ལི་ཐང་རྫོང་ནོར་གནག་ཐོན་ལས་དེང་རབས་ཞིང་ལས་གླིང་ཁུལ་གྱི་ཟོག་རར་དྲོད་རྟག་རིག་ནུས་ཅན་གྱི་དོ་དམ་ཚོད་འཛིན་མངོན་འགྱུར་བྱུང་། དེ་གའི་ནོར་གནག་རེ་རེར་རིག་ནུས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། དེ་ནི་ནོར་གནག་གི་ཁ་སོ་དང་ལྗིད་ཚད། འབྲི་གཡག །རྗེས་སོའི་དོ་དམ། རིམས་ནད་སྔོན་འགོག །གསོ་སྤེལ། བཤས་གཏོང་སོགས་ཀྱི་ཆ་འཕྲིན་ཡོད་པས་ནོར་གནག་གི་ཐོབ་ཐང་ལག་འཁྱེར་དུ་གྱུར་ཡོད། འགོ་ཁུངས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་། གླིང་ཁུལ་གྱི་འགན་འཁུར་པ་ཀྲོའུ་པིན་གྱིས་བཤད་རྒྱུར། ཟོག་རར་བརྙན་ལམ་ལྟ་སྐུལ་སྒྲིག་ཆས་དང་ཁོར་ཡུག་ལྟ་ཞིབ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས། དྲོད་ཚད་དང་བརླན་ཚད། འོད་འཕྲོ། དབྱང་གཉིས་ཐཱན་རྫས། མུ་ཟི་ཆིང་འགྱུར། ཨན་རླངས་སོགས་ཀྱི་གྲངས་གཞིར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། གསོ་ཚགས་མི་སྣས་སྒྲིག་ཆས་ཀྱི་གྲངས་གཞི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱེད་ཐུབ། གསོ་ཚགས་ཆ་རྐྱེན་དེར་གླིང་ཁུལ་གྱི་ལས་བཟོ་པས་བསྟོད་པའི་མཐེ་བོང་བསྒྲེངས། ད་སྐབས་ནོར་གནག་གི་འཚོ་བའི་ཆ་རྐྱེན་ཡག་པོ་འདུག །
དེང་རབས་ཅན་གྱི་གསོ་ཚགས་ར་བ་ནས་གསོ་སྤེལ་བྱས་ན་གཟན་རྩྭ་ལ་སེམས་ཁྲལ་མེད། ད་དུང་འཕྲུལ་ཆས་བརྒྱུད་གསོ་ཆས་སྟེར་ཐུབ་པས་གཙང་མ་རེད། ཁ་བའི་གནོད་སྐྱོན་ཐེབས་པ་དང་གསོ་ཆས་མི་འདང་བར་སེམས་ཁྲལ་བྱ་མི་དགོས་ཞེས་བཤད།
ལི་ཐང་ནོར་གནག་ཐོན་ལས་གླིང་ཁུལ།
ལི་ཐང་རྫོང་ནི་ས་བབ་མཐོ་ལ་གནམ་གཤིས་དྲོད་ཚད་དམའ་བ། འོད་ཕོག་ཚད་དྲག །ལོ་རེའི་ཆ་སྙོམས་དྲོད་ཚད་3.0℃ཡིན་པ་དང་། རང་བྱུང་རྩྭ་སའི་ཐོན་ཁུངས་མུའུ་ཁྲི་1345ཡོད་པས། ནོར་གནག་གསོ་སྤེལ་གཙོར་བཟུང་བའི་དཔེ་མཚོན་གྱི་ས་མཐོའི་འབྲོག་ལས་རྫོང་ཞིག་ཡིན། ནོར་གནག་ཐོན་ལས་ནི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་གྱི་རྨང་གཞིའི་ཐོན་ལས་ཤིག་ཡིན། ལོ་ངོ་སྟོང་ཕྲག་རིང་གི་རྩྭ་ཆུར་བསྟུན་པའི་རུ་སྤོས་འཚོ་བ་ནི་ས་གནས་དེ་གའི་འབྲོག་པའི་མི་རབས་ནས་མི་རབས་བར་འཚོ་གནས་བྱེད་སྟངས་ཤིག་ཡིན། དབྱར་ལ་རྒྱགས་ཤིང་སྟོན་ཀར་ཤ་ཤེད་རྒྱས། དགུན་ལ་ཉམས་ཤིང་དཔྱིད་ཀར་འཆི་སླ་བ་ནི་ས་མཐོའི་འབྲོག་ལས་འཕེལ་རྒྱས་ཀྱི་མིག་སྔའི་གནས་བབ་རེད། ད་དུང་གསོ་སྤེལ་དུས་ཡུན་རིང་བ་དང་ཕན་འབྲས་ཐོན་འགོར་བ། ཉོ་ཚོང་དཀའ་བ། ཐོན་ལས་སྦྲེལ་ཐག་ཞན་པ་སོགས་འཕེལ་རྒྱས་ཀྱི་དཀའ་གནད་ཡོད། དེ་ཅི་ལྟར་ཐག་གཅོད་བྱ་དགོས་ཞེ་ན།
ཐོན་ལས་གླིང་ཁུལ་ལ་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ།
ཐག་གཅོད་བྱ་ཐབས། ལི་ཐང་རྫོང་གི་ནོར་གནག་ཐོན་ལས་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན་པ།
འཕེལ་རྒྱས་ཀྱི་དཀའ་ངལ་སེལ་ཆེད། 2020ལོ་ནས་བཟུང་ལི་ཐང་རྫོང་གིས་རགས་ལས་ནས་ལེགས་བསྡུས་ཞིབ་གཉེར་དང་ཁ་ཐོར་ནས་གཅིག་བསྡུས། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཕན་གྱི་ཚན་རིག་དང་མཐུན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས། ལི་ཐང་རྫོང་གི་ནོར་གནག་ཐོན་ལས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན། ཕྱུགས་རྩྭ་ཐོན་སྐྱེད་དང་ནོར་གནག་གསོ་སྤེལ། སྒོ་ཕྱུགས་ཉོ་ཚོང་། ཐོན་རྫས་ལས་སྣོན། དྲ་ལམ་ཚོང་འབྲེལ་དང་ཟོག་འགྲེམས་སོགས་མཉམ་འདྲེས་སྒོས་འབྲོག་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་།
ཐོན་ལས་གླིང་ཁུལ་གྱིི་ཟོག་རར་དྲོད་སྙོམས་བརླན་སྙོམས་གྱི་རིག་ནུས་ཅན་གྱི་དོ་དམ་བདག་སྐྱོང་མངོན་འགྱུར་བྱུང་བ།
ནོར་གནག་ཐོན་ལས་གླིང་ཁུལ་དེ་G318ལམ་རྒྱུད་དུ་གནས་པ་དང་མཚོ་འཕགས་སྨི་4100ཡིན། རྫོང་མཁར་དང་བར་ཐག་སྤྱི་ལེ་22ཡོད། རྩྭ་ཕྱུགས་ཐོན་ཁུངས་ཕུན་སུམ་ཚོགས་ལ་འགྲིམ་འགྲུལ་སྟབས་བདེ་བ། གླིང་ཁུལ་གྱི་སྤྱིའི་འཆར་འགོད་རྒྱ་ཁྱོན་ལ་མུའུ་ཁྲི་18ཡོད་པ་དང་། ལྟེ་བའི་ཁུལ་ཧོ་སྙིང་དང་། དཔོན་སྐོར། མཐོ་སྒང་བཅས་ཀྱི་ཡུལ་གྲོང་5ཡི་གྲོང་སྡེ་36ལ་ཁྱབ་པ་དང་། རྫོང་ཡོངས་ཀྱི་ཡུལ་གྲོང་17ལ་སྐུལ་ཁྲིད་བྱས། གླིང་ཁུལ་དེ“སེམས་གཅིག་དང་རྒྱུད་གཉིས། ཁུལ་བཞི”བཅས་ཀྱི་འཆར་འགོད་ལྟར་འཛུགས་སྐྲུན་བྱས་པ་དང་། དུས་རིམ་གསུམ་ལྟར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཡིན། མིག་སྔར་ནོར་གནག་གླིང་ཁུལ་ལ་མ་དངུལ་ཁྱོན་སྒོར་ཁྲི་9393བཏང་། ས་ཁྱོན་སྨི་གྲུ་བཞི་མ་ཁྲི་1.8ཅན་གྱི་གསོ་སྤེལ་ར་བ་དང་། སྨི་གྲུ་བཞི་མ་ཁྲི་126ཅན་གྱི་གཟན་རྩྭའི་མཛོད་ཁང་བསྐྲུན་ཡོད། གཞི་ཁྱོན་ལྡན་པའི་སྒོ་ནས་ནོར་གནག་ཁྲི་4.89གསོ་སྤེལ་བྱས་པ་དང་ཁྲི་1.33བཙོང་།
གླིང་ཁུལ་གྱིས་སྐྱེ་ཁམས་གསོ་སྤེལ་དང་ཐོན་ལས་དང་གྲོང་སྡེ་མཉམ་འདྲེས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྩི་སྲུང་བྱས་ཏེ། སེམས་གཅིག་དང་རྒྱུད་གཉིས། ཁུལ་བཞིའི་ཐོན་ལས་བར་སྟོང་བཀོད་སྒྲིག་ལྟར། རྩྭ་འདེབས་ཕྱུགས་གསོ་དང་ཚན་རྩལ་གསར་གཏོད། ལས་སྣོན། སྤུས་རྟགས་ཚོང་གཉེར། རིག་ནུས་ཞིང་ལས་བཅས་ལྷུ་ཚིགས་ཆེ་གྲས་ལྔ་ཁྲིད་སྟོན་དུ་བཟུང་སྟེ། གཅིག་བསྡུས་ཅན་དང་གཞི་ཁྱོན་ཅན། སྐྱེ་ཁམས་ཅན། ཕན་འབྲས་ཅན་བཅས་ཀྱི་གསོ་སྤེལ་རྩལ་ནུས་ཁྱབ་བདལ་གཏོང་བཞིན་ཡོད། ཀའོ་ཁྲེང་ཕུང་ཧྥེ་དང་བོད་ཡོན། ཡ་ཅེ། སྨི་ཆི་ཆི་སོགས་ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁེ་ལས་4ནང་འདྲེན་དང་གསོ་སྐྱོང་བྱས་པ་བརྒྱུད། རྩྭ་འདེབས་དང་གསོ་སྤེལ། བཤས་གཏོང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཁྱབ་གདལ་བཏང་སྟེ། ནོར་གནག་ཐོན་ལས་གླིང་ཁུལ་སྤུས་ལེགས་འཕེལ་རྒྱས་མངོན་འགྱུར་བྱུང་།
2023ལོའི་ཟླ་3པར་དཀར་མཛེས་ཁུལ་ནོར་གནག་སྤུས་ལེགས་ལས་སྣོན་ཐང་ཐང་ཞིབ་འཇུག་གསར་སྤེལ་ལྟེ་གནས་ལི་ཐང་རྫོང་དུ་བཙུགས། ལྟེ་གནས་ཀྱིས་ནོར་གནག་གི་ཐོན་རྫས་ལས་སྣོན་གསར་སྤེལ་དང་ནོར་གནག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་པར་གཞོལ་ནས། ལི་ཐང་ནོར་གནག་གི་ཐོན་ལས་སྦྲེལ་ཐག་ལེགས་འདོན་གྱིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལ་རྨང་གཞི་བརྟན་པོ་བཏིང་།
2021ལོར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་ཀྱིས་དཀར་མཛེས་ཁུལ་ལི་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཐང་ཐང་མཉམ་ལས་མཐུན་སྦྱོར་བྱས་ནས་ཐོན་ལས་གླིང་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནོར་གནག་གི་ཐོན་ལས་སྦྲེལ་ཐག་བཏོད། ཕྱུག་འགྱུར་གྱི་རྣམ་པ་གསར་པ་བཏོད། 2022ལོའི་སྐབས་གསུམ་པའི་གོ་ལ་ཧྲིལ་པོའི་དབུལ་འཕྲིའི་ཕུལ་བྱུང་གྱོད་དཔེ་རུ་བདམས།
ཕན་འབྲས། ཁེ་ལས་དང་མང་ཚོགས་གཉིས་ཕན་མངོན་འགྱུར་བྱུང་བ།
ལི་ཐང་རྫོང་གིས་ཁྲོམ་རའི་གཙོ་གཟུགས་དམ་འཛིན་བྱས་ཏེ། ས་མཐོའི་ལི་ཐང་ནོར་གནག་གི་ས་ཁོངས་ཀྱི་སྤུས་རྟགས་བཏོད། ལི་ཐང་ནོར་གནག་དང་ལི་ཐང་སྐམ་ཤ་སོགས་ས་གནས་ལེགས་བཀོད་ཚོང་རྟགས་4དང་སྐྱེ་ལྡན་བཟའ་བཅའ་2ལ་གདེང་འཇོག་གང་ལེགས་གནང་། ཀའོ་ཁྲེང་ཕུང་ཧྥེ་དང་ཡ་ཅིའི་ཚང་དབྱང་གི་བརྩེ་བ། སྨི་ཆི་ཆི་མཐོ་ས་མཐོ་བཅས་ཀྱི་ཚོང་རྟགས་3ཐོ་འགོད་བྱས། གླིང་ཁུལ་དུ་རྩྭ་འདེབས་དང་སྐྱེ་ཁམས་གསོ་སྤེལ། ཐོན་རྫས་ལས་སྣོན་བཅས་ས་གནས་ཀྱི་སྤུས་ཚད་རྩལ་ནུས་ཚད་གཞིའི་མ་ལག་བཟོས་ཡོད། ད་སྐབས་ལི་ཐང་རྫོང་གིས་སྐམ་ཤ་ཐོན་རྫས་དང་འབྲི་འོ་ཐོན་རྫས་སྣ་ཚོགས། ཁུལ་རྩིད་ལས་སྣོན་བྱས་ནས་ངེས་མཁོའི་ཐོན་རྫས་སྣ་ཚོགས་གསལ་སྤེལ་བྱས། དེ་དང་ཆབས་ཅིག་ད་དུང་ནོར་གནག་གི་ཀོ་བའི་ཐོན་རྫས་དང་ནོར་གནག་གི་རྭའི་རིག་གཏོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས། ལི་ཐང་གིས་ད་དུང་ས་གནས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་ནོར་གནག་གི་རིག་གཏོད་ཐོན་རྫས་མང་པོ་གསར་སྤེལ་བྱས་ཏེ། གྲངས་གཞིའི་ནུས་པ་གསར་གཏོད་སྒོས་ཁྱད་ལྡན་སྤུས་རྟགས་བཏོད་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དར་སྲོལ་གསར་པར་བསྒྱུར།
གླིང་ཁུལ་གྱིས“གླིང་གཅིག་ཁུལ་མང་དང་གསོ་སྤེལ་འཁོར་རྒྱུག །ཐོན་ལས་གསུམ་མཉམ་འདྲེས”བཅས་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཁེ་ལས་ལ་ཁེ་བཟང་རག་པ། ཐོན་རྫས་ལ་ཁྲོམ་ར་ཡོད་པ། སྤུས་ཚད་ལ་འགན་ལེན་ཐུབ་པ། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་མངོན་འགྱུར་བྱུང་།
འབྲོག་པ་རྒྱལ་ལོ་ཡིས་ད་སྐབས་ནོར་གནག་གསོ་སྤེལ་ཐོན་ལས་གླིང་དུ་ལས་གཉེར་བྱེད་ཀྱི་ཡོད། ཁོས་སྔོན་ཆད་ནོར་ལུག་འཚོ་བར་བརྟེན་པ་ཡིན་མོད། ཡོང་འབབ་བརྟན་འཇགས་མིན་ལ་དཀའ་ཚེགས་ཆེ་བ། བྱིས་པ་སློབ་གྲྭར་འགྲོ་དགོས་ལ་རྒན་རྒོན་ལའང་ལྟ་སྐྱོང་བྱེད་དགོས་པས་དཔལ་འབྱོར་གྱི་གནོན་ཤུགས་ཆེན་པོ་འདུག །ཉེ་བའི་བགྲང་བྱ་གཉིས་ཀྱི་རིང་ལ་འཚོ་བར་འགྱུར་ལྡོག་བྱུང་བས་ཡིད་སེམས་སྤྲོ་བས་ཁེངས་བཞིན་བཤད་རྒྱུར། ཕལ་ཆེར་ལོ་གཉིས་ཀྱི་སྔོན་ལ་ནོར་གནག་གསོ་སྤེལ་ཐོན་ལས་གླིང་བསྐྲུན་པས་ང་རང་འདི་གར་ལས་གཉེར་ལ་ཡོང་བ་ཡིན། ཐོན་ལས་གླིང་ལ་གླ་ཕོགས་མ་ལག་འཐུས་ཚང་ཞིག་ཡོད་པར་མ་ཟད། ཕན་བདེ་དང་ཁ་གསབ་ཀྱང་མང་པོ་འདུག །ད་སྐབས་ངའི་ཡོང་འབབ་སྔོན་ལས་མང་། ལས་ཀའི་དུས་ཚོད་དང་བཀོད་སྒྲིག་ལུགས་མཐུན་རེད། ཁྱིམ་མིར་འདུག་རོགས་བྱེད་པའི་དུས་ཚོད་ཇེ་མང་དུ་ཕྱིན། གཞན་གསོ་སྤེལ་ཤེས་བྱ་མང་པོ་སྦྱོང་ཐུབ་པས། ངའི་འཚོ་བར་རོགས་རམ་ཆེན་པོ་འདུག །ཐོན་ལས་གླིང་གིས་དཔལ་འབྱོར་ལ་ཕན་པ་བཟོས་པར་མ་ཟད་ང་ཚོར་ཕན་འབྲས་གཞན་མང་པོ་བཏོན། སྔོན་ཆད་རྨོ་འདེབས་དང་ཕྱུགས་ཟོག་འཚོ་རྒྱུ་དེ་ཚེ་གང་པོའི་དོན་དག་རེད་སྙམ། ད་སྐབས་ང་ཚོས་ཐོན་ལས་གླིང་དུ་ལས་ཀ་ལས་ནས་རྩལ་ནུས་པ་གསར་པ་སྦྱོང་ཐུབ་ལ་མཐོང་རྒྱ་བསྐྱེད་ཐུབ། ཐོན་ལས་གླིང་གིས་ང་ཚོའི་སྡེ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མི་མང་པོར་ལས་ཞུགས་ཀྱི་གོ་སྐབས་སྤྲད། སྡེ་པའི་འཚོ་བ་དང་སྡོད་ཁང་ཇེ་ལེགས་རེད། ཁྱིམ་ཚང་རེ་ལ་རླངས་འཁོར་ཡོད། འཚོ་བ་ཇེ་ལེགས་ཇེ་རྒྱས་སུ་ཕྱིན།
གླིང་ཁུལ་དུ་མཉམ་འབྲེལ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་བཙུགས་ནས། ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་ཁེ་ལས། ཐུན་མོང་འབྲོག་ར། འབྲོག་དུད་མཉམ་འབྲེལ་གྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྣམ་པ་ཆགས། གླིང་ཁུལ་འཛུགས་སྐྲུན་ལ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད། ཐུན་མོང་འབྲོག་རའི་འདེགས་སྐྱོར། འབྲོག་དུད་མཉམ་ཞུགས་ཀྱི་ཏང་འཛུགས་སྐྱོང་སྣེ་ཁྲིད་རྣམ་པ་མངོན་འགྱུར་བྱུང་། ཀྲི་པུའུ་ཐོན་ལས་ཐོག་འཛུགས་པ་དང་ཏང་ཡོན་ཐོན་ལས་ནང་ཞུགས་པ། འབྲོག་པ་ཐོན་ལས་བརྒྱུད་ཕྱུག་པོར་འགྱུར་བ་བཅས་ཀྱི་བྱེད་སྒོ་བརྒྱུད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་ཆེ་རུ་བཏང་། །