འདི་ལྟ་བུའི་མི་ཚོ་གཅིག་ཡོད་དེ། ཁོང་ཚོ་མཐོ་སྒང་དུ་སྐྱེས་ཞིང་། གཞུང་ལམ་ཐོག་འཚར་ལོངས་བྱུང་བར་མ་ཟད། ཕ་མེས་དང་རྒན་རབས་པའི་ཕུགས་འདུན་རྒྱུན་འཛིན་བྱས་ནས། ལང་ཚོའི་སྒེག་ཉམས་གཞུང་ལམ་ལ་སྐྱེས་སུ་འབུལ་གྱི་ཡོད། ཁོང་ཚོས་གྲང་ངར་ཆེ་ཞིང་དབྱང་དབུགས་ཉུང་བའི་ཁོར་ཡུག་ཏུ་ལས་དོན་སྒྲུབ་ཅིང་། ཁ་ཆར་བུ་ཡུག་གདོང་གིས་བསུ་ཞོར་གཞུང་ལམ་གྱི་འཐབ་ར་དང་པོ་རུ་འབད་འཐབ་ཀྱིས་གཞུང་ལམ་སྲུང་སྐྱོང་བྱས་ནས། རླངས་འཁོར་ཤར་གཏོང་དང་བདེ་འཇགས་ཡོང་བར་འགན་སྲུང་བྱེད་ཀྱི་ཡོད། དེ་ལས་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་317ཐོག་གི་དཀར་མཛེས་རྫོང་གཞུང་ལམ་ཅུས་ཀྱི་ཧྥུ་ཞང་ཆུང་ནི་དེ་དག་ཁྲོད་ཀྱི་ཡ་གྱལ་ཞིག་ཡིན། མོས་ཕ་མ་ལས་གཞུང་ལམ་སྲུང་སྐྱོང་གི་ལས་དོན་རྒྱུན་འཛིན་བྱས་ཏེ། “ལམ་སྐྱོང་མི་རབས་གསུམ་པའི”བྱ་སྤྱོད་དངོས་ཀྱི་ཐོག་ནས“ལམ་གཉིས”ཀྱི་སྙིང་སྟོབས་ལག་ལེན་བསྟར་བཞིན་ཡོད།
དུས་ཆེན་གྱི་གཟབ་མཆོར།
ཆུང་ནས་ཁྲོན་བོད་གཞུང་ལམ་ཐོག་འཚོ་བ་སྐྱེལ།
“ང་ནི་གཞུང་ལམ་སྲུང་སྐྱོང་ལས་བཟོའི་བུ་རྒྱུད་ཡིན། སྐྱེ་ས་འཚར་ས་དཀར་མཛེས་ནས་ཡིན། དེས་མ་ཚད‘ལམ་སྐྱོང་མི་རབས་གསུམ་པ’ཞིག་ཀྱང་ཡིན། ངའི་སྤོ་བོ་གཉིས་དང་ཕ་མ་གཉིས་ཀ་དཀར་མཛེས་གཞུང་ལམ་ཡན་ལག་ཅུས་ཀྱི་གཞུང་ལམ་སྲུང་སྐྱོང་གི་ལས་བཟོ་པ་རེད་ལ། ང་ཚོའི་ཁྱིམ་ཚང་ནི་གཞུང་ལམ་སྲུང་སྐྱོང་གི་ཁྱིམ་རྒྱུད་ཅིག་ཡིན་ཞེས་བརྗོད་ཆོག”ཅེས་ཧྥུ་ཞང་ཆུང་གིས་ཐོག་མ་རང་ཉིད་ངོ་སྤྲོད་དེ་ལྟར་བྱས་བྱུང་། མོས་བཤད་དོན། མོ་རང་2014ལོར་ལས་ཞུགས་བྱས་ཤིང་། ད་ལྟའི་བར་བགྲང་བྱ་10འགོར་འདུག
ཧྥུ་ཞང་ཆུང་དང་ལས་གྲོགས་ཀྱི་རྒྱུན་ལྡན་ལས་ཀའི་ཡུལ་དངོས།
དང་ཐོག་ལས་དོན་དེ་བདམ་པའི་རྒྱུ་རྐྱེན་ནི། ཧྥུ་ཞང་ཆུང་མོ་རང་ཆུང་དུས་ནས་ཁྲོན་བོད་གཞུང་ལམ་ཐོག་འཚོ་བ་རོལ་ཞིང་། ཁྲོན་བོད་གཞུང་ལམ་ལ་དམིགས་བསལ་གྱི་བརྩེ་དུང་ཡོད་ཐོག །ཨ་ཕས་ཁྲིད་སྟོན་བྱས་པ་རེད། མོས་སློབ་ཆེན་དུ་བཟོ་རྩལ་ཟམ་པའི་ཆེད་ལས་ལ་སློབ་སྦྱོང་བྱས།
ཧྥུ་ཞང་ཆུང་དང་ལས་གྲོགས་ཀྱིས་ལམ་ཐིག་འཐེན་བྱེད་ཀྱི་རྒྱུ་ཆ་བཟོ་བཞིན་པ།
མོས་ཀྱང་དྲང་མོ་བཤད་དོན། སློབ་མཐར་ཕྱིན་རྗེས་གདམ་ཀ་དེ་བས་ཡག་པོ་འདུག་ཀྱང་། ཨ་ཕས་ཁྲོན་བོད་གཞུང་ལམ་གྱི་བརྩེ་སེམས་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཆེ་བ་དང་། མོ་རང་ལའང་ཁྱིམ་གྱིས་འཛིན་སྐྱོང་བྱས་པ་དེ་རྒྱུན་ཆད་མི་རུང་བའི་བསམ་བློ་འཁོར་བར་མ་ཟད། ཁྲོན་བོད་གཞུང་ལམ་གྱིས་བོད་མི་དམངས་ལ་བཟོས་པའི་ཕན་པ་དངོས་སུ་མཐོང་རྐྱེན། མོས་བསམ་བློ་ཞིབ་མོ་བཏང་རྗེས། ཁྱིམ་རྒྱུད་ཀྱི་རེ་བ་རྒྱུན་སྐྱོང་བྱ་རྒྱུ་བདམ་སྟེ། སློབ་མཐར་ཕྱིན་མ་ཐག་ཕྱིར་ཕ་ཡུལ་དུ་ལོག །ལས་གྲོགས་ཚང་མས་ཧྥུ་ཞང་ཆུང་གི་ལས་ཀའི་རྣམ་འགྱུར་ལ་ཚད་མཐོའི་གདེང་འཇོག་བྱེད་བཞིན་ཡོད་དེ། མོ་རང་ནི་གཟབ་བརླིང་དང་ནན་ཏན་ཡིན་པར་མ་ཟད། འབད་བརྩོན་ཤིན་ཏུ་ཆེ་བས། ན་གཞོན་ཚོའི་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཞིག་ཡིན་པར་འདོད།
ཧྥུ་ཞང་ཆུང་དང་ལས་གྲོགས་ཀྱིས་ལམ་ཐིག་འཐེན་བཞིན་པ།
སྔར་ལས་ལམ་རྒྱ་ཆེ་བའི་ཁྲོན་བོད་གཞུང་ལམ་གྱིས་མི་སེར་ཚོའི་འཚོ་བ་ཇེ་ལེགས་བཏང་།
“ཕ་མ་གཉིས་ལས་འཁྱུར་ངལ་གསོ་མ་བྱས་གོང་གི་ལས་ཀ་བྱ་ཡུལ་ལམ་གསོ་ས་ཚུགས་རེ་དྲུག་པ་ནི་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་གི་འབྲེལ་མཚམས་སུ་གནས་ཞིང་། དེ་རུ་མཚོ་འཕགས་མཐོ་ཞིང་འབྲོག་ཁུལ་ཡིན་པས། དཀར་མཛེས་རྫོང་སྨན་ཁང་དང་བར་ཐག་རིང་པོ་ཡོད། ཐེངས་ཤིག་ང་ལ་ཆམ་པ་ཕོག་ནས་ཚ་བ་བརྒྱབ་ཀྱང་གཟའ་འཁོར་འགའ་ལ་འགོར་ཞིང་། ཕ་མ་གཉིས་ལ་འཕྲུལ་རྟ་གཅིག་མ་གཏོགས་མེད་པར་མ་ཟད། སྣུམ་སྣོན་ས་ཚུགས་ཀྱང་བར་ཐག་རིང་བས། ང་རང་སྣུམ་འདྲེན་རླངས་འཁོར་གཏོང་བའི་ཨ་ཁུ་ཞིག་ལ་བཅོལ་ནས་རྫོང་མཁར་དུ་བསྐྱལ་བ་དང་། དེ་ནས་ཁྱིམ་དུ་ཁྲིད་རྗེས་སྨན་ཁང་དུ་ནད་བསྟེན་དུ་སོང་"ཅེས་ཟེར་བ་དང་། ལམ་ཐག་རིང་རྐྱེན། ཧྥུ་ཞང་ཆུང་ལོ་ན་ཆུང་དུས་གུང་གསེང་གཏོང་སྐབས་ད་གཟོད་ཕ་མ་སར་འགྲོ་བའི་གོ་སྐབས་ཡོད་པ་དང་། མོས་ད་ལྟའི་འགྲིམ་འགྲུལ་སྟབས་བདེ་དང་བདེ་འཇགས་འདི་འདྲ་ཡིན་ཚུལ་སྔོན་ཆད་བསམ་ཡུལ་ལས་འདས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མོས“སྔོན་ཆད་ཉིན་གཅིག་གཉིས་ལ་བསྟུད་མར་ཆར་པ་བབས་ན་ལམ་དེ་གར་དོང་ཁུང་མང་ནས་འགྲོ་བདེ་མོ་མེད། སྔོན་ཆད་ལམ་གསོ་ས་ཚུགས་སུ་ནད་ན་མཁན་ཡོད་ཚེ། རང་གིས་སྡུག་བསྲན་བྱེད་པ་ལས་རྫོང་མཁར་ལ་སོང་ན་ཉིན་གཉིས་འགོར་བཞིན་ཡོད”ཅེས་ཟེར།
ཧྥུ་ཞང་ཆུང་གིས་ཁྲོན་བོད་གཞུང་ལམ་དེ་ས་ལམ་ནས་རྫོང་བར་གྱི་ཨར་འདམ་ལམ། དེ་ནས་སྣུམ་ལམ་ནས་ད་ལྟའི་རྒྱལ་ལམ་བར་གྱི་འགྱུར་ལྡོག་དངོས་སུ་མཐོང་ཞིང་། ལམ་ཇེ་ལེགས་དང་ཇེ་ཡངས་ཕྱིན་ནས། བོད་འབྲེལ་ས་ཁུལ་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་དེ། སློབ་གྲྭར་འགྲོ་དཀའ་བ་དང་སྨན་པར་བསྟེན་དཀའ་བའི་གནད་དོན་ཚང་མ་འགྲིམ་འགྲུལ་འཕེལ་རྒྱས་ལ་བརྟེན་ནས་ཐག་གཅོད་གང་ལེགས་ཐུབ་ཡོད།
མོས་ཚོར་སྣང་ཟབ་མོས“སྔོན་མར་སྡོད་ཁང་ཚང་མ་རི་སྐེད་དམ་རི་འགོར་ཡོད་པ་དང་། གཞུང་ལམ་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད། ད་ལྟ་གྲོང་ཚོའི་གཞུང་ལམ་གཡས་གཡོན་གཉིས་སུ་སྡོད་ཁང་ཡིན་ལ། གཞུང་ལམ་འགྲམ་དུ་སྤོས་རྗེས་ཚོང་ཁང་ཆུང་ཆུང་དང་ཟ་ཁང་། རླངས་འཁོར་བཀྲུ་ས་བཙུགས་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་ཆེན་པོ་ཕྱིན་པ་དང་ཉིན་རེ་བཞིན་ཇེ་སྐྱིད་ཇེ་རྒྱས་འགྲོ་བཞིན་འདུག”ཅེས་ལབས།
གཞུང་ལམ་སྲུང་སྐྱོང་འཕྲུལ་ཆས་ཅན་དུ་ཕྱོགས་པ།
“ངའི་ཕ་མ་གཉིས་ཀྱིས་མི་ཚེ་གཅིག་ལ་ས་ལམ་སྲུང་སྐྱོང་བྱས་པ་དང་། མདོར་ན་ཉི་མ་རི་རྩེར་འཕྲོས་དུས་སྒོ་རུ་བུད་ནས་ཀ་ལས་བྱེད་པ་དང་ཉིན་གུང་ལས་ཡུལ་ནས་ཟ་མ་བཟའ་བ། དེ་ནས་ལས་ཀ་གྲོལ་རྗེས་ད་གཟོད་སྡོད་གནས་སུ་ལོག་བཞིན་ཡོད། ཕ་མ་གཉིས་ཀྱིས་ལམ་ལས་དུས་མི་ཤུགས་ཁོ་ནར་བརྟེན་དགོས་པ་དང་། ལས་ཀ་ལས་བྱེད་ཀྱི་འཕྲུལ་རྟ་ཤིན་ཏུ་ཉུང་ཞིང་།
ཚང་མ་ལྕགས་རྟའམ་རྐང་ཐང་ལ་བརྟེན་དགོས”ཅེས་ཟེར་ཞིང་། ཧྥུ་ཞང་ཆུང་གིས་ཀྱང་གཞུང་ལམ་སྲུང་སྐྱོང་ཆ་རྐྱེན་གྱི་འགྱུར་ལྡོག་དངོས་སུ་མཐོང་ཡོད། མོའི་ད་ལྟའི་ལས་ཀ་བྱེད་ཚུལ་ནི་འཕྲུལ་ཆས་ཐོག་མི་ཤུགས་སྣོན་པ་དང་། ཁ་ཆར་འབབ་པའི་གནམ་གཤིས་སོགས་དམིགས་བསལ་གྱི་གནས་ཚུལ་ཡོད་སྐབས། ལས་ཁུངས་ཀྱིས་འཕྲུལ་ཆས་མངགས་ནས་གཞུང་ལམ་སྲུང་སྐྱོང་པ་དང་མཉམ་དུ་ལམ་ལས་ཀྱི་ཡོད།
འཚོ་བ་དང་ལས་ཀའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང་། གཞུང་ལམ་སྲུང་སྐྱོང་ལས་དོན་ལ་སྔར་བཞིན་ཉི་འོད་དང་སད་སེར། དེ་བཞིན་སྔོན་དཔག་བྱེད་ཐབས་བྲལ་བའི་གནོད་འཚེའི་ཉེན་སེལ་ལ་ཁ་གཏད་འཇལ་བ་དང་དུས་ཐོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པས། ཧྥུ་ཞང་ཆུང་དང་ལས་རོགས་ཚོས་རྟག་ཏུ་ལས་སྣོན་བྱེད་དགོས་ཀྱང་འཁང་ར་སྤུ་ཙམ་ཡང་མེད། ཁོང་ཚོ་མི་རབས་གསུམ་གྱིས་གཞུང་ལམ་ལས་རིགས་སུ་ལས་ཀ་བྱས་ཤིང་། “ལམ་སྐྱོང་མི་རབས་གསུམ་པ”ཞིག་ཏུ་གྱུར་ནས། དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་པར་འདོད།
ཧྥུ་ཞང་ཆུང་གི་སེམས་ཁོང་དུ་རྒྱལ་ལམ་317ཐོག་ཏུ་བརྗོད་བྱ་མང་པོ་ཞིག་འདུས་ཡོད་དེ། ལམ་དེ་ནི་མོས་མཐོང་བའི་གཞུང་ལམ་འཕོ་འགྱུར་གྱི་ལོ་རྒྱུས་དང་མི་སེར་གྱི་འཚོ་བའི་འགྱུར་ལྡོག་གི་ལོ་རྒྱུས། ཀྲུང་གོ་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཡིན། མོས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་ཐུབ་པར་བསོད་ནམས་ཆེན་པོ་ཡིན། རང་གི་ལས་གནས་ཐོག་མི་དཀྱུས་མའི་འབད་འཐབ་ཀྱི་རྐང་རྗེས་འཇོག་དགོས་ཞེས་ཟེར། །