མཇུག་འབྲས་ཡིན། རྩྭ་ཐང་གི་ཨ་བྲའི་རིགས་ཀྱིས་རྩྭ་ཐང་སྐྱེ་ཁམས་མ་ལག་གི་གཟན་ཕྲེང་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་སྐབས། ཨ་བྲར་ཆེས་འཚམ་པའི་ཁོར་ཡུག་བྱུང་ཞིང་། དུས་མཚུངས་སུ་རང་བྱུང་གཉེན་པོའི་ཁ་གྲངས་ཇེ་ཉུང་དུ་སོང་བས། ཚད་བཀག་གི་ཤུགས་རྐྱེན་ཇེ་ཆུང་དུ་གྱུར་ནས་གནོད་ལྡན་ཨ་བྲའི་རིགས་ཀྱི་ཁ་གྲངས་མགྱོགས་མྱུར་ངང་གོང་དུ་འཕར་ནས་རྩྭ་ཐང་ལ་གནོད་པ་བཟོས་པ་རེད། གནོད་ལྡན་ཨ་བྲའི་འགོག་བཅོས་ལ་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཕན་ནུས་ལྡན་པར་ཁ་གྲངས་ཇེ་ཉུང་དུ་བཏང་ནས་གནོད་ལྡན་ཨ་བྲ་དཔལ་འབྱོར་གྱི་མཚམས་ཚད་མན་དུ་ཚོད་འཛིན་བྱས་ཏེ་མི་དང་ཕྱུགས་ཟོག །གཉེན་པོ་དང་ཁོར་ཡུག་བཅས་བདེ་ཐང་དང་བདེ་འཇགས་ཡིན་པ་དང་། སྐྱེ་ཁམས་མ་ལག་གི་འཁོར་སྐྱོད་བཟང་པོར་སྐུལ་འདེད་དང་། རྩྭ་ཐང་གི་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་བའི་དམིགས་ཡུལ་འགྲུབ་པར་བྱེད་པའི་བྱེད་ཐབས་ཤིག་ཡིན། ཡིན་ནའང་། གནོད་ལྡན་ཨ་བྲ་བྱུང་མ་ཐག་ཏུ་ངེས་པར་དུ་འགོག་བཅོས་བྱ་དགོས་པ་མ་ཡིན་པར། གནོད་ལྡན་ཨ་བྲ་གང་དེའི་ཚོགས་ཁྱུའི་ཁ་གྲངས་རྩྭ་ཐང་གི་སྐྱེ་ཁམས་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཐེག་ཚད་ལ་སླེབས་སྐབས། འགོག་བཅོས་ཀྱི་ལས་ཀ་སྤེལ་ན་ད་གཟོད་ཕན་ནུས་ལྡན་ཞིང་གོ་ཆོད་པ་ཡིན།
1. དཔལ་འབྱོར་གྱི་མཚམས་ཚད།
ཨ་བྲའི་གནོད་འཚེ་ལ་འགོག་བཅོས་བྱེད་པའི་དཔལ་འབྱོར་གྱི་མཚམས་ཚད་ནི། ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་པའི་འགྲོ་སོང་དང་ཨ་བྲས་བཟོས་པའི་གནོད་འཚེའི་གྱོང་གུད་དང་འདྲ་མཚུངས་ཡིན་པའི་ཨ་བྲའི་འདུས་ཚད་ལ་གོ །འདུས་ཚད་དེ་ལས་དམའ་ན། ཨ་བྲའི་རིགས་ཀྱི་འཚོ་སྡོད་དང་སྐྱེ་འཕེལ་གྱིས་རྩྭ་ཐང་ལ་གནོད་པ་བཟོས་པ་མངོན་གསལ་མིན་ཞིང་། མཚམས་ཐིག་དེ་དང་ཉེ་བའི་འདུས་ཚད་ཀྱི་འགོག་བཅོས་ལ་བཏང་བའི་གྲོང་སོང་ནི་ཨ་བྲས་བཟོས་པའི་གྱོང་གུད་དང་མཚུངས། འདུས་ཚད་དེ་ལས་བརྒལ་རྗེས་འགོག་བཅོས་ཀྱི་འགྲོ་སོང་གིས་དཔལ་འབྱོར་གྱི་ཕན་ཁེ་བསྐྲུན་ཐུབ། དེར་བརྟེན། དཔལ་འབྱོར་གྱི་མཚམས་ཚད་ནི་འགོག་བཅོས་ལ་ཕན་ཁེ་ཐོབ་པར་ཚད་གཞལ་པའི་འགྱུར་མཚམས་ཀྱི་སྟོན་གྲངས་དང་འགོག་བཅོས་ཀྱི་སྟོན་གྲངས་གཏན་འབེབས་བྱེད་པའི་གཞི་འཛིན་ས་ཡིན།
2. སྐྱེ་ཁམས་དཔལ་འབྱོར་གྱི་མཚམས་ཚད།
སྐྱེ་ཁམས་དཔལ་འབྱོར་གྱི་མཚམས་ཚད་ལ་ཁོར་ཡུག་གི་ཤོང་ཚད་ཀྱང་ཟེར། དེ་ནི་ས་ཁོངས་ག་གེ་མོའི་ནང་མིའི་རིགས་ཀྱི་འགུལ་སྐྱོད་ལ་ཤུགས་རྐྱེན་བཟོ་བའི་ཆེས་ཆེ་བའི་ཤོང་ཚད་ལ་གོ། རླུང་ཁམས་ཆེན་པོ་དང་ས་གཞི། སྲོག་ཆགས་དང་རྩི་ཤིང་སོགས་ལ་སྦགས་བཙོག་དངོས་པོ་ཐེག་པའི་ཆེས་མཐོ་བའི་ཚད་བཀག་ཡོད། སྐྱེ་ཁམས་མ་ལག་ལ་རང་ངོས་ཀྱི་སྙོམ་སྒྲིག་ནུས་པ་ལྡན་ནའང་ཁྱབ་ཁོངས་ངེས་ཅན་དང་ཆ་རྐྱེན་ངེས་ཅན་འོག་ད་གཟོད་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས། གལ་སྲིད་ཚད་ལས་བརྒལ་བའི་གཏོར་བརླག་ཐེབས་ནས་སྐྱེ་ཁམས་མ་ལག་རང་ངོས་ཀྱི་སྙོམ་སྒྲིག་ནུས་པ་ལས་བརྒལ་ཚེ། སྐྱེ་ཁམས་དོ་སྙོམས་ལ་གཏོར་བརླག་ཐེབས་སྲིད། འགྱུར་མཚམས་དེ་ལ་སྐྱེ་ཁམས་མཚམས་ཚད་ཟེར།
3. འགོག་བཅོས་ཀྱི་སྟོན་གྲངས།
འགོག་བཅོས་ཀྱི་སྟོན་གྲངས་གཏན་འབེབས་བྱེད་པར་ཨ་བྲས་བཟོས་པའི་གནོད་འཚེ་དང་ཐོན་ཚད་ཀྱི་གྱོང་གུད་བར་གྱི་འབྲེལ་བ་དང་། འགོག་བཅོས་ཀྱི་འགྲོ་སོང་བཅས་ལ་བསམ་བློ་གཏང་དགོས་པར་མ་ཟད། ད་དུང་ཨ་བྲའི་གནོད་འཚེ་འགོག་བཅོས་དང་དཔལ་འབྱོར་ཕན་ཁེ། སྐྱེ་ཁམས་ཕན་ཁེ། སྤྱི་ཚོགས་ཕན་ཁེ་བཅས་ཀྱི་འབྲེལ་བའང་སྙོམ་སྒྲིག་བྱེད་ཐུབ་དགོས་སོ། །