མོ་རོ་ཁོ་རྒྱལ་པོའི་རྒྱལ་ཁབ་སྟེ་བསྡུས་མིང་ལ་མོ་རོ་ཁོ་ཞེས་འབོད་པའི་ཧྥེ་གླིང་གི་རྒྱལ་ཁང་འདིའི་ནུབ་རྒྱུད་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་བར་བཅར་ཞིང་། ཤར་རྒྱུད་ཨར་ཅི་རི་ཡ་དང་མཚེ་མར་བཅར། ལྷོ་རྒྱུད་ས་ཧ་ལ་དང་འབྲེལ་ཞིང་། བྱང་རྒྱུད་ས་དབུས་རྒྱ་མཚོ་དང་འདབས་འབྲེལ་དུ་གནས་སོ། །མོ་རོ་ཁོ་རྒྱལ་ཁབ་ཀྱི་ས་དབྱིབས་རི་གཞོང་དང་མཐོ་སྒང་གིས་གཙོས་ཤིང་། ཐུའུ་པུ་ཁ་ལི་རི་བོ་ནི་རྒྱལ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་རི་བོ་ཡིན། དེའི་མཚོ་འཕགས་ལ་སྨི་4165ཡོད། མོ་རོ་ཁོ་རྒྱལ་ཁབ་ཀྱི་ནུབ་བྱང་ས་ཁུལ་ནི་ས་དབུས་རྒྱ་མཚོའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པས་དབྱར་ཁར་ཚ་བ་ཆེ་ཞིང་ཆར་ཆུ་ཉུང་། དགུན་ཁར་ཚ་གྲང་སྙོམས་ཤིང་ཆར་ཆུ་མོད། ཤར་ལྷོའི་རྒྱུད་ནི་ཚ་ཁུལ་བྱེ་ཐང་གནམ་གཤིས་སུ་གཏོགས་པས་ཚ་བ་ཆེ་ཞིང་ཆར་ཆུ་དཀོན།
འབྲེལ་ཡོད་དཔྱད་འབྲས་ལྟར་ན། མོ་རོ་ཁོ་རྒྱལ་ཁབ་ཏུ་ཆེས་ཐོག་མར་འཚོ་སྡོད་ཀྱི་མེ་ཁ་དང་པོ་གསོ་མཁན་ནི་བྷོར་བྷོར་མི་ཡིན་ཞིང་། སྤྱི་ལོ་དུས་རབས་བདུན་པར་ཨ་རབ་པ་གནས་འདིར་ཐོན་པ་དང་། དུས་རབས་བརྒྱད་པར་ཨ་རབ་ཀྱི་རྒྱལ་པོའི་རྒྱལ་ཁབ་དང་པོ་བསྐྲུན། སྤྱི་ལོ་1660ནས་ཨ་ར་ཝེ་རྒྱལ་རབས་བཙུགས་པ་ནས་ད་ལྟའི་བར་རྒྱུན་བསྐྱངས་པ་ཡིན་ནོ། །
མོ་རོ་ཁོ་རྒྱལ་ཁབ་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་ཚད་ཅུང་དམའ་བས་གཙོ་བོ་ལིན་སྐྱུར་ཚྭས་གཙོས་པའི་གཏེར་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་རྟེན་ལྟ་བུར་གྱུར་ཡོད། ལིན་སྐྱུར་ཚྭའི་ཐོན་ཚད་ཏུང་དུང་ཕྱུར་1100ལ་ཐོན་ཡོད་པ་དང་། འཛམ་གླིང་གི་སྤྱིའི་ཐོན་ཚད་ཀྱི་75%ཟིན་ཞིང་། ཕྱི་འཚོང་གི་ཚད་འཛམ་གླིང་གི་ཨང་དང་པོ་ཡིན། སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་ཏེ་ས་གདན་གྱི་སྤུས་ཀ་བཟང་ཞིང་བཟོ་བཀོད་མཛེས་པས་འཛམ་གླིང་ཡུལ་གྲུ་སོ་སོའི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཡོད། མོ་རོ་ཁོ་ནི་ས་གདན་ཐོན་སྐྱེད་ཀྱི་རྒྱལ་པོ་གཙོ་བོ་ཡིན་ཞིང་། སྲོལ་རྒྱུན་ས་གདན་གྱི་རྒྱུ་ཆ་གཙོ་བོ་བལ་ཡིན་པ་དང་། གཞན་སྲིན་སྐུད་དང་སྲིང་བལ། རྔ་མོང་གི་ཁུ་ལུ། ར་མའི་ཁུ་ལུ་སོགས་མཉམ་དུ་བསྲེས་ནས་བཏགས་པའང་ཡོད། ས་གདན་གྱི་སྟེང་དུ་རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་སྣ་ཚོགས་བཀོད་པའི་སྲོལ་ཡོད། གཞན་ཀོ་བཟོས་ཐོན་རྫས་དང་རྫ་སྣོད། བལ་བཏགས་གྱོན་ཆས་སོགས་ཀྱི་ལག་ཤེས་ཐོན་རྫས་ཀྱང་ཤིན་ཏུ་དར་ཆེ། ཞིང་ལས་ནི་མོ་རོ་ཁོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་མི་གྲངས་44%ཡིས་ཞིང་ལས་གཉེར་བཞིན་ཡོད། མོ་རོ་ཁོ་ནི་ཧྥེ་གླིང་གི་ཉ་ལས་ཆེས་དར་བའི་རྒྱལ་ཁབ་ཡིན་ཞིང་། ཧྲ་ཏིང་ཉའི་ཕྱི་འཚོང་གི་ཚད་ཀྱིས་འཛམ་གླིང་གི་ཨང་དང་པོ་ཟིན།
ངྷི་ཐུའུ་ཨན་ནི་ལོ་རྒྱུས་ཀྱི་མཚན་ཁ་མ་ཡལ་བའི་གནའ་མཁར་ཞིག་ཡིན་ཞིང་། མོ་རོ་ཁོའི་ནུབ་བྱང་རྒྱུད་དུ་ཡོད། སྤྱི་ལོ་དུས་རབས་དགུ་པར་གནས་དེར་ཨ་རབ་ཀྱི་མི་འཚོ་ཞིང་། དུས་རབས་བཅུ་བཞི་པར་མཱ་ལི་ཎི་དྷི་རྒྱལ་རབས་ཀྱིས་གནས་དེར་བཙན་རྫོང་བརྩིགས་ཤིང་རྗེས་མར་སི་ཕེན་གྱིས་རྨེག་མེད་དུ་བཏང་། སྤྱི་ལོ་1860ལོ་དང་1913ལོ་ལ་སི་ཕེན་གྱིས་ཐེངས་གཉིས་ལ་བཙན་བཟུང་བྱས་ཤིང་། སྤྱི་ལོ་1956ལོར་ཕྱིར་མོ་རོ་ཁོ་ལ་སྤྲད། ད་ལྟ་མཐོང་དུ་ཡོད་པའི་གནའ་མཁར་གྱི་རྗེས་ཤུལ་ལ་གྱང་ངོས་གསུམ་དང་མཁར་སྒོ་བདུན། ཨི་སི་ལིམ་ཆོས་ཁང་སོ་བདུན་བཅས་ཡོད་དོ། །
སྨེ་ཁི་ནེ་སི་ནི་མོ་རོ་ཁོ་རྒྱལ་ཁབ་ཀྱི་གནའ་བོའི་གོང་མའི་ཕོ་བྲང་གྲས་ཀྱི་གཅིག་ཡིན་ཞིང་། ཨི་སི་ལིམ་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཏུའང་བརྩི། འབྲེལ་ཡོད་དཔྱད་འབྲས་ལྟར་ན་ཕོ་བྲང་དེ་ནི་དུས་རབས་བཅུ་པར་བསྐྲུན་པ་དང་། དུས་རབས་བཅུ་གཅིག་པར་མོ་རཱ་བྷི་རྒྱལ་རབས་ཀྱི་བཙན་རྫོང་དུ་གྱུར་ཞིང་། རིམ་བཞིན་གཞི་ཁྱོན་ཆེ་བའི་གྲོང་ཁྱེར་ཆགས། སྤྱི་ལོ་1673ལ་མོ་རོ་ཁོའི་རྒྱལ་སར་གཏན་འཁེལ་བྱས། སྨེ་ཁི་ནེ་སི་གྲོང་ཁྱེར་དུ་གནའ་བོའི་རོམ་དུས་སྐབས་ཀྱི་རིག་དངོས་དང་དུས་རབས་བར་མའི་ཨི་སི་ལིམ་ཆོས་ཁང་། ཨི་སི་ལིམ་ཆོས་ལུགས་ཀྱི་སློབ་གྲྭ་སོགས་ད་ལྟ་ད་དུང་མཐོང་ཡུལ་དུ་མངོན་ཐུབ།
ཨ་ཀ་བྷི་ཨེར་ནི་འཛམ་གླིང་ན་མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་ཏུ་ངོས་འཛིན་ཞིང་མོ་རོ་ཁོའི་ལྷོ་ནུབ་རྒྱུད་ཀྱི་མཚོ་འགྲམ་གྱི་གྲོང་ཁྱེར་ཞིག་ཡིན། 1960ལོར་ས་འགུལ་ཐེབས་ཤིང་། ལོ་ངོ་ཉི་ཤུ་ལྷག་གི་སླར་གསོའི་གོ་རིམ་བརྒྱུད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་མང་པོའི་བཟོ་བཀོད་སྒྱུ་རྩལ་གྱི་ཡོན་ཏན་འདུས་པའི་གྲོང་ཁྱེར་གསར་པར་ཆགས། གྲོང་ཁྱེར་གྱི་བཀོད་པ་ལེགས་ཤིང་ཁོར་ཡུག་མཛེས་ལ། སྲང་ལམ་གྱི་ཞེང་ཡངས་ཤིང་ལམ་འགྲམ་དུ་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་བསྟར་ཡོད། དུས་བཞིར་ཁྱད་མེད་པར་མེ་ཏོག་ལྷུག་པོར་བཞད་པ་དང་། མཚོ་ངོགས་སུ་བསིལ་རླུང་འཇམ་པས་ཕྱོགས་བཞིའི་མགྲོན་པོ་གནས་འདིར་ཕེབས་ནས་སོས་དལ་ངང་ཁམས་གསོ་བཞིན་གདའ།
ཏན་ཅེ་ཨེར་ནི་མོ་རོ་ཁོའི་མིང་དུ་གྲགས་པའི་གནའ་གྲོང་ཞིག་ཡིན་པར་མ་ཟད། ཡུལ་སྐོར་ཁམས་གསོའི་གནས་མཆོག་ཅིག་ཀྱང་ཡིན། ཏན་ཅེ་ཨེར་གནའ་གྲོང་ནི་མོ་རོ་ཁོའི་བྱང་རྒྱུད་ཀྱི་ལྗི་བྷོར་ལོ་ཋ་མཚོ་འགག་ཏུ་མཆིས། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་ཧྥེ་ཎི་ཧྲི་མིས་གསར་དུ་བསྐྲུན་པར་བཞེད། གནའ་གྲོང་འདི་མཚོ་ངོགས་ཀྱི་སྟོད་རྒྱུད་དུ་གནས་པས་རང་བྱུང་ཁོར་ཡུག་གི་བཀོད་པ་ལྷུན་ཆགས་ཤིང་ཚ་གྲང་སྙོམས། མཁར་རྙིང་དག་ནི་ཨ་རབ་ཀྱི་བཟོ་བཀོད་ལུགས་ཀྱི་རྣམ་པར་མངོན་ཞིང་། གནའ་གྲོང་དུ་ཁཱ་སི་བྷ་མཁར་རྫོང་དང་སུའུ་ཏན་ཕོ་བྲང་སོགས་གནའ་ཤུལ་གྲགས་ཅན་མང་ངོ་། །
མཱ་ར་ཁེ་ཁི་ནི་མོ་རོ་ཁོའི་གནའ་གྲོང་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན། མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་ཅིག་ཀྱང་ཡིན། མཱ་ར་ཁེ་ཁི་ནི་མོ་རོ་ཁོའི་ལྷོ་ནུབ་རྒྱུད་དུ་ཡོད་པ་དང་། ལྷོ་ཡུལ་གྱི་མུ་ཏིག་རྡོག་གཅིག་ཅེས་པའི་མཚན་སྙན་ཡོད། ལོ་རྒྱུས་སྟེང་གནའ་གྲོང་འདི་ནི་ས་ཧ་ལ་བྱེ་ཐང་བརྒལ་བའི་ཚོང་ལམ་གྱི་འགྲིམ་འགྲུལ་ས་ཚིགས་གལ་ཆེན་ཞིག་ཡིན། གནའ་གྲོང་དེ་ནི་1062ལོ་བསྐྲུན་ཞིང་། ལོ་རྒྱུས་ཀྱི་གྲ་མ་ཉམས་པའི་ཐུའུ་བྷི་ཡ་ཨི་སི་ལམ་ཆོས་ཁང་དང་། གནའ་བོའི་བང་སོ། ཕོ་བྲང་སོགས་ཤུལ་བཞག་མང་པོ་ཡོད། ཨ་ཁི་ཏེར་སྐྱུ་རུའི་ཚལ་ལ་ལོ་ངོ་700ལྷག་གི་ལོ་རྒྱུས་ལྡན་ཞིང་། གཞན་ད་དུང་དུས་རབས་16པའི་ས་ཨ་དྷི་རྒྱལ་རབས་སྐབས་ཀྱི་པྲོག་དབྱིབས་བང་སོ་དང་། དུས་རབས་19པའི་བྷ་ཞི་ཡ་གོང་མའི་ཕོ་བྲང་། ཏཱ་ཞི་སེད་དབྱི་བྷི་དངོས་མང་བཤམས་སྟོན་ཁང་སོགས་རིག་གནས་ཤུལ་བཞག་མང་ངོ་། །
ཧྥེ་སི་ནི་མོ་རོ་ཁོའི་གནའ་གྲོང་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན། མོ་རོ་ཁོའི་བྱང་རྒྱུད་དུ་ཡོད་པ་དང་། མོ་རོ་ཁོའི་རྒྱལ་ཁོངས་སུ་ཆེས་ཐོག་མར་བསྐྲུན་པའི་ཨ་རབ་ཀྱི་གྲོང་ཁྱེར་ཡིན། གནའ་གྲོང་དེ་ནི་སྤྱི་ལོ་790ལོར་བསྐྲུན་པ་དང་། གྲོང་ཁྱེར་དུ་ཨི་སི་ལམ་གྱི་ཁྱད་ཆོས་མངོན་པར་གསལ་བའི་གནའ་བོའི་མཁར་རྫོང་དང་ཕོ་བྲང་སོགས་རིག་དངོས་ཤུལ་བཞག་མང་ཞིང་། ཧྥེ་གླིང་བྱང་མའི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་ཁཱ་ར་ཝེ་དབྱི་ཨི་སི་ལམ་ཆོས་ཁང་དང་དབྱི་དྷི་ལི་སི་སྐུ་ཕྲེང་གཉིས་པའི་བང་སོ་བཅས་ཡོད། གནའ་གྲོང་འདིའི་བཟོ་བཀོད་ལ་སྒྱུ་རྩལ་གྱི་མཛེས་པས་ཕྱུག་ཅིང་ལྗོན་ཤིང་གི་ལོ་འདབ་བསིལ་རླུང་དང་བསྡོངས་ནས་གཡོ་འགུལ་བྱེད། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་དང་མངར་བཅུད་འཛོམས་པའི་སིལ་སྡོང་མང་པས་ཀུན་གྱིས་ཁམས་གསོའི་གནས་མཆོག་ཅིག་ཏུ་ངོས་འཛིན་ནོ། །
མིང་དུ་གྲགས་པའི་ར་བྷ་ཐི་མཁར་གྲོང་ནི་མོ་རོ་ཁོའི་རྒྱལ་ས་ཡིན། གྲོང་ཁྱེར་འདི་མོ་རོ་ཁོའི་ནུབ་བྱང་རྒྱུད་དུ་གནས་ཤིང་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་བར་བཅར་བས། དུས་ཚིགས་བཞི་པོར་ཁྱད་མེད་དུ་བསིལ་གྲང་སྙོམས་ཤིང་ལྗོན་ཤིང་རྟག་ཏུ་སྔོ་ཐེང་ངེར་གནས། གནའ་བོའི་མཁར་གྲོང་འདི་ནི་དུས་རབས་བར་མའི་ཨ་རབ་ཀྱི་བཟོ་བཀོད་ལུགས་ལྟར་བསྐྲུན་ཞིང་ཕྱོགས་བཞིར་བརྟན་ཞིང་བརླིང་བའི་མཁར་གྱང་ཡོད་པ་དང་། སྲང་ལམ་གུ་དོག་ཅིང་ཀྱག་ཀྱོག་ལྡན། མནའ་མཁར་འདིར་ད་དུང་ཨ་རབ་ཀྱི་ལུགས་ལྟར་བཞེངས་པའི་ར་བྷོ་ཐི་ཕོ་བྲང་དང་གནའ་རྫས་བཤམས་སྟོན་ཁང་། མའོ་ལོ་གྷི་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་། གནའ་དཔྱད་བཤམས་སྟོན་ཁང་སོགས་ལོ་རྒྱུས་དང་འབྲེལ་བའི་བཤམས་སྟོན་ཁང་མང་པོ་མཆིས།
ཁཱ་ས་བྷོ་ལན་ཁཱ་ནི་མོ་རོ་ཁོའི་གཞི་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་ཡིན། སི་ཕེན་གྱི་སྐད་ལྟར་ན། ཁཱ་ས་བྷོ་ལན་ཁཱ་ཞེས་པ་ནི་ཁང་པ་དཀར་པོའི་དོན་དུ་འགྲེལ། གྲོང་ཁྱེར་འདིའི་ཁང་པ་ཚང་མའི་མདོག་དཀར་པོ་ཡིན་པས། འབྱམས་ཀླས་པའི་གནམ་མཁའ་དང་རྒྱ་མཚོའི་བར་དུ་མཐོ་དམའ་མི་སྙོམས་པའི་མུ་ཁྱུད་དཀར་པོའི་སྐྱ་ཐིག་འཐེན་པ་དང་ཀུན་ནས་འདྲ། ཧོ་ལའེ་ཝོད་གློག་བརྙན《ཁཱ་ས་བྷོ་ལན་ཁཱ།》ཞེས་པ་ཀུན་གྱི་མིག་གི་དཔལ་དུ་བསྟར་བ་ནས་བཟུང་གྲོང་ཁྱེར་འདིའི་མིང་དང་བཟོ་བཀོད་ཀྱི་མཛེས་པའང་འཛམ་གླིང་སྐྱེ་འགྲོ་མང་པོའི་སེམས་ཀྱི་ཡོལ་གོ་རུ་ལྷུང་། ཁཱ་ས་བྷོ་ལན་ཁཱ་ནི་མོ་རོ་ཁོ་རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེས་ཆེ་བའི་མཚོ་ཁའི་གྲོང་ཁྱེར་ཡིན་པ་དང་། གཞན་དཔལ་འབྱོར་གྱི་ལྟེ་གནས་དང་འགྲིམ་འགྲུལ་གྱི་འགག་རྩ་ཡིན་ཕྱིན། མོ་རོ་ཁོའི་གློ་བ་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་བག་མ་ཞེས་པའི་མཚན་སྙན་གསོལ་ཡོད་དོ། །