ངས་སྤྱི་ཚོགས་ལས་འཚོལ་བརྒྱུད་ནས་སྡེ་དགེ་གཞུང་ལམ་ཡན་ལག་ཅུས་སུ་ལས་ཞུགས་བྱས། དང་ཐོག་གནས་འདིར་ཅི་ཡང་མེད། ཆུ་གློག་དཀོན་ཞིང་ཁོར་ཡུག་སྡུག་ལ། ས་བབ་མཐོ་བས་དགོང་མོ་གཉིད་ཁུག་དཀའ་ལ་མཚམས་རེར་ཁ་སྐོམ་དྲགས་ནས་གཉིད་ལས་སད་ཡོང་། ད་སྐབས་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། ང་ཚོས་རྒྱུན་དུ་པན་ཀྲང་ཀྲང་ཧྥུའུ་ལིན་གྱི་བང་སོའི་རྡོ་རིང་ཕྱི་བདར་གཏོང་གི་ཡོད། ཁོང་ནི་ང་ཚོའི་སློབ་སྦྱོང་གི་མིག་དཔེ་རེད། ང་ཚོས་གཙོ་བོ་རྒྱལ་ལམ་317ལམ་ཐིག་གི་གཞུང་ལམ་དང་ཕུག་ལམ་བདག་སྐྱོང་བྱེད་ཀྱི་ཡོད། ཅེས་ད་ལོ་ལོ་47ལ་སླེབས་པའི་ལུའོ་ཆི་ཡུང་ནི་སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱི་ལམ་སྐྱོང་པ་ཞིག་ཡིན་པ་དང་དེ་གར་ལས་བསྒྲུབ་གནང་ནས་ལོ་ངོ་20ལྷག་ཙམ་སོང་བའི་ཁོ་བོར་ས་མཐོའི་གངས་མ་ཆར་གྱི་ནམ་ཟླའི་ཉམས་སད་ཡུན་རིང་ཐེབས་ནས་མགོ་ཡི་སྐྲའང་དཀར་པོར་གྱུར་ཡོད། ལས་ཀ་དེ་གླེང་སྐབས་ཁོང་གིས་འདི་ནི་འགན་འཁྲི་ཡིན་ལ། རྒན་རབས་པའི་བསམ་པའི་སྐུལ་ལྕག་རེད་ཟེར། ཁོང་གི་ད་སོ་མར་ལས་ཞུགས་བྱས་པའི་ལས་གྲོགས་ཏེ་1997ལོར་སྐྱེས་པའི་བུ་མོ་ཆུང་ཆུང་ཚེ་དབང་ལྷ་མོས་ཀྱང་བཤད་པ་ངོ་མ་རེད་ཟེར། དེའང་དམག་ཤོག་བཅོ་བརྒྱད་པའི་ཁྲོན་བོད་གཞུང་ལམ་ཁྲོ་ལའི་དྲན་གསོ་ཁང་གི་སྒོ་ཁ་ནས་ལུའོ་ཆི་ཡུང་དང་ལས་གྲོགས་ཚོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
རྒྱུན་ལྡན་གྱི་ལམ་གསོའི་ལས་ཀ།
ཁྲོ་ལ་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ཁོངས་སུ་ཡོད་ལ། ཁྲོན་བོད་གཞུང་ལམ་བྱང་ལམ་གྱི་རྒྱལ་ལམ་317གྱི་འགག་མདོའི་ལམ་དུམ་ཞིག་ཡིན་པ་དང་། བོད་ལྗོངས་དང་ནང་ལོགས་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། 2017ལོར་དངོས་སུ་ཤར་གཏོང་ཐུབ་པའི་ཁྲོ་ལའི་ཕུག་ལམ་གྱི་རིང་ཚད་ལ་སྨི་7079ཡོད་པ་དང་། དོང་ཁའི་མཚོ་འཕགས་ལ་སྨི་4370ཡོད། དེ་ནི་འཛམ་གླིང་ཐོག་གི་མཚོ་འཕགས་སྨི་4300ཡན་ཟིན་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཕུག་ལམ་དང་པོ་དེ་རེད། ཕུག་ལམ་དེ་ཤར་གཏོང་ཐུབ་རྗེས་སྐར་མ་10ཙམ་གྱིས་ཁྲོ་ལར་བརྒལ་ཐུབ་པས་དེ་ནས་བཟུང་ཆུ་ཚོད་གཉིས་གསུམ་ཡུན་གྱི་རི་ལམ་དུ་བསྐྱོད་མི་དགོས།
སྡེ་དགེའི་གཞུང་ལམ་ཡན་ལག་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་བདུན་གཅིག་བརྗོད་དོན་གྱི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
ཁྲོ་ལའི་ཕུག་ལམ་གྱི་འགྲམ་དུ་ཁྲོན་བོད་གཞུང་ལམ་གྱི་དམག་ཤོག་བཅོ་བརྒྱད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་། སྔོན་གཤེགས་དཔའ་བོ་ཀྲང་ཧྥུའུ་ལིན་གྱི་དྲན་གསོ་ཁང་དང་། སྔོན་གཤེགས་དཔའ་བོ་ཀྲང་ཧྥུའུ་ལིན་གྱི་བང་སོ་ར་བ། སྔོན་གཤེགས་དཔའ་བོ་ཀྲང་ཧྥུའུ་ལིན་གྱི་བང་སོ་བཅས་འགྱིང་ངེར་གནས་ཤིང་། ད་དུང་དམག་ཤོག་བཅོ་བརྒྱད་པའི་དྲན་གསོའི་ཐང་ཆེན་དང་དེ་བཞིན་དྲན་གསོ་ཁང་དང་དམག་ཤོག་བཅོ་བརྒྱད་པའི་དཔའ་བོའི་དྲན་གསོའི་རྡོ་རིང་ཡང་བཞེངས་ཡོད་པས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མི་རྣམས་ཀྱིས་ལྟ་སྐོར་དང་སློབ་སྦྱོང་བྱེད་ཀྱི་ཡོད། གངས་ལྗོངས་མཁའ་ལམ་གྱི་ལོ་རྒྱུས་དང་དཔའ་བོའི་མཛད་རྗེས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་ཚང་མར་སེམས་འགུལ་ཐེབས་བཞིན་ཡོད།
ལག་རྩལ་དང་སྒྲིག་ཆས་གསར་པས་གཞུང་ལམ་གསོ་སྐྱོང་གི་སྤུས་ཀ་དང་ནུས་ཕྱོད་མཐོ་རུ་བཏང་།
བདག་སྐྱོང་ལས་སྒྲུབ་བྱེད་སྟངས་དེ་སྲོལ་རྒྱུན་ནས་དེང་རབས་བར་འཕོ་འགྱུར་བྱུང་།
ལོ་མང་པོའི་རིང་སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་ལམ་ཡག་པོ་སྐྱོང་བ་དང་གཞུང་ལམ་ཤར་གཏོང་འགན་ལེན་བྱེད་པའི་ཐོག་གཞུང་ལམ་བདག་སྐྱོང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་གྱི་བདག་སྐྱོང་དོ་དམ་བྱེད་སྟངས་དང་རྗེས་ལུས་ཀྱི་བདག་སྐྱོང་ལས་དོན་སྒྲུབ་སྟངས་ནས་རིམ་བཞིན་ཁྲོམ་ར་ཅན་དང་། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་གྱི་བདག་སྐྱོང་བྱེད་པའི་ཕྱོགས་སུ་བསྐྱོད་དེ་བདག་སྐྱོང་མི་སྣ་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣའི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། ཅེས་སྡེ་དགེ་གཞུང་ལམ་ཡན་ལག་ཅུས་གཞུང་ལམ་བདག་སྐྱོང་བཟོ་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་ལྷ་མོས་དེ་ལྟར་ངོ་སྤྲོད་བྱས་བྱུང་། སྡེ་དགེ་གཞུང་ལམ་ཡན་ལག་ཅུས་2008ལོར་བཙུགས་པ་དང་། དཀར་མཛེས་ཁུལ་གཞུང་ལམ་ཞབས་ཞུའི་ལྟེ་གནས་ཀྱི་མངགས་གཏོང་སྒྲིག་གཞིར་གཏོགས་ལ། ད་ལྟ་ལས་བྱེད་ལས་བཟོ་པ་61ཡོད་པ་དང་བདག་སྐྱོང་བྱེད་དགོས་པའི་གཞུང་ལམ་གྱི་རིང་ཚད་ལ་སྟོང་སྨི་270དང་ཕུག་ལམ་3ཡོད།
རྒྱུན་གཏན་གྱི་བདག་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། སྔོན་འགོག་རང་བཞིན་གྱི་བདག་སྐྱོང་དང་དེ་བཞིན་གཞི་རྒྱ་ཆེ་འབྲིང་གི་ཉམས་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གཞུང་ལམ་སྤྱོད་ཡུན་རིང་དུ་གཏོང་བ་དང་ཆབས་ཅིག་སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱིས་ད་དུང་ཆུ་རྒྱས་པའི་དུས་དང་དགུན་དུས་ཀྱི་འགྲོ་ལམ་ཤར་གཏོང་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། ཆུ་རྒྱས་པའི་དུས་སུ་འགྲོ་ལམ་སྐོར་ཞིབ་ལ་ཤུགས་བསྣན་ཏེ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། རྡོ་ཟགས་པ་སོགས་ཀྱི་རང་བྱུང་གནོད་འཚེ་ཧུར་ཐག་གིས་སེལ་རྒྱུ་དང་།
དགུན་དུས་གངས་སེལ་སྨན་གཏོར་དང་། གངས་ཞུ་རྫས། འདྲེད་འགོག་བྱེ་མ། ཁ་ཏ་སློབ་སྟོན་བཅས་དང་དེ་བཞིན་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་འདྲེད་འགོག་ལྕགས་ཐག་འདོགས་པ་སོགས་བྱས་ནས་གཞུང་ལམ་ཤར་གཏོང་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱས།
སྡེ་དགེ་རྫོང་གི་ལམ་དྲའི་སྒྲིག་གཞི་ཟམ་མི་ཆད་པར་ཇེ་ལེགས་སུ་ཕྱིན་པ་དང་། གཞུང་ལམ་གྱི་རིམ་པ་དང་ཤར་གཏོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱིས་ཡུལ་བབ་དང་བསྟུན་པ། ལས་རིགས་དོ་དམ་ཉིན་རེར་བཞིན་ཚད་ལྡན་དུ་ཕྱིན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གཞུང་ལམ་བདག་སྐྱོང་བྱ་གཞག་གི་སྔོན་ལ་སྒྲུབ་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་སོགས་དཀར་མཛེས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་བཏིང་བར་མ་ཟད། ཕུལ་བྱུང་གི་བདག་སྐྱོང་ལས་བཟོ་པ་མང་པོ་ཞིག་ཀྱང་ཐོན་ནས་བློ་མཐུན་ཁྲེན་ཏེ་ཧྭ་ཡིས་ཚབ་མཚོན་བྱས་པའི་གདོང་ལེན་མིག་དཔེ་ཆགས་ཡོད་པ་རེད།
རྒན་རབས་པ་མིག་དཔེར་བཟུང་ནས་གཞུང་ལམ་བདག་སྐྱོང་བྱ་གཞག་གི་སྲོལ་ལེགས་རྒྱུན་འཛིན་བྱས།
དམག་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོས་ཁྲོ་ལའི་དམག་ཆེན་རྒྱག་སྐབས་སྡོད་ས་མཚོ་འཕགས་སྨི་5000ཡིན་པ་དང་། ཉལ་ས་གཟར་ངོས་ཡིན་པ། དྲོ་གྲང་ཀླད་ཀོར་མན་གྱི་ཧྲེ་ཧྲི་ཏུའུ་30ཡིན་པ། ཆུ་ཁོལ་ཚད་ཧྲེ་ཧྲི་ཏུའུ་70སོགས་ཡིན་མོད། དམག་ཤོག་བཅོ་བརྒྱད་པའི་ངལ་རྩོལ་བྱེད་པའི་སྤྲོ་སེམས་རབ་ཏུ་འཁོལ་ཡོད་ལ། བློ་གྲོས་དང་སྟོབས་ཤུགས་ཀྱིས་རྣམ་པར་ཁེངས་ཡོད། མིག་དཔེའི་གུང་ཁྲན་ཏང་ཡོན་སྔོན་གཤེགས་དཔའ་བོ་ཀྲང་ཧྥུའུ་ལིན་ནི་དམག་ཤོག་བཅོ་བརྒྱད་པའི་ལམ་བཟོའི་དཔའ་བོའི་ཁྲོད་ཀྱི་མངོན་གསལ་དོད་པའི་དཔེ་མཚོན་ཞིག་ཡིན་ལ། ཁྲོན་བོད་གཞུང་ལམ་བསྐྲུན་ཆེད་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོའི་འཐུས་མི་སུམ་སྟོང་ལྷག་གི་ཁྲོད་ཀྱི་གཅིག་ཡིན་པ་དང་། སྤྱིར་བཏང་གི་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་ཀྱང་རེད། ཁྲེན་ཏེ་ཧྭ་དང་ལས་གྲོགས་ཚོས་ཀྲང་ཧྥུའུ་ལིང་གི་མཛད་རྗེས་མིག་དཔེར་བྱས་ནས་མུ་མཐུད་དཀའ་སྡུག་ལ་མི་སྐྲག་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ཡོད།
1988ལོར། ཁྲེན་ཏེ་ཧྭ་ཁྲོ་ལའི་ལམ་ལྔ་པའི་པན་ཀྲང་བཅུ་དྲུག་པར་གྱུར། ཁོང་ནི་བོད་རིགས་ཀྱི་པན་ཀྲང་དང་པོ་ཡང་རེད། ཁོང་གིས་འཛིན་གྲྭ་ཡོངས་ཀྱི་སྣེ་ཁྲིད་དེ་ཆ་སྙོམས་མཚོ་འཕགས་སྨི་5000ཟིན་པའི་གཞུང་ལམ་ཐོག་སྔ་འགྲོ་ཕྱི་ལོག་དང་དཀའ་སྤྱད་ངལ་རྩོལ་བྱས། ལྟོགས་དུས་ཁ་ཟས་གོར་སྐམ་དང་སྐོམ་དུས་ཁ་འཁྱགས་འགམ་ནས་ཉིན་ལྟར་ལམ་གྱི་སྟེང་གི་འགོག་རྐྱེན་སྣ་ཚོགས་སེལ་གྱི་ཡོད།
ཁྲེན་ཏེ་ཧྭ་ཡིས་གུང་ཁྲན་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་བཏོན་ནས་ས་མཐོའི་ལམ་རྨང་འདིང་མཁན་བྱེད་བཞིན་པའི་ཁྲོ་ལའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། འཛིན་གྲྭ་ལྔ་པའི་བཟོ་པ་རྣམས་ལ་མཐུན་སྒྲིལ་བྱས་ཏེ་སྤྱིར་བཏང་གི་མིའི་བློ་ཡུལ་ལས་འདས་པའི་དཀའ་ངལ་ཁྱད་བསད་བྱས་ཤིང་། འཚོ་གནས་ཁོར་ཡུག་ཧ་ཅང་ཞན་པ་དང་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀའི་ཆ་རྐྱེན་འོག་རི་རྩེའི་སྤྱི་ལེ་10ཡི་བདག་སྐྱོང་དང་སྤྱི་ལེ་16གི་གངས་སེལ་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་གྲུབ་བྱུང་ཡོད། ཁོང་གིས་ད་དུང་ལས་བཟོ་པ་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ་ཉེན་ཁ་ཆེ་བའི་ལམ་དུམ་སྒྱུར་བཀོད་དང་། གངས་འཁྱགས་སེལ་བ། འགྲོ་ལམ་གྱི་ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་སེལ་བ། འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་། ལྕགས་དབྱུག་ཤོར་བའི་རླངས་འཁོར་ལ་རོགས་སྐྱོབ་བཅས་བྱས་ནས་རླངས་འཁོར་བདེ་འཇགས་ངང་ཁྲོ་ལ་ནས་བརྒལ་ཐུབ་པར་འགན་ལེན་བྱས།
ཕུལ་བྱུང་གི་རྒན་རབས་པ་དག་མིག་དཔེར་བྱས་པས། སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱི་ལས་བཟོ་པ་ཚོས་གཞུང་ལམ་བདག་སྐྱོང་བྱ་གཞག་གི་སྲོལ་རྒྱུན་བཟང་པོ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ལམ་གཉིས་ཀྱི་སྙིང་སྟོབས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་ནང་བཅུག་སྟེ། ཆེད་དོན་འཆད་ཁྲིད་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཡུལ་དངོས་སུ་ལྟ་སྐོར་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་ཚོས་ལམ་གཉིས་ཀྱི་སྙིང་སྟོབས་གྲུབ་པའི་རྒྱབ་ལྗོངས་དང་། ནང་དོན་ཕུན་སུམ་ཚོགས་པ། དུས་རབས་ཀྱི་རིན་ཐང་བཅས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཡོད།
ད་ལོ་ནི་ལམ་གཉིས་ཤར་གཏོང་ཐུབ་ནས་ལོ་70འཁོར་བའི་ལོ་རེད། སྤྲོ་སེམས་འཁོལ་བའི་ངང་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། སྡེ་དགེ་གཞུང་ལམ་ཡན་ལག་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་དྲན་ཤེས་འཚོལ་ཆེད་དམག་ཤོག་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པར་ལམ་གཉིས་སྙིང་སྟོབས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཁོངས་གཏོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོན་ཉམས་དོད་པའི་མཚོན་ཐབས། ལམ་གཉིས་ཀྱི་མོས་སེམས་དང་ཁོངས་གཏོགས་ཀྱི་བསམ་པ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། རང་རྟོགས་ངང་ལམ་གཉིས་བསམ་བློ་དང་བྱ་སྤྱོད་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། །