འདི་ནི་འཛམ་གླིང་གི་ལམ་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་ཏེ། ལོ་བདུན་ཅུའི་གོང་གི་1954ལོའི་ཟླ་12པའི་ཚེས་25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་པ་དང་། དེ་ནས་བཟུང་ལོ་ངོ་སྟོང་ཕྲག་རིང་བོད་ལྗོངས་སུ་འགྲོ་ན་དོས་ལམ་དང་། དཔྱང་ཟམ། ཁུར་མཁན། བརྡལ་པ་ལས་མེད་པའི་རྣམ་པ་བསྒྱུར། ལམ་གཉིས་ཀྱིས་གངས་ཅན་མཐོ་སྒང་དང་མེས་རྒྱལ་དམ་དུ་སྦྲེལ་བ་རེད།
1954ལོའི་ཟླ་12པའི་ཚེས་25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་མཉམ་དུ་ལྷ་སར་ཤར་གཏོང་ཐུབ་པ།
འདི་ནི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པའི་ལྷ་ལམ་སྟེ། ལམ་སྐྲུན་དཔུང་ཆེན་ཁྲི་10ལྷག་གིས་དཀའ་སྤྱད་འབད་འབུངས་ཀྱིས་གཡང་གཟར་བྲག་རི་དང་ས་མཐོ་འཁྱགས་རོམ་ཐོག་སྤྱི་ལེ་4360ཡོད་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པ་དང་།དཔའ་ངར་ལྡན་པའི་ལམ་སྐྲུན་མཁན་3000ལྷག་གིས་རང་སྲོག་བློས་བཏང་ཡོད། མི་རབས་ནས་མི་རབས་བར་གྱི་འཛུགས་སྐྲུན་པ་དང་གསོ་སྐྱོང་བྱེད་མཁན་གྱིས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས། མཐོ་སྒང་གི་ལྷ་ལམ་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱས་ཡོད།
འདི་ནི་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བདེ་སྐྱིད་ལམ་ཆེན་ཞིག་སྟེེ། ལོ་70རིང་ཏང་གི་འགོ་ཁྲིད་འོག །རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོར་བརྟེན་ནས། བློ་སེམས་གཅིག་མཐུན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ནང་། ལོ་ངོ་སྟོང་ཕྲག་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་། རྒྱལ་ཡོངས་དང་མཉམ་དུ་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
འདི་ནི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བའི་མཛད་རྗེས་རྡོ་རིང་སྟེ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ནང་། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པར་བློ་བརྟན་འགྱུར་མེད་ངང་ཕངས་པ་མེད་པར་འབད་འཐབ་བྱེད་པ་དང་། དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ་གྱི་ལམ་གཉིས་སྙིང་སྟོབས་ཆགས་པ་དང་དར་སྤེལ་བཏང་ཡོད། ལམ་གཉིས་སྙིང་སྟོབས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་ཞིག་ཀྱང་ཡིན།
2014ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཏེ་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། གནས་བབ་གསར་པའི་འོག་ལམ་གཉིས་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་གཏོང་འགན་ལེན་བྱས་ཏེ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ལྗོངས་དཔལ་ཡོན་གྱི་ལམ་བུ། བོད་ལྗོངས་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་འགྱུར་འཇུག་དགོས་ཞེས་གསུངས།
དཀར་མཛེས་མཁར་གྲོང་། ལིའུ་པིང་ཁོས་པར་བླངས།
ལམ་གཉིས་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་བྱ་རྒྱུར་སྐུལ་མ་ཐེབས་ནས། ངོ་མཚར་གཅིག་རྗེས་གཉིས་མཐུད་ངང་གཏོད་བཞིན་ཡོད། དུས་རབས་གསར་པ་དང་བགྲོད་ལམ་གསར་པར་ས་མཐོའི་སྟེང་གི་བདེ་སྐྱིད་ལམ་ཆེན་རྒྱ་ཇེ་ཆེ་ནས་ཇེ་ཆེར་བཏང་ཡོད།
ཁྲོན་བོད་གཞུང་ལམ་318ཀྱི་ཉག་ཆུ་རྫོང་གི་ལམ་དུམ།
ཁྲོན་བོད་གཞུང་ལམ་གྱི་317ལམ་ཐིག་གི་ཁྲོ་ལའི་ལམ་དུམ།
གཡང་གཟར་དང་འོབས་དོང་ལ་ལམ་ཆེན་བསྐྲུན།
རྒྱལ་ལམ་214ཡི་བོད་ལྗོངས་སྨར་ཁམས་ཆུ་ཚན་ཁའི་ལམ་དུམ།
ང་ལས་དོན་ལ་ཞུགས་མ་ཐག་ཚང་མ་ས་ལམ་རེད། ཁྱོད་ཀྱིས་ལྟོས་དང་། ད་ལྟ་ཚང་མ་མྱུར་བགྲོད་གཞུང་ལམ་རེད། སྔོན་ཆད་སྦྲག་དངོས་ཧ་ཅང་ཉུང་།
ད་ལྟ་རླངས་འཁོར་གང་རེ་གང་རེ་འདུག་ཅེས་དུས་རབས་ཀྱི་མིག་དཔེ་འཆི་མེད་རྡོ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད། ཁོང་གིས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྒྱལ་ལམ་317ཐོག་ལོ་30ལྷག་བསྐྱོད་དེ། ལམ་བར་གྱི་རླངས་འཁོར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྐྱེལ་འདྲེན་དངོས་རྫས་ཀྱང་ཐོག་མའི་ཚགས་པར་དང་དུས་དེབ་ནས། འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས། ཞིང་ལས་ཐོན་རྫས་སྣ་ཚོགས་ཡོད་པ་དཔང་པོ་བྱས་ཡོད།
ད་ལྟའི་ས་མཐོའི་འགྲོ་ལམ་ནི་ང་ཆུང་དུས་བསམ་ཡུལ་ལས་འདས་པ་ཡིན་ལ། ལམ་ངོས་ཁོད་སྙོམས་པ་དང་ལམ་གཞི་གཞུང་དྲང་ཡིན་པས། ལྗིད་ཐེག་རླངས་འཁོར་ནང་དངོས་ཟོག་གང་བླུགས་ཀྱང་བརྟན་པོའི་ངང་གཞུང་ལམ་ཐོག་མྱུར་གྱིས་སྐྱོད་ཐུབ། ལོ་40ཡི་གོང་དཀར་མཛེས་ནས་ལམ་ལ་ཆས་ཏེ་ཉིན་4ལ་ཡམ་ཡོམ་ངང་ཁྲེང་ཏུའུ་རུ་འགྲོ་དགོས་པ་དེ་ད་ཆ་ཆུ་ཚོད་10ལས་དགོས་ཀྱི་མེད་ཅེས་དཀར་མཛེས་རྫོང་ཨུའི་དྲིལ་བསྒྲགས་པུའི་ལས་བྱེད་པས་དཀར་མཛེས་རྫོང་དང་ཁྲེང་ཏུའུ་དབར་གྱི་འགྲོ་ལམ་འགྱུར་ལྡོག་གི་དཔང་པོ་བྱས་པས་མྱོང་ཚོར་ཟབ་མོ་བྱུང་།
ཧྲུའུ་ཏའོ་ཚོགས་པའི་གཡག་དར་(ལུའུ་ཧྲི་ཀུང་སི)ཏང་ཨུའི་ཨུ་ཡོན། སྤྱི་གཉེར་གཞོན་པ་ལི་ཧྲི་ཅ་ཡིས་སེམས་འགུལ་ཐེབས་པའི་ངང་གཡག་དར་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་གཡག་རྔ་ནས་དར་རྩེ་མདོ་བར་གྱི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་པ་དང་། དེ་སྔའི་ཆུ་ཚོད་4ནས་ཆུ་ཚོད་2བར་ཐུང་དུ་ཕྱིན་པ་དེས། ང་ཚོའི་ཕྱིར་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་དང་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པ་དང་། ཡུལ་སྐོར་ལྟ་སྐོར་བྱེད་པའམ་ཡང་ན་ཚོང་དོན་ཕྱིར་སྐྱོད་གང་ཞིག་ཡིན་རུང་ཚང་མ་དེ་བས་ལས་ཕྱོད་ཆེ་བ་དང་སྐྱིད་སྣང་དོད་པ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
འདི་དག་ནི་ཁྲོན་བོད་ལམ་རྒྱུད་ཀྱི་འཛུགས་སྐྲུན་པ་དང་ལས་དོན་འཚོ་བ་སྐྱེལ་མཁན་ཚོའི་མྱོང་ཚོར་གྱི་བསྡུས་རིས་ཙམ་ཞིག་ཡིན་པ་དང་དེའི་རྒྱབ་ཏུ་ཀྲུང་གོའི་འགྲོ་ལམ་འཛུགས་སྐྲུན་གྱི་ངོ་མཚར་ཡོད།
ལོ་ངོ་70་ཡི་རིང་། ལམ་གཉིས་ལམ་རྒྱུད་དུ་བཀག་འགོག་མེད་པ་དང་འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པས་མི་རྣམས་འགྲོ་འདོད་པའི་ས་ཆ་གང་ལ་ཡང་འགྲོ་ཐུབ་ཀྱི་ཡོད།
གཡག་དར་མྱུར་བགྲོད་གཞུང་ལམ་གྱི་ཏུའེ་ཡན་འགག་རྩ།
སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་9800ལས་བརྒལ་ཏེ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། སྔོན་དཔག་བྱས་ན་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་1.1བརྒལ་རྒྱུ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཐབ་ཇུས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁྱམས་རིང་དང་། ཁྲེང་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཁྱུ་ཚོགས་གཞི་རྩའི་ཆ་ནས་གྲུབ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ནུས་པ་མཐོར་འདེགས་ཆེན་པོ་ཐུབ་རྒྱུ་རེད།
འགག་ལམ་དོག་མོ་ལམ་ཆེན་དུ་བསྒྱུར། སི་ཁྲོན་དུ་ལམ་ཡོད་པ་ནས་ལམ་ཤར་གཏོང་བྱས་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་།
འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད།
ནོར་རྡོས་ངས་1984ལོར་རང་ཉིད་ཀྱིས་སྒེར་འཁོར་ཉོས་པ་དང་ད་ཆ་ངས་ད་དུང་ཞིང་པའི་སྤྲོ་སྐྱིད་ཁང་ལ་མ་དངུལ་བཏང་བས་གཉེན་ཉེ་དང་གྲོགས་པོ་ཚང་མ་རོགས་པ་བྱེད་པར་ཡོང་བཞིན་ཡོད་ཅེས་བཤད། ད་ལོ་ལོ་60ལ་སླེབས་པའི་ནོར་རྡོར་ནི་ཁྲོ་ལའི་རི་འདབས་སུ་གནས་པ་དང། སྡེ་དགེ་འཁོར་ལོ་མདོ་ཡུལ་ཤོག་ནས་ཡིན་པ་དང་རྒྱ་སྐད་རང་སྦྱོང་དང་། རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་རྩལ་སློབ་སྦྱོང་བྱས་ནས། ལོ་བཅུ་ཕྲག་ཁ་ཤས་རིང་G317བརྒྱུད་རླངས་འཁོར་གཏོང་བ་དང་འགྲུལ་པ་སྐྱེལ་འདྲེན་བྱས་པས། འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་ཁྲོ་ལའི་རི་འདབས་སུ་ཕྱུག་འགྱུར་བྱེད་སྔ་ཤོས་ཀྱི་མི་ཞིག་ཡིན་ལ། ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད། ནོར་རྡོར་གྱིས་ཏང་གི་སྲིད་ཇུས་བཟང་པས། ཁོ་ལ་གཞི་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུའི་གོ་སྐབས་བྱུང་ཞེས་བཤད།
ལོ་40ལ་སླེབས་པའི་ཏེང་ཞའོ་ཀང་གིས་རང་ཁྱིམ་གྱི་མི་སེར་གྱི་སྡོད་ཁང་ནང་ཉལ་ཆས་བཤིག་བཞིན་ཡོད་པ་དང་། མདང་དགོང་མགྲོན་པོ་བསྡད་མ་ཐག་ཡིན་པས། ཁོས་ཉལ་ཁྲིའི་ཐོག་གི་མཁོ་ཆས་བརྗེས་ནས་གཙང་འཁྲུད་དང་དུག་སེལ་བྱས་ཏེ། མགྲོན་པོ་ཉིན་ལྟར་སྡོད་ས་ཚང་མ་གཙང་མ་ཡིན་པར་འགན་ལེན་བྱེད་བཞིན་ཡོད། དམངས་སྲོལ་མགྲོན་ཁང་སྔ་ས་ནས་མངགས་ཉོ་བྱས་ཚར་བ་དང་། ཁོས་དམངས་སྲོལ་མགྲོན་ཁང་གཉེར་ནས་ལོ་གཉིས་སོང་བ་དང་ལོ་ལྟར་ཡོང་འབབ་སྒོར་ཁྲི་བཅུ་ལྷག་རག་གི་ཡོད། འབའ་ཐང་རྫོང་གནམ་མགོ་གྲོང་ཚོས་ཁྲོན་བོད་བར་གྱི་རྒྱལ་ལམ་318་རྒྱུད་དང་རང་བྱུང་ཆུ་ཚན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དམངས་སྲོལ་མགྲོན་ཁང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཏང་ཡོན་གྱི་སྣེ་ཁྲིད་འོག་གྲོང་ཚོ་དེ་ཡོངས་ཀྱི་དམངས་སྲོལ་མགྲོན་ཁང་དུད་ཚང་43་ཟིན་པ་དང་། དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་8ཡན་ཟིན་ཡོད།
ཁྲོན་བོད་ལམ་རྒྱུད་དུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་ཁྲོན་བོད་ལམ་ལ་བརྟེན་ནས་ཉིན་རེ་ལས་ཉིན་རེར་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད།
རྟའུ་རྫོང་གིས་ཞིང་ལས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ཞིང་ལས་དང་ཡུལ་སྐོར་མཉམ་འགུལ་བཅས་ཀྱི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་བསམ་ཕྱོགས་ལྟར། རྫོང་ཁོངས་ནང་གི་གཞུང་ལམ་གཙོ་བོའི་རྒྱུད་ཀྱི་གྲོང་ཚོར་སྤུས་ལེགས་གཉིས་དམའ་པད་ཁ་ཐོན་ལས་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་པ་དང་། པད་ཁའི་མེ་ཏོག་རྒྱ་མཚོའི་ལྟ་སྐོར་ཁུལ་མུའུ་ཁྲི་བཙུགས་ནས་ཡུལ་སྐོར་གསར་སྤེལ་བྱས། ཡུག་གཅིག་ཏུ་སྦྲེལ་བའི་པད་ཁའི་ཐོན་ལས་ཀྱིས་ཞིང་ལས་ཐོན་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
ལི་ཐང་རྫོང་གིས་རྩྭ་ཕྱུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆར་བརྟེན་ནས། ལི་ཐང་རྫོང་གི་འབྲི་གཡག་ཐོན་ལས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་བྱས་ཏེ། གཟན་རྩྭ་ཐོན་སྐྱེད་དང་། འབྲི་གཡག་རྒྱགས་གསོ། ལུག་གསོ་སྤེལ། ཕྱུགས་ཟོག་ཉོ་ཚོང་། ཐོན་རྫས་ལས་སྣོན། གློག་རྡུལ་ཚོང་དོན་ཟོག་འདྲེན། འབྲོག་འགྲུལ་མཉམ་འདྲེས་སོགས་མཉམ་འདྲེས་བྱས་ནས། འབྲོག་ཁུལ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་17གྱི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།
ལམ་གཉིས་སྙིང་སྟོབས་ལ་འོད་སྟོང་འཕྲོ།
ལམ་གཉིས་སྙིང་སྟོབས་ཇི་ལྟར་བྱས་ནས་མུ་མཐུད་དུ་རྒྱུན་འཛིན་བྱ་རྒྱུའི་སྐོར་གླེང་སྐབས། ལི་ཧྲི་ཅ་ཡིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གཡག་དར་མྱུར་བགྲོད་གཞུང་ལམ་ཀུང་སིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་བྱེད་རིང་།
ལག་རྩལ་གསར་གཏོད་དང་དོ་དམ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་། སྔོན་ཐོན་ལག་རྩལ་ནང་འདྲེན་དང་དོ་དམ་བརྒྱུད་རིམ་ལེགས་སུ་བཏང་ནས། རྣམ་གྲངས་ལག་བསྟར་གྱི་ལས་ཕྱོད་དང་ལས་གྲྭའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མྱུར་བགྲོད་གཞུང་ལམ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་དང་དམངས་སེམས་སྦྲེལ་བའི་ཟམ་པ་ལྟ་བུར་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཤར་བགྲོད་ཁོར་ཡུག་ལེགས་སུ་བཏང་ནས། འབད་པ་ལྷོད་མེད་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཕྱིར་སྐྱོད་སྟབས་བདེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
ཨ་མེས་དང་སྤོ་བོ། ཕ་མ་བཅས་ཚང་མ་དཀར་མཛེས་གཞུང་ལམ་ཡན་ལག་ཅུས་ཀྱི་ལམ་སྐྱོང་ལམ་སྲུང་ལས་བཟོ་ཡིན་པའི་ལམ་སྐྱོང་མི་རབས་གསུམ་པ་ཧྥུ་ཞང་ཆུང་གིས་ཕ་མའི་ལག་ནས་ལམ་སྐྱོང་ལམ་སྲུང་གི་རྒྱུག་མཐུད་དབྱུག་པ་བླངས་ཏེ། ཁྲོན་བོད་ལྕགས་ལམ་བདག་སྐྱོང་བྱས་ནས་ལོ་10སོང་བ་དང་ཁྲོན་བོད་ལམ་གྱི་བརྩེ་སེམས་རྒྱུན་འཛིན་བྱས་ཡོད།
ལྕགས་ཟམ་རྫོང་ལན་ཨན་ཡུལ་ཤོག་གིས་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས། ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས། ཇ་རྟའི་རིག་གནས། ཀུའེ་ཆུང་བོད་ཆའང་རིག་གནས་བཅས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་བཏོད་ཡོད།
དཔལ་ཡུལ་རྫོང་གིས་མཐོང་ཐུབ་པའི་དྲ་ཐོག་བརྙན་ལམ་ལྟ་ཞིབ་ཚད་ལེན་ས་ཚིགས་བཀོད་སྒྲིག་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་སྔོན་ཚུད་ཉེན་བརྡ་བཏང་བ་དང་། ཆུ་ཚོད་24རིང་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་པ་དང་གཞི་གྲངས་ཅན་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་ཡོད།
འབའ་ཐང་རྫོང་གིས་མ་དངུལ་སྒོར་ཁྲི་2716བཏང་ནས། སློབ་གསོའི་གླིང་ཁུལ་བསྐྲུན་ཏེ་སློབ་མ་4510ལ་ས་གནས་དེ་གའི་སློབ་ཁྲིད་ཀྱི་གཞོགས་འདེགས་ཡག་ཤོས་མཁོ་འདོན་བྱས་པ་དང་།
ཁྲོན་ཡུན་བོད་གསུམ་འབྲེལ་མཚམས་ཁུལ་གྱི་སློབ་གསོའི་མཐོ་ས་བཏོད་ཡོད།
ལི་ཐང་རྫོང་དུ་གནས་པའི་སྟག་སྟེང་ལྷ་རི་བདག་སྐྱོང་དོ་དམ་ས་ཚིགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འགྲིམ་འགྲུལ་གྱི་སྲོག་རྩ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ནས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000་ལྷག་ཡོད་པའི་གངས་ལྗོངས་ས་མཐོར་རྨང་རྡོ་བྱེད་བཞིན་ཡོད།
ཁྲོན་བོད་ལམ་རྒྱུད་ཀྱི་མི་རྣམས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་ལམ་གཉིས་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་པའི་ངོ་མཚར་ལེའུ་རེ་རེ་རྩོམ་བཞིན་ཡོད། །