སྔོན་འགྲོ།
དེ་ནི་དབྱར་ཁ་ཞིག་ཡིན་དགོས་འདུག་སྟེ། བར་སྣང་སྟོང་བའི་དབྱིངས་སུ་འབྲུག་སྒྲ་འུར་འུར་དུ་སྒྲོག་བྱུང་། ཆར་བ་ཤག་ཤག་ཏུ་བབས་བྱུང་། ཏག་ཏག་སྐབས་དེར། ངས་རྩོམ་པ་པོ་ཞིག་གི་ཚབ་ལ་སྒྲུང་གཏམ་ཞིག་བརྩམ་དགོས་སྙམ་བྱུང་ལ། ང་ནི་སུ་ཞིག་ཡིན་པ་དང་། སྒྲུང་གཏམ་གྱི་བརྗོད་བྱ་རྟོགས་བཟོ་ལས་བྱུང་བ་ཡིན་མིན་ལ་བསམ་བློ་མི་གཏོང་བར་མཛོད། ངས་སྒྱུ་རྩལ་གྱི་རིན་ཐང་ཁོ་ནར་མ་གཏོགས་དང་དོད་མི་བྱེད།
གཅིག
བླ་མ་རང་བྱུང་གི་གཟིམ་ཤག་ཏུ་བླ་མ་རང་བྱུང་བཞུགས་འདུག་ཀྱང་། གཟིམ་ཤག་གི་ནང་རོལ་སྔར་ལྟར་འཇམ་ཅག་གེར་འདུག
གྲྭ་པ་བློ་བཟང་གཟིམ་ཤག་ཏུ་སླེབས་རྗེས། ཐོག་མར་ནམ་རྒྱུན་གྱི་འགྲོ་ལུགས་ལྟར་བླ་མའི་མདུན་དུ་སྤོས་ཤིག་བསྒྲོན་པ་དང་། དེ་ནས་མདུན་དུ་ག་ལེར་ས་ལ་བསྡད་བྱུང་།
བླ་མ་རང་བྱུང་གིས་ནམ་རྒྱུན་དང་མི་འདྲ་བར་ཞལ་ངོ་ནག་རོག་གེར་ཕྲེང་བ་འདྲེན་བཞིན་གདའ། གྲྭ་པ་བློ་བཟང་གིས་རེ་ལྟོས་ཆེན་པོ་དང་བཅས་ཁོང་གི་ཞལ་ལ་གཟིགས་འདུག་སྐབས། བླ་མས་ཕྲེང་བ་འདྲེན་མཚམས་བཞག་ནས“ཁྱོད་དེ་རིང་ཕྱི་རུ་སོང་ན་གཞན་གྱི་ལག་ནས་ཅ་ལག་ཅི་ཡང་ལེན་མི་ཉན”ཞེས་གསུངས་བྱུང་།
“ལགས་སོ།”གྲྭ་པ་བློ་བཟང་དོགས་མི་བདེ་བར་གྱུར།
འོ་རེད་ལགས། དེ་ནི་ལོ་ངོ་བདུན་གྱི་གོང་རོལ་དུ་གཏོགས་པའི་ཉིན་མོ་ཞིག་ཡིན་ཏེ ། བློ་བཟང་གསེར་ལུང་དགོན་པར་ཡོང་སྟེ་ཆོས་སྒོར་ཞུགས། དུས་དེ་ནས་བཟུང་བླ་མ་རང་བྱུང་དང་ཁོ་བླ་སློབ་ཏུ་གྱུར་སོང་ལ། གོ་སྐབས་འགྲིག་དུས་བླ་མ་རང་བྱུང་གི་མདུན་ལ་སོང་སྟེ་བཀའ་ཆོས་དང་ལུང་བསྟན་ཞུས་པ་ཡིན།
མཚམས་རེར། བློ་བཟང་གིས་བླ་མ་རང་བྱུང་གི་ཐུགས་དང་མི་འཚམས་པའི་བསམ་ཚུལ་ཡང་བརྗོད་མྱོང་ལ། གནས་ལུགས་དང་མི་མཐུན་པའི་འཆལ་གཏམ་དེ་འདྲ་ཐོས་རྗེས། བླ་མ་རང་བྱུང་གི་ཞལ་འཛུམ་གྱི་ལེར།“ཕྱིའི་ཡུལ་ལ་སྣང་བའི་ཕར་མ་བཅད་གསལ་ལྷང་ངེ། ནང་བློ་ཡིས་བཅོས་སུ་མ་གཞུག་པའི་སྟོང་སིང་ངེ། བར་རྟོགས་ཚོགས་ཀྱི་རྐྱེན་དབང་གིས་བསྒྱུར་དུ་མི་བཏུབ་པའི་ཟང་ཐལ་ལེ་བའི་ཤེས་པ་འདི་ལ་སེམས་ཟེར་བ་ཡིན”ཞེས་གསུངས་པ་ན། བློ་བཟང་གིས་ནམ་རྒྱུན་སེམས་བཅོས་པ་ནི་ཆོས་ཀྱི་སྙིང་པོ་རེད་འདོད་པ་དང་། སེམས་འདུལ་མ་ཐུབ་ན་བླ་མའི་ཅི་གསུང་དང་དུ་ལེན་དཀའ་མོ་རེད་སྙམ་བཞིན་གདའ།
གསེར་ལུང་དགོན་པའི་ཀླད་ལ་གསེར་གྱི་ཉི་མ་ཤར་འདུག
ལམ་བར་དུ། གྲྭ་པ་བློ་བཟང་སྲིང་མོ་གཡུ་སྒྲོན་ལ་ཕྲད།
“ཁྱོད་རང་གང་ལ་འགྲོ་གྲབས་ཡོད།”
“ང་རང་ནི་བླ་མ་རང་བྱུང་གི་ན་བཟའ་བཀྲུ་བར་འགྲོ། ”སྲིང་མོ་གཡུ་སྒྲོན་གྱིས་དལ་ལྷོད་ལྷོད་ཀྱིས་དེ་ལྟར་བརྗོད།
“བླ་མ་བཞུགས་འདུག”
“འདི་དེ་རིང་ཞིང་ནང་ནས་གསར་དུ་བཏོག་པའི་ཉུང་མ་རེད། ཁྱོད་ཀྱིས་ཟོས་དང་ཞིམ་པོ་འདུག ”
གྲྭ་པ་བློ་བཟང་གིས་སྲིང་མོ་གཡུ་སྒྲོན་གྱིས་གནང་བའི་ཉུང་མ་གསར་པ་དེ་ཁམ་གང་ཟོས་རྗེས“ཨ་ཅེ་ལགས། བཀའ་དྲིན་ཆེ། ང་འགྲོ་རྒྱུ་ཡིན། ཁྱེད་རང་ག་ལེར་ཕེབས”ཞེས་བཤད་དེ་ལམ་དུ་ཆས།
གཉིས།
བླ་མ་རང་བྱུང་སྔར་ལྟར་གཟིམ་ཤག་ཏུ་བཞུགས་འདུག་ཅིང་། གཟིམ་ཤག་ནང་རོལ་དུ་མཆོད་མེ་ཡི་མེ་ལྕེ་སེར་ལམ་མེར་མཆེད་བཞིན་འདུག
“བློ་བཟང་། ཁྱོད་དེ་རིང་ཕྱི་རུ་སོང་ནས་ཡུན་རིང་འགོར་ཐལ། གཞན་གྱི་ལག་ནས་ཅ་ལག་རེ་མ་བླངས་ངམ།”བླ་མ་རང་བྱུང་གིས་ཐུགས་གཟབ་གཟབ་ཀྱིས་དེ་ལྟར་དྲིས་བྱུང་།
“གཞན་གང་ཡང་མ་བླངས། སྔ་དྲོ་སྲིང་མོ་གཡུ་སྒྲོན་གྱི་ལག་ནས་ཉུང་མ་གསར་པ་ཞིག་ཟོས་པ་ཡིན།”
བླ་མ་རང་བྱུང་གིས་དངན་པ་རིང་པོ་ཞིག་འཐེན་ཏེ“ད་ནི་ཁྱོད་ལ་དོ་ནུབ་ཀྱི་ཚེ་ལས་ལྷག་མི་འདུག”ཅེས་གསུང་བྱུང་།
“ད་ནི་ཅི་ཞིག་བྱས་ན་འགྲིག་གམ།”གྲྭ་པ་བློ་བཟང་ལ་འཇིགས་སྣང་ཡ་མཚན་པ་ཞིག་སྐྱེས་བྱུང་།
བླ་མ་རང་བྱུང་གིས་ཡུད་ཙམ་ལ་ཐུགས་གཞིག་གནངས་རྗེས། དོན་དག་ཅི་ཞིག་ཡོངས་སུ་རྟོགས་པ་ལྟར“ཐབས་བཀོད་མེད་པ་ནི་མ་ཡིན་ཏེ། སྡེ་བའི་ནང་དུ་འདྲེ་མོ་ཡིན་པར་བརྗོད་པ། འཇིགས་སུ་རུང་བ། གང་ལ་ཕྲད་ཀྱང་གཤེ་གཤེ་ཁོ་ན་གཏོང་བའི་རྒན་མོ་ལྭ་བ་སྐྱ་བོ་གྱོན་མཁན་ཞིག་ཡོད། དེའི་དྲུང་དུ་སོང་ན་ཐབས་རེ་ཡོད་ན་ཐང”ཟེར་ཞེས་གསུངས་པ་ན། གྲྭ་པ་བློ་བཟང་ལ་ཐབས་བཀོད་གཞན་ཞིག་མེད་པས། མྱུར་མོར་འདྲེ་མོ་འཚོལ་བར་ཕྱིན་སོང་།
འདྲེ་མོ་ལ་དངོས་སུ་འཕྲད་སྐབས། གྲྭ་པ་བློ་བཟང་སྐྲག་སྟེ་ངོ་མདངས་ཀྱང་འགྱུར་འདུག་ལ། འདྲེ་མོས་ཚུལ་དེ་མཐོང་བ་ན་ཡིད་སེམས་ཧ་ཅང་མི་དགའ་བར་གྱུར་པས། གྲྭ་པ་བློ་བཟང་གི་གདོང་ལ་མཛུབ་མོས་བཙུགས་ཏེ“ཁྱོད་ཀྱིས་ང་ལ་སྐྱབས་བཅོལ་བ་ཡིན་ན། ངའི་མལ་སའི་འོག་གི་ཤིང་སྒམ་ནག་པོ་དེའི་ནང་འཛུལ་རོགས”ཞེས་བཤད་བྱུང་།
མུན་རུབ་པ་ན། འདྲེ་མོ་དེས་རལ་པ་དམར་པོ་ཁྲག་གི་མདོག་ཅན་དེ་ས་ལ་འདྲུད་བཞིན་ནུ་མ་གཡས་པ་ཕྲག་གོང་དུ་འཕངས་པ་དང་། ནུ་མ་གཡོན་པ་ས་ལ་འདྲུད་བཞིན་ཤིང་གི་སྒམ་ཆུང་ནག་པོ་དེ་ཞོན་ནས་ལུང་གསུམ་གྱི་འདུས་མདོ་ཞིག་ཏུ་ཕེབས་སོང་ལ། མཁའ་ལམ་ནས་འཕུར་སྐབས་མཆེ་བ་གཉིས་ཀ་ཇེ་རིང་ནས་ཇེ་རིང་དུ་སོང་།
གནས་དེ་ནི་མི་མེད་ལུང་སྟོང་ཞིག་རེད་ལ། དེ་ལ་འདྲེ་ཚོགས་འདུས་ནས་ཡུན་རིང་ཞིག་འགོར་འདུག་པ་དང་། རྒན་མོ་དེ་ནི་འདྲེ་ཚོགས་ཀྱི་དཔོན་མོ་རེད། འདྲེ་ཚོགས་དབུས་ལ་སླེབས་རྗེས།མོས་སོ་སྒྲ་གྲོ་ཡོས་འཆའ་འཆའ་བྱེད་བཞིན“དོ་ནུབ་སུའི་མི་ཤ་གསར་པའི་གསོལ་སྟོན་གནང་རྒྱུ་ཡིན་ཞེས”དྲིས་པ་ན། འདྲེ་མོ་ཞིག་གིས་གཉའ་སྒུར་སྒུར་དང་ཉྭ་ཞུམ་ཞུམ་བྱས་ཏེ་ཞུ་ཚིག་ཕུལ་བྱུང་།
འུར་ཟིང་ཟིང་བྱེད་པའི་འདྲེ་རྒན་དང་འདྲེ་མོ་ཚོས་ཕན་ཚུན་གྱི་ངོ་ལ་ལྟ་བཞིན་འདུག སྐབས་དེར་འདྲེ་ཚོགས་ཀྱི་གྲལ་མཐའ་ནས་སྲིང་མོ་གཡུ་སྒྲོན་ཡར་ལངས་ཏེ“དཔོན་མོ་ལགས། དེ་རིང་མ་གཞི་ངའི་མིང་བོ་བློ་བཟང་གི་སྲོག་བླངས་ནས་གསོལ་སྟོན་གྱ་ནོམ་པ་ཞིག་བྱེད་པའི་གྲ་སྒྲིག་བྱས་ཡོད་ཀྱང་། ངས་དེ་རིང་སྟོང་གསུམ་ལ་བཙལ་ཡང་རྙེད་མ་བྱུང་། ད་ནི་ཁྱེད་ཀྱི་ཞོན་རྟའི་སྒམ་ཆུང་མ་གཏོགས་མ་བཙལ་ས་ཞིག་གཏན་ནས་མེད། ང་ལ་ཐབས་བཀོད་གཞན་མ་བྱུང་བས་རང་གི་བུ་ཆུང་གི་སྲོག་བླངས་ནས་ཁྱེར་ཡོད”ཅེས་བཤད་དེ། བྱིས་པ་སྙིང་རྗེ་བ་ཞིག་གི་རོ་ཅལ་སེ་འདྲེ་ཚོགས་ཀྱི་དཀྱིལ་དུ་འཕངས་བྱུང་།
བློ་བཟང་གིས་སྒམ་ཆུང་གི་སྲིབ་ཀའི་ནང་ནས་མེ་ལོང་དུ་བལྟས་པ་ན། མིག་སྔུན་དུ་བྱུང་བའི་དོན་དག་ཡོད་ཚད་ལ་ཡིད་མི་ཆེས་པར་གྱུར་ཅིང་། ལྷག་པར་སྐྲག་སྟེ་ལུས་དྲོད་རྒྱས་པ་ན་ལུས་ཡོངས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར།
འདྲེ་དཔོན་མས་མི་ཤ་གསར་པ་རྔམ་སྟབས་ཀྱིས་གསོལ་བཞིན་བར་སྐབས་ཤིག་ལ། ཁྲག་དམར་ཙ་ར་ར་འཛགས་བཞིན་པའི་ཤ་ཚིལ་ལང་མ་ཞིག་སྒམ་ཆུང་གི་ཁ་བར་ནས་ནང་དུ་ལྷུང་བྱུང་ལ། ཕར་བལྟས་ན་བློ་བཟང་ལའང་སྐལ་བ་ཅུང་ཙམ་སྟེར་བའི་འཆར་གཞི་ཡོད་པ་འདྲ་མོད། བློ་བཟང་གིས་དེ་ཟ་ཕོད་པ་ཕར་ཞོག་ཐ་ན་སྐྱུག་མེར་ལངས་ནས་མགོ་ཡོམ་རབ་ཏུ་འཁོར།
བློ་བཟང་བླ་མའི་གཟིམ་ཤག་ཏུ་ཐོན་དུས། བླ་མས་ནམ་རྒྱུན་ལྟར་ཕྲེང་བ་འདྲེན་བཞིན་འདུག
“འདྲེ་མོས་ཁྱོད་ཀྱིས་སྲོག་བསྐྱབས་པ་ཡག་པོ་རེད། ཁྱོད་ལ་སྦྱིན་པ་རེ་གནང་མ་བྱུང་ངམ།”ཞེས་དྲིས།
“བླ་མ་རིན་པོ་ཆེ། མི་ཤ་ཁམ་གང་ཙམ་མདུན་དུ་ལྷུང་སོང་མོད། དེ་ལས་གཞན་ཅི་ཡང་མཐོང་མ་བྱུང་།”
“སྐལ་ཆད་པོ། འདྲེ་མོ་དེ་ནི་མཁའ་འགྲོ་སྟོང་གི་གཙོ་མོ་རེད། མི་ཤ་དེ་ནི་མཆོག་གི་དངོས་གྲུབ་ཟེར་བ་དེ་རེད།”ཅེས་བླ་མ་རང་བྱུང་གིས་ཐུགས་འགྱོད་ཆེན་པོ་སྐྱེས་པའི་ཉམས་བསྟན་སོང་།
གསུམ།
ལོ་ངོ་མང་པོ་ཞིག་འགོར་སོང་།
གྲྭ་པ་བློ་བཟང་གིས་ནམ་རྒྱུན་བླ་མ་ལགས་ཀྱིས་རང་གི་སྲོག་བསྐྱབས་པའི་བཀའ་དྲིན་གཞལ་དུ་མེད་སྙམ་བཞིན་ཡོད།
བླ་མ་རང་བྱུང་གི་གཟིམ་ཤག་ནང་སྔར་བཞིན་ཁུ་སིམ་མེར་འདུག
བླ་མ་རང་བྱུང་གིས་སྤྱན་ཟུང་བཙུམས་ནས་ཅི་ཞིག་སྒོམ་འདུག་སྐབས། གློ་བུར་དུ་ཅི་ཞིག་མཐོང་སོང་བ་ལྟར“ད་ནང་གསེར་ལུང་སྡེ་བར་་བྱིས་པ་ཞིག་སྐྱེས་བྱུང་། དེ་ནི་ཁྱོད་ཀྱི་མ་འོངས་པའི་ཆུང་མ་རེད”ཅེས་གསུངས་པ་ན།བློ་བཟང་ནི་རང་གི་རྣ་ཅོག་ལའང་ཡིད་མི་ཆེས་ཏེ། བླ་མའི་ཞལ་ལ་ནན་གྱིས་ཅེར་ནས་བསྡད་པ་ན། བླ་མ་རང་བྱུང་གིས་ཏན་ཏན་ཏིག་ཏིག་གི་ངང་ནས“དེ་རིང་གསེར་ལུང་སྡེ་བའི་ནང་དུ་སྐྱེས་པའི་བྱིས་པ་དེ་ནི་ཁྱོད་ཀྱི་མ་འོངས་པའི་ཆུང་མ་རེད”ཅེས་ཡང་བསྐྱར་གསུངས་བྱུང་།
གཟིམ་ཤག་ནང་སྔར་བཞིན་ཁུ་སིམ་མེར་འདུག བློ་བཟང་རང་ཉིད་ལ་ཡང་ཡིད་མི་ཆེས་པ་བཞིན་བླ་མའི་གདོང་ལ་ནན་གྱིས་ཅེར་པ་ལས་ངག་གཏན་ནས་མ་ཁྲོལ།
བློ་བཟང་གྲྭ་པ་བྱས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་འདུག་ལ། ཉི་མ་དེ་ཉིད་ཀྱི་སྔ་རོལ་ལ་ཁོང་གི་སེམས་སུ་ཐེ་ཚོམ་དང་དོགས་གཞི་ཤྭ་འོད་བརྡོལ་བ་ལྟར་འཕོ་མ་མྱོང་། ད་ནི་སྲིང་མོ་གཡུ་སྒྲོན་ནི་འདྲེ་མོར་གྱུར་ནས་རང་གི་བུ་ཕྲུག་གི་ཤའང་ཟ་ཕོད་པར་གྱུར་པ་དང་། ང་ཡང་བླ་མའི་མདུན་ནས་བློ་གཅིག་སེམས་གཅིག་གིས་དམ་པའི་ལྷ་ཆོས་ལ་འབད་ནས་ལོ་ངོ་དེ་འདྲའི་མང་པོ་ཞིག་འགོར་འདུག་མོད། གལ་ཏེ་བླ་མས་གསུངས་པ་བཞིན་ད་ནི་འཇིག་རྟེན་འཁོར་བ་བཟུང་ནས་འདུག་དགོས་ན། མི་ལུས་བླངས་པར་དོན་གོ་མེད་ལ། ལྷག་པར་དེ་རིང་སྡེ་བའི་ནང་དུ་སྐྱེས་པའི་བྱིས་པ་དེས་ངའི་སྡོམ་པ་འཕྲོག་དགོས་ཟེར་ན། དེ་ནི་འདྲེ་མོ་ཞིག་ཡིན་ཁོ་ཐག་རེད། རང་ཉིད་འཇིག་རྟེན་འཁོར་བར་ཞེན་པ་སྙིང་ནས་ལོག་རུང་། འདྲེ་མོ་དེ་འཇིག་རྟེན་དུ་བསྡད་པ་ན། རང་གིས་སྡོམ་པ་སྲུང་མི་ཐུབ་པ་ཐག་གིས་བཅད་ཆོག
ཕྱི་དྲོ་དེར། གྲྭ་པ་བློ་བཟང་གི་ཁ་ཤ་ལྷབ་ལྷུབ་འདར་བཞིན་བླ་མ་རང་བྱུང་གི་གཟིམ་ཤག་ཏུ་སླེབས་བྱུང་།
“དེ་རིང་ཅི་ཞིག་བྱུང་སོང་།”བླ་མས་བློ་བཟང་འཚབ་དོན་ཅི་ཡིན་མ་མཁྱེན་པའི་ཟོལ་གྱིས་དེ་ལྟར་དྲིས།
“ངས་དེ་རིང་བྱ་བ་མ་རུང་པ་ཞིག་བྱས་སོང་།”གྲྭ་པ་བློ་བཟང་ཡོངས་སུ་ཕམ་འདུག
“ཁྱོད་རང་མ་འཚབ། སྐད་ཆ་དལ་མོར་ཤོད་དང་། དོན་དག་ཅི་ཞིག་བྱས་སོང་།”
“ངས་དེ་རིང་སྔ་དྲོ་གྲི་རིང་འདོམ་པ་གང་ཁུར་ནས་ཁྱེད་ཀྱིས་ཁར་ཉིན་གསུངས་པའི་ངའི་མ་འོངས་པའི་ཆུང་མ་ཡིན་ཟེར་བའི་བྱིས་པ་དེ་བཙལ་དུ་སོང་། གསེར་ལུང་གྲོང་བའི་ནང་དུ་ཡར་མར་བཙལ་ཀྱང་ཉིན་དེར་ཞིང་པ་རྡོ་རྡོ་ཚང་ལ་བུ་མོ་ཞིག་བཙས་པ་ལས་གཞན་གང་ཡང་མི་འདུག དེ་ནི་བླ་མས་གསུངས་པའི་དུས་ཚོད་དང་ཚེས་གྲངས་ཚང་མ་གཏན་འཁེལ་འདུག ངས་ཁོ་མོའི་ཕ་མ་གཉིས་ཀ་ཕྱི་རོལ་དུ་སོ་ནམ་ལ་སོང་བའི་དུས་དང་བསྟུན་དེ། ཛི་བོར་ནང་གི་བྱིས་པ་ཆུང་ཆུང་དེར་རལ་གྲི་གཡུག་ཐེངས་གཅིག་གིས་ལུས་ཕྱེད་གཤགས་ཏུ་བཏང་ནས་བསད་པ་ཡིན། བླ་མ་ལགས། ད་ནི་ང་རང་ས་ཐག་རིང་ཞིག་ལ་འགྲོ་དགོས་འདུག ང་ནི་ང་ཚེ་རབས་འདིར་གྲྭ་པ་བྱེད་འདོད་པ་ལས་འཇིག་རྟེན་ཁྱིམ་ཐབ་པ་ཞིག་མི་བྱེད་ཁོ་ཐག་ཡིན། ཉིད་ཀྱིས་སྐྱབས་འོག་ནས་ཅིག་མི་འདོར་རོགས།”བློ་བཟང་གིས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད།
བླ་མ་རང་བྱུང་གིས་སྤྱན་ཟུང་བཙུམས་ནས་ཞལ་ནག་རོག་གེར་ཡུད་ཙམ་ལ་བཞུགས་རྗེས། ཐབས་ཟད་པའི་ཚུལ་གྱིས“ཡ་ཡ། ལས་ལ་གཟུར་རྒྱུ་མེད་ན། གསད་རྒྱུ་ཞིག་གང་ན་ཡོད”ཅེས་གསུངས།
བཞི།
ལོ་ངོ་མང་པོ་ཞིག་འགོར་སོང་།
གྲྭ་པ་བློ་བཟང་ནི་སྟོད་དབུས་གཙང་གི་གུ་རུའི་སྒྲུབ་ཕུག་ཅིག་ཏུ་སྐུ་མཚམས་ལ་བསྡད་ཡོད།
ད་ནི་ཁོ་ཡང་ལོ་ངོ་ལྔ་བཅུ་ལྷག་ལ་སོང་ཟིན་པས། ཚུགས་ཀ་དང་ཉམས་ལེན་གང་ཅིའི་ཐད་ནས་དཔྱད་ཀྱང་རང་གི་རྩ་བའི་བླ་མ་རང་བྱུང་དང་འདྲ་ཞེས་བཤད་ཆོག
གནས་དེ་ནི་བསམ་ཡས་སྒྲུབ་ཕུག་དང་ཐག་ཉེ་ས་ཞིག་རེད། སྟོད་སྨད་བར་གསུམ་ནས་ཡོང་བའི་མཆོད་མཇལ་པ་ནི་མཚམས་ཆད་མྱོང་མེད་ལ། ཕ་ཡུལ་གསེར་ལུང་ཕྱོགས་ནས་ཀྱང་གནས་མཇལ་པ་མང་པོ་ཞིག་ཡོང་མྱོང་མོད། བློ་བཟང་གིས་ནམ་ཡང་རང་ཉིད་ནི་དབུས་གཙང་གི་མི་ཞིག་ཡིན་ཞེས་བཤད་པ་ལས་རང་གི་མིང་ངོ་མ་དང་གནས་ཚུལ་རྣལ་མ་དག་སུ་ལའང་བཤད་མ་མྱོང་།
ཉིན་དེར། སྒྲུབ་ཕུག་ཏུ་འགྲུལ་བ་དམིགས་བསལ་བ་གསུམ་སླེབས་བྱུང་།
“ཨ་ཁུ་མཚམས་པ་རིན་པོ་ཆེ། ངེད་གསུམ་ནི་ཁམས་ཀྱི་གསེར་ལུང་ཞེས་པའི་ས་ཆ་ནས་ཡོང་བ་ཡིན། རོགས་པ་འདི་ལ་ཉེ་ལམ་ཅི་ཡིན་ངོས་མི་ཟིན་པའི་ནད་ཅིག་གིས་མནར་ནས་ལམ་དུ་འགྲོ་མི་ཐུབ་པར་འདུག ཁྱེད་ཀྱིས་འདིའི་རྐང་པ་ལ་གཟིགས་དང་། ཐབས་ཇུས་རེ་ཡོད་དམ།”བུད་མེད་ལོ་ཅུང་ཆེ་བ་དེས་རོགས་པ་གཞོན་ནུ་མ་དེའི་ཁྲག་རྣག་འཛག་བཞིན་པའི་རྐང་པར་མཛུབ་སྟོན་བྱེད་ཀྱིན་དེ་སྐད་ལབ།
“བུ་མོ་འདིའི་རྐང་པར་ནད་ཅི་ཞིག་གིས་མནར་བ་རེད། ”གྲྭ་པ་བློ་བཟང་གིས་ཀྱང་ཅི་ཞིག་བཤད་དགོས་པ་མ་ཤེས་པར་དེ་ལྟར་དྲིས།
“སྤྱིར་བཏང་ན་བ་ཅི་ཡང་མེད་མོད། གནས་འདིར་ཐོན་ནས་ཉིན་ཤས་འགོར་བ་ན། གློ་བུར་དུ་ཟུག་གཟེར་བཟོད་གླགས་བྲལ་བ་ཞིག་གིས་མནར་ནས་གོམ་པ་འགའ་ལའང་འགྲོ་ཐུབ་ཀྱིན་མི་འདུག ད་ནི་ང་ཚོའི་ཕ་ཡུལ་ནས་ཞིང་བརྔ་རན་པས། ངེད་གཉིས་དུས་ལྟར་ཡུལ་ལ་མ་ཐོན་ན་ཕ་མའི་གམ་ནས་གཅར་རྡུང་ཉོ་ངེས། ཨ་ཁུ་མཚམས་པ་ལགས། གནས་སྐབས་སུ་བུ་མོ་འདི་ཁྱེད་ཀྱི་གམ་ནས་གཅིག་བསྡད་ན་ཆོག་གམ། ནད་ལས་དྲག་རྗེས། ཁྱེད་ཀྱིས་ཁོ་མོར་ཁམས་ཕྱོགས་སུ་འགྲོ་བའི་རོགས་པ་ཞིག་བཙལ་ནས་གཏོང་རོགས། ང་ཚོར་དེ་ལས་གཞན་པའི་ཐབས་བཀོད་གང་ཡང་མི་འདུག རིན་པོ་ཆེ། ད་ཐེངས་ཁྱེད་ཀྱིས་ཐུགས་རྗེ་སྐྱབས་འོག་ནས་མི་འདོར་བར་མཁྱེན། ”
བུད་མེད་གཞན་པ་གཉིས་ཀྱིས་ཀྱང་པུས་མོ་ས་ལ་བཙུགས་ནས་དེ་ལྟར་རེ་ཞུ་བྱས་པ་ན། གྲྭ་པ་བློ་བཟང་གིས་ལོ་ངོ་སུམ་ཅུའི་གོང་རོལ་དུ། རང་ཉིད་ཀྱང་བླ་མ་རང་བྱུང་གི་གམ་དུ་དེ་ལྟར་པུས་མོ་ས་ལ་བཙུགས་ནས་རེ་བཅོལ་བྱས་པའི་ངང་ཚུལ་དེ་དྲན་ལ། དེ་ནས་ཁམས་གསུམ་འཁོར་བའི་ནང་གི་མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་སྡུག་བསྔལ་ཅན་དག་ལ་སྙིང་རྗེ་བརྗོད་ཀྱིས་མི་ལངས་པ་ཞིག་སྐྱེས་ནས་གནས་སྐབས་སུ་ནད་ཀྱིས་མནར་བའི་གཞོན་ནུ་མ་ནད་པ་དེ་ལ་ཞབས་ཕྱི་བྱེད་པའི་དམ་བཅའ་བྱས།
ལོ་ངོ་མང་པོ་ཞིག་འགོར་སོང་།
མཚམས་པ་བློ་བཟང་གི་གཟིམ་ཤག་ནང་ཁུ་སིམ་མེར་འདུག
གཞོན་ནུ་མ་ལྟ་བའི་ཆོག་མི་ཤེས་པ། གོང་མ་ལྷ་ཡུལ་ནས་ཕེབས་པ་ལོས་ཡིན་འདོད་པ་ཞིག་གིས་བྱིས་པ་སྙིང་ལ་རྗེ་བ་ཞིག་རུམ་དུ་བཅུག་ནས་ནུ་འོ་ལྡུད་ཀྱིན་བློ་བཟང་གི་དཀལ་ཡོལ་ནང་དུ་འོ་ཇ་ལྡུག་གིན་འདུག་ལ། མཚམས་པ་བློ་བཟང་གི་གཞོན་ནུ་མ་དེའི་མྱོས་བུམ་ཐོག་གི་རྨ་མདུད་དེ་མཐོང་ནས་ཡ་མཚན་ཏེ“ཁྱོད་ལ་འདི་འདྲའི་རྨ་རྫི་ཆེན་པོ་ཞིག་ཅིའི་ཕྱིར་ཡོད་པ་རེད”ཅེས་འདྲི་དགོས་བྱུང་སོང་།
གཞོན་ནུ་མ་དེས་འཛུམ་དཀར་ཡིད་དབང་འགུགས་པ་ཞིག་སྟོན་བཞིནཕ་མས་བཤད་པ་ལྟར་ན། དེ་ནི་ང་རང་ཆུང་དུས་ཛི་བོར་ནང་དུ་ཡོད་སྐབས། མི་ཞིག་གིས་ང་རང་ལྐོག་བསད་བྱེད་བསམས་ནས་གྲིས་བརྒྱབ་པ་རེད”ཅེས་ལན་བཏབ་བྱུང་།
སྒྲུབ་ཕུག་ནང་སྔར་བཞིན་འཇམ་ཅག་གེར་འདུག
མཚམས་པ་བློ་བཟང་གི་ཡིད་ལ་བླ་མ་རང་བྱུང་གིསལས་ལ་གཟུར་རྒྱུ་མེད་ན། གསད་རྒྱུ་ཞིག་གང་ན་ཡོད”ཅེས་སུ་གསུངས་པའི་ལེགས་བཤད་དེ་འཁོར་བྱུང་།