དེ་ནི། དབྱར་གཞུང་གི་ས་སྲོས་ཤིག་རེད།
ཉི་མ་ནི་གཟིམ་ལ་ཉེ་བའི་མར་མེ་ཀོང་གཅིག་དང་འདྲ་བར། ཉིན་གཅིག་གི་ཆེས་མཐའ་མཇུག་གི་འཛུམ་ཞལ་དེ་ངོམ་བཞིན་ཡོད་པ་ལྟར། མཐོ་དམའ་མི་སྙོམས་པའི་སྒང་གཤོང་དེ་དག་ལ་ཞལ་རས་སྟོན་ཙམ་སྟོན་ཙམ་བྱེད་བཞིན་རྒྱང་རིང་དུ་བགྲོད་ཀྱིན་འདུག རྒྱང་རིང་དེ་ནས་འགུལ་ཙམ་འགུལ་ཙམ་བྱེད་བཞིན་པའི་སྤྲིན་དཀར་ཕང་ཕུང་དེ། ད་ནི་པིར་རྩལ་ལ་བྱང་བའི་སྒྱུ་རྩལ་པ་ཞིག་གིས་རི་མོ་ཞིག་ལ་ཚོན་མདངས་སེར་པོ་འབྱུག་བཞིན་པའི་གོ་རིམ་ལྟར། སྤྲིན་དཀར་ནས་མཚམས་སྤྲིན་གྱི་ངོ་བོར་འགྱུར་བཞིན་འདུག
“སྟོབས་ལྡན། ཁྱོས་ངོ་མ་དེ་བསྒྲུབ་ཐུབ་ས་ཨེ་གདའ།”རླུང་བུ་ལྡང་ཙམ་ལྡང་ཙམ་བྱེད་པའི་དབྱར་གཞུང་གི་ས་སྲོས་དེར། འབྲོག་སྡེ་དང་རྒྱང་ཐག་མི་རིང་བའི་རི་འདབས་དེ་ནས། མོས་སྟོབས་ལྡན་གྱི་ཕྲག་པར་མགོ་བོ་བསྙེས་ཤིང་སྐད་ཤུགས་ཆུང་ངུས་དེ་ལྟར་དྲིས།
“ཁྱོད་ཀྱིས་ང་ལ་ཡིད་ཆེས་གྱིས་དང་ཆོག ངོ་མ་འགྱུར་བ་མེད།”སྟོབས་ལྡན་གྱི་སྐད་གདངས་ལ་ངར་ཤུགས་ཤིག་རྒྱས་འདུག སྐད་གདངས་གཅིག་པུས་སུ་ལའང་ཡིད་ཆེས་ཤིག་སེམས་ཀྱི་གཏིང་དུ་སྟེར་ནུས་པ་འདྲ། ངོ་མ་ཕོ་གསར་རྒོད་པོ་ཞིག་གི་གཡར་དམ་བདེ་སྐྱིད་ལྷ་མཚོའི་སེམས་ཀྱི་གཏིང་དུ་དྲོད་ཁོལ་ཞིག་དང་མཉམ་དུ་སིམ་བྱུང་། དུས་དེ་འདྲར་བདེ་སྐྱིད་ལྷ་མཚོའི་ཁྲ་རིལ་རིལ་གྱི་མིག་ཟུང་དུ་འོད་ཅིག་འཁྱིལ་འགྲོ།
རྩྭ་ཐང་གི་ས་སྲོས་དེར། ལྡང་ཙམ་ལྡང་ཙམ་བྱེད་པའི་རླུང་བུའི་ཤུར་སྒྲ་རེས་འགའ་ཡོད་པ་ལས་གཞན། ད་དུང་གཉོམ་དུང་དུང་ངང་བཞུར་བཞིན་པའི་ལུང་མདོའི་ཆུ་ཕྲན་གྱི་སྒྲ་ཆལ་ཆིལ་དེ་དག་ལས་གཞན་ཡོད་ཚད་འཇམ་ཐིང་ངེར་གནས་འདུག ཐ་ན་སྲིན་འབུའི་སྒྲ་ཟ་ཟི་དེ་དག་ཀྱང་ད་ནི་རང་རང་གི་གནས་མལ་གང་ཞིག་ཏུ་འཇམ་རྨེག་གེར་གཉིད་དུ་ཡུར་སོང་བ་ལྟར་འཇགས་ཟིན་འདུག
རི་འདབས་དེར་གར་ཡོང་མི་ཤེས་པའི་རླུང་བུ་འཇམ་པོ་ཞིག་ལྡང་ཙམ་ལྡང་ཙམ་བྱེད་ཅིང་། བདེ་སྐྱིད་ལྷ་མཚོའི་སྐྲ་ལོ་ཡང་འགྲོས་དེ་དང་བསྟུན་ཏེ་གཡོ་ཙམ་གཡོ་ཙམ་བྱེད་བཞིན་འདུག བར་གླགས་འདིར་ཁོ་གཉིས་ཀས་སྨྲ་བ་དབེན་པའི་བརྟུལ་ཞུགས་ཤིག་བཟུང་ནས་འཇམ་ཐིང་ཐིང་དུ་བསྡད་སོང་། དོན་དུ། བར་གླགས་འདིར་ཁོ་གཉིས་ཀྱིས་མི་ལོ་གསུམ་གྱི་གཞུག་ཏུ་བསམ་བློ་གཏོང་བཞིན་ཡོད་པ་འདྲ།
ཁོ་གཉིས་ཀས་དཀར་པོ་ནས་དམར་སེར་དུ་འགྱུར་བཞིན་པའི་སྤྲིན་པ་ཕང་ཕུང་དེར་ཅེར་བཞིན། མ་འོངས་ནི་སྤྲིན་པ་འདི་ལྟར་རིམ་གྱིས་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་རེ་སྨོན་བྱེད་བཞིན་ཡོད་པ་འདྲ། དུས་དེ་འདྲར་ཁོ་གཉིས་ཀྱི་སེམས་པ་ཚ་ལམ་ལམ་བྱེད།
2
བདེ་སྐྱིད་ལྷ་མཚོའི་གནག་ཅིང་སྣུམ་པའི་སྐྲ་ལོ་ནི་རྒྱ་ལྕང་གི་ལོ་མ་བཞིན་ལུས་ཀྱི་སྐེད་པའི་མཚམས་སུ་སླེབས་པ་དང་། པིར་གྱིས་བྲིས་པ་ལྟ་བུའི་སྨིན་མ་འཁྱོག་པོའི་འོག་ཏུ་ཁྲ་རིལ་རིལ་གཡོ་བའི་མིག་གཉིས་ནི་ཆུ་མིག་བཞིན་དྭངས་ཤིང་གསལ་ལ། དཀར་ལ་དམར་མདངས་ལྡན་པའི་གདོང་ལ་རྣམ་ཀུན་ལྷོད་བག་གི་འཛུམ་ཆུང་ཞིག་མངོན་ཞིང་། འཛུམ་ཆུང་དེའི་ཁྲོད་དུ་མི་རྣམས་ཀྱི་ཡིད་སེམས་ཅིག་ཅར་དུ་འགུགས་ཐུབ་པའི་ནུས་མཐུ་ཞིག་བསྐུངས་ཡོད་པ་འདྲ།
ལོ་ངོ་དགུ་གཉིས་བཅོ་བརྒྱད་ལས་སོན་མེད་པའི་བུ་མོ་བདེ་སྐྱིད་ལྷ་མཚོ་མཐོ་འབྲིང་ནས་མཐར་ཕྱིན་པའི་ལོ་དེར། མོ་དང་སྟོབས་ལྡན་གཉིས་ཀྱིས་སྔོན་ཞིག་ནས་སློབ་ཆེན་གཅིག་ཏུ་འགྲོ་རྒྱུ་བྱས་ཟིན་པ་མི་ཚད་མིང་ཐོའང་སློབ་གྲྭ་གཅིག་ཏུ་བཀོད་ཟིན་ལ། མོའི་སྣང་ངོར་སློབ་ཆེན་ཞེས་པ་ནི་མི་ཚེའི་ནང་གི་ཆེས་གལ་འགངས་ཆེ་བའི་དུས་ཚོད་ཅིག་ལ་ངོས་འཛིན་ཞིང་། མཐོ་འབྲིང་ནས་མཐར་ཕྱིན་རྗེས་མོར་རང་ཉིད་ལ་སློབ་ཆེན་འགྲིམ་པའི་སྐལ་བ་ལྡན་སོང་སྙམ་སྟེ་སེམས་ཀྱི་གཏིང་རིམ་གང་ཞིག་ཏུ་ཚ་ལམ་ལམ་བྱེད། དེ་ལྟར་ནའང་། ཏག་ཏག་སློབ་བསྡུ་བརྡ་ཐོ་ལག་ཏུ་འབྱོར་བའི་དགོང་མོ་དེར། ཨ་ཕ་ཚེ་རིང་དགའ་ཕྱུག་གིས་བསམ་བློ་ཡང་ཡང་བཏང་མཐར། བུ་སློབ་ཆེན་དུ་ཡོད་པའི་ཁར། བུ་མོ་སློབ་ཆེན་དུ་བཏང་ན་“ངལ་བའི་སྟེང་ལ་རྡོག་ཁྲེས་དང་། མུ་གེའི་ཁ་ལ་ཟླ་ལྷག་”ཟེར་བའི་དཔེ་ཙམ་ལས་མི་ཡོང་ཞིང་། བུ་མོ་ཞིག་ལ་མཚོན་ན་རིག་གནས་ཡོན་ཏན་ཆེན་པོ་ཅི་མི་དགོས་ཏེ་ཁ་བཏོན་འདོན་ཤེས་པ་ཙམ་གྱིས་ཆོག་པ་དང་། ད་ནི་ཆུང་མ་ངེད་གཉིས་ཀྱང་ལོ་ན་ཆེར་ཕྱིན་པས་བུ་མོ་མེད་ན་ཕྱུགས་འཚོ་སྐྱོང་ཐུབ་དཀའ་སྙམ་སྟེ་བདེ་སྐྱིད་ལྷ་མཚོ་ལ།“བུད་མེད་ཅིག་ལ་མཚོན་ན། ཁ་བཏོན་འདོན་ཤེས་པ་ཙམ་གྱིས་ཆོག་པས། ད་ནས་བཟུང་དབྱར་སར་ཕྱུགས་རྫིར་འགྲོ་དགོས”ཞེས་ཡོད་ཚད་ཐག་བཅད་སོང་བས། བདེ་སྐྱིད་ལྷ་མཚོའི་རེ་བའི་སྤྲིན་དཀར་ལང་ལིང་དེ། གློ་བུར་མི་འདོད་རླུང་ནག་འཚུབ་མས་གར་སོང་ཆ་མེད་དུ་བདས་སོང་།
དོན་དེས་བདེ་སྐྱིད་ལྷ་མཚོའི་རྨི་ལམ་ལ་གས་ཆག་ཤོར་བ་མ་ཚད། སྟོབས་ལྡན་གྱི་དྲན་ངོས་སུའང་རྨ་ཁ་མེད་པའི་ན་ཟུག་གི་རི་མོ་ཆེན་པོ་ཞིག་ཕབས་ཤིང་། ཁོའི་འཆར་གཞི་དང་རེ་འདོད་ཀྱི་མེ་རིའི་ཐོག་ཐོལ་དུ་རྒྱ་མཚོ་ཆེན་པོ་ཞིག་འཕོས་པ་བཞིན་“ལས་བསམ་སར་མ་སོང་གསེག་སར་སོང་”ཞེས་པའི་དཔེ་ལྟར་རེ་བ་ཐམས་ཅད་འབྲས་མེད་དུ་གྱུར། འོན་ཏེ། ལོ་དེར་སྟོབས་ལྡན་གྱིས་ཁ་ཕོ་བསྡམས་ཏེ་མིའི་བསམ་སར་རྟས་མི་འཁུར་བའི་ལས་དབང་དེར་དོ་བསྡོ་བའི་བློ་ཐག་རྦད་ཀྱིས་བཅད་པ་དང་། ཁོ་དང་བདེ་སྐྱིད་ལྷ་མཚོ་གཉིས་མ་ཤི་གསོན་བྲལ་མི་བྱ་བའི་ཨམ་གཙིགས་ཡང་ཡང་བསྡམས།
བདེ་སྐྱིད་ལྷ་མཚོ་མཐོ་འབྲིང་ནས་མཐར་ཕྱིན་པའི་ལོ་དེར། ཨ་ཕ་ཚེ་རིང་དགའ་ཕྱུག་གི་བཀའ་དེའི་ངོ་ཟློག་མ་ནུས་པར། མུ་ཏིག་ལྟ་བུ་དཀར་གཙང་གི་ཆུ་རིལ་འགའ་མིག་མཐའ་ནས་རིམ་གྱིས་བརྡོལ་ཞིང་། མཐར་དཀར་དམར་འདྲེས་མའི་མཁུར་ཚོས་བརྒྱུད་དེ་ཁ་ནང་དུ་ཟགས་བཞིན་ཨ་ཕ་དང་ལྷན་དུ་ཕ་ཡུལ་གྱི་འབྲོག་སྡེར་མི་ལོག་ཀ་མེད་བྱུང་།
ཉིན་དེ་ནས་བཟུང་། བདེ་སྐྱིད་ལྷ་མཚོ་དངོས་གནས་སློབ་ཆེན་ནས་མཐར་ཕྱིན་ཚར་བ་དང་འདྲ་བར། ཨ་ཕ་ཚེ་རིང་དགའ་ཕྱུག་གིས་སློབ་གྲྭར་ཡེ་ནས་མ་བཏང་། དེ་ནི་མོའི་བློ་རུའང་ཤར་མི་སྲིད་པའི་དོན་ཞིག་ཡིན་པས། བསམ་གྱིན་བསམ་གྱིན་དྭངས་གཙང་གི་སེམས་པ་དེ་རྣམ་ཀུན་སྡུག་བསྔལ་གྱི་ཁྲག་རྣག་གསེང་དུ་ནུབ་འགྲོ།
བདེ་སྐྱིད་ལྷ་མཚོ་ནོར་རྫིར་འགྲོ་བ་དང་། རང་ཉིད་ཁོ་ན་ཁེར་རྐྱང་དུ་ལུས་པ། ཁ་བ་བུ་ཡུག་འཚུབ་པ། སྐྱི་བསེར་འུར་འུར་ལྡང་བ་སོགས་གོམས་མེད་པའི་འཚོ་བར་སུན་སྣང་ཡང་ཡང་སྐྱེས་ཡོང་དུས། ཆེས་ཐོག་མར་མོའི་སྣང་ངོར་གཟུགས་པོ་རིང་ཞིང་ཕྲག་ཞེང་ཆེ་བ། མགོའི་སྐྲ་ལོ་གནག་ཅིང་འོད་ཀྲིག་གེར་འདུག་པ། སྨིན་མ་སྟུག་ཅིང་སྣ་གཟེངས་མཐོ་བ། གདོང་པ་ཅུང་དམར་སྨུག་ཅན་གྱི་སྟོབས་ལྡན་ཞེས་པའི་མིང་དོན་མཚུངས་པའི་གསར་བུ་དེ་ཡིད་ལ་ལྷང་ངེར་སྣང་ཡོང་བ་དང་། ཁོ་དང་འབྲེལ་བའི་དོན་དག་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་མོའི་མིག་མདུན་དང་ཡིད་ངོས་སོགས་སུ་མངོན་འོང་ཚེ། རེ་ཞིག་ལ་རང་ཉིད་གང་དུ་ཡོད་པའང་གཏིང་བརྗེད་དུ་གྱུར་འགྲོ། དུས་དེ་འདྲར་མོའི་མིག་ནང་དུ་འགྲེལ་དཀའ་བའི་འོད་ཅིག་འཁྱིལ་ཡོང་།
བདེ་སྐྱིད་ལྷ་མཚོ་རྨི་ལམ་ལྟ་བུའི་འཆར་ཡན་དེ་དག་ལས་སད་དུས། དུས་ཚོད་ཅི་ཙམ་འགོར་ཟིན་པའང་མི་ཤེས་ཤིང་། སྐབས་རེར་ཉི་མ་ནུབ་ཕྱོགས་ཀྱི་རི་བོ་མཐོན་པོ་དེ་ནས་ཡོལ་ཟིན་པ་དང་། ཡང་སྐབས་འགར་ནོར་རྣམས་གར་སོང་ཆ་མེད་དུ་གྱུར་དུས་ཀྱང་ཡོད་པས། ཁྱིམ་དུ་ལྷགས་རྗེས་ཨ་ཕས་གཤེ་གཤེ་ནན་མོ་གཏོང་ངེས། འོན་ཏེ། མོས་ནམ་ཡང་སྣང་ཡན་དེར་འཁང་ར་བྱེད་མི་སྲིད་ཅིང་། དེ་ནི་ཁེར་རྐྱང་དང་སུན་སྣང་སོགས་ལ་གདོང་གཏད་བྱེད་ཀྱི་དྲོད་ཁོལ་ལྷག་མ་ཞིག་ཏུ་གྱུར་ཡོད་ཨང་།
3
ཉིན་དཀར་དང་མཚན་སྨག་རྒྱུག་འགྲན་པ་བཞིན་གཅིག་ལས་གཅིག་མགྱོགས་ངང་མདུན་ནས་མདུན་དུ་ཤོར་བ་དང་། མདུན་ནས་མདུན་དུ་ཤོར་བའི་གོ་རིམ་ཁྲོད་ཤེས་མེད་ཚོར་མེད་ངང་བགྲང་བྱ་གཉིས་ཀྱི་ལྷག་ཙམ་རིམ་བཞིན་འདས་སོང་། བདེ་སྐྱིད་ལྷ་མཚོའི་དེ་སྔའི་རྣམ་རིག་དང་སློབ་ཆེན་འགྲིམ་པའི་འདུན་པ་ཐམས་ཅད། སྟོན་གྱི་ལོ་མ་བཞིན་རིམ་གྱིས་ག་ཤེད་ཅིག་ཏུ་སྤུར་སོང་ལ། དཀར་དམར་མདངས་ལྡན་གྱི་ཞལ་རས་ནི་ཚོས་གཞི་ཤོར་བའི་གོས་ཆེན་ཞིག་དང་འདྲ་བར་ཉིན་རེ་ནས་ཉིན་རེ་བཞིན་ཇེ་རྡུགས་སུ་ཕྱིན་ཅིང་། གདོང་གི་ཕག་ཏུ་ཡིབ་པའི་འཛུམ་ཆུང་དེའང་ད་ནི་དངོས་སུ་བྲོས་ཟིན་པ་འདྲ་ལ། མོའི་དྲན་ངོས་ནས་སློབ་གྲྭའི་འཚོ་བ་དེ་དག་དང་། སྟོབས་ལྡན་གྱི་གཟུགས་རིས་སོགས་ཀྱང་ད་ནི་བསེར་བུས་བྲིས་པའི་ཆུ་རིས་བཞིན་ཟད་དེ་རབ་རིབ་ཅིག་ཏུ་འགྱུར་བཞིན་འདུག
སྔོན་ཆད་དང་འདྲ་བར་དྲན་ངོར་ཅི་ཡང་འཆར་རྒྱུ་མེད་པར་གྱུར་བ་ནས་བཟུང་། བདེ་སྐྱིད་ལྷ་མཚོས་ནོར་ཐམས་ཅད་རི་མགོར་བཀྲམ་ཚར་རྗེས། རྣམ་ཀུན་ས་བདེ་ས་ཞིག་གམ་ཁོད་སྙོམས་ས་ཞིག་བཙལ་ཏེ་རང་གི་སྟོད་ལྭ་དེ་མགོར་བཀབ་སྟེ་གཉིད་ལྕོག་རྒྱག་གིན་ཡོད་ལ། བདེ་སྐྱིད་ལྷ་མཚོས་དེ་ལྟར་བསྐྱར་ཟློས་ཀྱི་དུས་ཚོད་མང་པོ་ཞིག་རྒྱང་ཕུད་དུ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད།
དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ནས་ཅི་ཞིག་ཧྲིལ་གྱིས་བོར་སོང་བ་བཞིན་བདེ་སྐྱིད་ལྷ་མཚོ་ནི་རེ་ལྟོས་དང་ཕུགས་འདུན་ཅི་ཡང་མེད་པར། ཉིན་བཞིན་བསྐྱར་ཟློས་ཀྱི་ལས་ཀའི་གསེང་ན་དགའ་བའི་དགོད་སྒྲ་མེད་ལ་སྐྱོ་བའི་མིག་ཆུའང་མེད་པར་ལུས་ཡོད། སྐབས་རེར་རི་མགོ་ནས་འབྲོག་སྡེའི་ཕོ་གསར་ཚོས་མོའི་ཟོལ་གྱིས་མ་བཅོས་པའི་མཛེས་པ་དེར་ཆགས་ཏེ་ཐོབ་འདོད་ཀྱི་ལྕགས་ཀྱུ་འཕངས་མྱོང་ནའང་། མོས་ནི་སེམས་ཀྱི་ཨ་ལོང་སྟོན་རྒྱུ་ལྟ་ཞོག ཐ་ན་ཁ་ལན་ཙམ་ཡང་མི་སྟེར་བས་ན་ཕོ་གསར་ཚོའང་ཐབས་ཟད་དེ་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་མོ་དང་རིང་དུ་གྱེས་འགྲོ།
ལོ་དེར་ད་གཟོད། སྟོབས་ལྡན་ཟེར་བའི་ཕོ་གསར་དེ་འབྲོག་སྡེ་རུ་ལོག་ཆོག་པའི་ལག་རྟགས་གང་ཞིག་ཐོབ་ཡོད་པ་དང་འདྲ་བར། བདེ་སྐྱིད་ལྷ་མཚོའི་སར་རྙི་ལས་ཤོར་བའི་ཤྭ་བ་བཞིན་ཕྱི་བལྟས་ཙམ་ཡང་མེད་པར་མོ་བཙལ་དུ་འོང་།
ནོར་ཁྱུ་རི་མགོར་བཀྲམས་ཚར་རྗེས་ཀྱི་དབྱར་གཞུང་གི་ཕྱི་དྲོ་ཞིག་ལ། བདེ་སྐྱིད་ལྷ་མཚོ་ནོར་ཁྱུ་དང་རྒྱང་ཐག་མི་རིང་བའི་རི་འདབས་ཤིག་ཏུ་ཉིན་རྒྱུན་བཞིན་གཉིད་དུ་ཡུར་ཡོད་པའི་སྐབས། རང་ཉིད་ལ་སུ་ཞིག་གིས་རེག་བཞིན་པ་ཚོར་ཏེ་སྔངས་སྐྲག་ཆེན་པོས་རང་གི་མགོར་གྱོན་པའི་ལྭ་བ་ཕར་བཤུས་རྗེས། ཐོལ་གྱིས་ཡར་དགྱེ་སྟེ་ཕར་ལྟ་ཚུར་ལྟ་བྱེད་བཞིན་ལག་པ་གཡུག་གཡུག་འགའ་བྱས། ད་སྔོན་མགོ་བོ་ལྭ་བས་བཏུམས་ཏེ་གཉིད་ཡོད་པའི་རྐྱེན་གྱིས་མིག་སྐྱིབས་ཀྱི་འདབ་མ་གློ་བ་གློ་བུར་ཕྱེ་འོང་དུས་རབ་རིབ་ཀྱི་གཟུགས་པོ་ཙམ་ལས་ཅི་ཡང་མཐོང་ཐུབ་མ་སོང་།
སྐབས་དེར།“བདེ་སྐྱིད། བདེ་སྐྱིད།”ཅེས་ཐེངས་གཉིས་བོས་ཡོང་།
རང་ལ་ད་ལྟ་རེག་མཁན་དེ་ནི་གཞན་མ་ཡིན་པར་མི་ཞིག་ཡིན་པ་ཤེས་ཏེ་བདེ་སྐྱིད་ལྷ་མཚོའི་བློ་ཅུང་ལྷོད་ལ་བབས་པར་གྱུར། འོན་ཏེ། དུས་འདིར་མོས་འཇིག་རྟེན་འདིར་རང་ཉིད་ལ“བདེ་སྐྱིད”ཅེས་འབོད་མཁན་མི་གཅིག་ལས་མེད་པ་ནི་རྨང་ནས་བརྗེད་ཟིན་པ་འདྲ།
མཐོ་འབྲིང་སྐབས་སུ། སྟོབས་ལྡན་གྱིས་མོར་བདེ་སྐྱིད་ཅེས་འབོད་ཀྱིན་ཡོད། འབོད་སྟངས་དེས་རྣམ་ཀུན་མོར་གཞན་སུ་ཡིས་ཀྱང་སྟེར་མི་ཐུབ་པའི་ཚོར་བ་ཞིག་སྟོབ་ཡོང་།
བདེ་སྐྱིད་ལྷ་མཚོས་རང་གི་མིག་ལ་ལག་པས་འཕུར་འཕུར་འགའ་བྱས་རྗེས་ཕ་ཡུལ་གྱི་ནོར་རྫི་ཞིག་ཡིན་རྒྱུ་རེད་སྙམ་བཞིན་མི་དེའི་གདོང་དུ་བལྟ་དུས། དྲན་ཡུལ་ལས་འདས་པ་ཞིག་ལ་དེ་ནི་ལོ་ངོ་གསུམ་སྔོན་རོལ་གྱི་རང་ཉིད་ཀྱི་སྙིང་ཉེ་སྟེ་སྟོབས་ལྡན་ཡིན་པ་གཞི་ནས་རྟོགས། མོར་གློ་བུར་དུ་དགའ་སྐྱོ་ཟུང་འབྲེལ་དང་བསྡོངས་ཏེ་སྐྱེངས་པའི་ཚོར་བ་རྣོན་པོ་ཞིག་སྐྱེས་པས། རང་གི་པང་དུ་ཡོད་པའི་སྟོད་ལྭ་དེ་ཧར་གྱིས་རང་གི་མགོར་གཡོགས་སོང་།
སྟོབས་ལྡན་མོའི་གམ་དུ་ཙོག་སྟེ། དཔུང་པ་གཡས་མ་མོའི་ཕྲག་གོང་དུ་བཞག་འདུག་ཅིང་མོར་ཤབ་ཤུབ་ཏུ་ཅི་ཞིག་བཤད་ཀྱིན་འདུག་ལ། ད་སྔོན་མོའི་མགོར་གཡོགས་ཡོད་པའི་ལྭ་བ་ལག་གཡོན་མས་འཐེན་ཙམ་འཐེན་ཙམ་བྱེད་བཞིན་བཤུ་ཅི་ཐུབ་བྱེད་ཀྱིན་འདུག
བདེ་སྐྱིད་ལྷ་མཚོར་གློ་བུར་སྐྱེས་འོངས་པའི་ཚོར་བ་དྲག་པོ་དེ་ད་ནི་རིམ་བཞིན་ཉི་འོད་འོག་གི་མར་ལོ་ལྟར་ཞུ་བཞིན་ཡོད་པ་འདྲ་སྟེ། ལྭ་བ་འཐེན་ཙམ་འཐེན་ཙམ་བྱེད་བཞིན་པའི་སྟོབས་ལྡན་ལ་ལྷོད་ཙམ་ལྷོད་ཙམ་བྱེད་བཞིན་གདོང་པ་ཁད་ཀྱིས་ཕྱིར་མངོན་ཡོང་། འོན་ཏེ། དུས་ཚོད་རིང་ཙམ་ཕྱིན་ནའང་ཁོ་ལ་ཨ་ལན་ཅི་ཡང་མ་བྱིན་པར་མགོ་བོ་དང་གར་སྨད་དེ་བསྡད་སོང་། དེ་ནི་ཡུན་རིང་མ་འཕྲད་པའི་སྟོབས་ལྡན་ལ་འཁང་ར་བྱེད་སྟངས་གཞན་ཞིག་ཡིན་པ་འདྲ་ལ། དུས་ངེས་མེད་དུ་ཟ་འགྲམ་བརྒྱུད་དེ་མ་ནེ་ནས་ཐིགས་ཡོང་བའི་མིག་ཆུ་དག་ཁོའི་པང་ཐོག་ཏུ་ཕྲེང་ཐག་ཆད་པ་བཞིན་ལྷུང་ཡོང་བ་དང་། དེ་ནི་འཚོ་བའི་ཁྲོད་ཡུན་རིང་བསགས་པའི་ཁེར་རྐྱང་དང་། རེ་ཆད། དྲན་གདུང་སོགས་སྲན་མ་ཚུགས་པར་ཤོར་ཡོང་བ་དང་ཤིན་ཏུ་མཚུངས། སྟོབས་ལྡན་གྱིས་བདེ་སྐྱིད་ལྷ་མཚོའི་མ་ནེ་ནས་མིག་ཆུ་་ལྷུང་བཞིན་པ་ཚོར་བ་དང་ལྷན། རང་གིས་རང་ལ་ཞེ་སྡང་ཞིག་དྲན་པའི་གཏིང་རིམ་ནས་ཆུ་བཞིན་ཁོལ་བྱུང་བ་དང་བདེ་སྐྱིད་ལྷ་མཚོ་རང་གི་བྲང་ཁར་དམ་དུ་བསྡམ་འདོད་ཀྱི་བློ་ཞིག་སྐྱེས། དེ་ནི་ད་ནས་བཟུང་མོ་དང་ཁ་མི་གྱེས་པའི་དམ་བཅའ་ཞིག་རང་གིས་རང་ལ་འཇོག་འདོད་པས་ཡིན་ནམ། ཡང་ན་སེམས་གཏིང་ནས་མོར་དགོངས་ཡངས་ཤིག་གནང་རོགས་ཞེས་ཞུ་འདོད་པ་སོགས་གང་ཞིག་ཡིན་པ་འདྲ་ཨང་། གང་ལྟར། བར་གླགས་དེར་སྟོབས་ལྡན་གྱི་ལུས་ཟུངས་ནང་ངར་ཤུགས་ཤིག་རྒྱས་ཡོང་ཞིང་། བདེ་སྐྱིད་ལྷ་མཚོ་རང་གི་བྲང་ཁུག་ཏུ་བསྡམ་པར་རྩོམ་པའི་ཚེ་གློ་བུར་དཔུང་ཤ་ལྷོད་བྱུང་། དེ་ནི་དབུགས་ལྒང་ཞིག་གི་ཕུ་ཤོར་བའི་རྣམ་པ་དང་ཧ་ཅང་འདྲ། མཐར་གཏུགས་ན་དེ་ཡང་རང་གི་ཁུག་མའི་ནང་གི་དཔང་ཡིག་ཅིག་དང་ཐད་ཀར་འབྲེལ་བ་ཡོད་དེ། དཔང་ཡིག་ཅེས་པའི་ཡིག་འབྲུ་གཉིས་པོ་འདི་ཁོའི་ནང་སེམས་སུ་འཆར་མ་ཐག སྤོབས་པ་ཐམས་ཅད་སྲོད་དུས་ཀྱི་ཉི་མ་ནུབ་ནས་ནུབ་ཏུ་ཕྱིན་རྗེས་མཐར་རིམ་བཞིན་མི་མངོན་པར་འགྱུར་བ་བཞིན་རྨེག་མེད་དུ་གྱར་སོང། དུས་དེ་འདྲར་སྟོབས་ལྡན་གྱི་བྲང་ཁོག་ཏུ་དགུན་ཁའི་སྲོད་དུས་ཀྱི་གྲང་ལྷགས་ལྡང་བ་བཞིན་འཁྱག་སིབ་སིབ། འཁྱག་སིབ་སིབ་བྱེད།
4
ཕྱི་དྲོའི་ཉི་མ་ནི་རྟ་ཕོས་རྟོད་ཐག་འཐེན་པ་ཇི་བཞིན་ནུབ་ཕྱོགས་སུ་གསེག་ཅི་ཐུབ་བྱེད་བཞིན་འདུག སྟོབས་ལྡན་གྱིས་དུས་ངེས་མེད་དུ་བདེ་སྐྱིད་ལྷ་མཚོར་ཁ་ཕྱོགས་ཏེ་ལྟ་བ་དང་འཛུམ་བག་ཅིག་ཕྱི་རུ་མངོན་ཙམ་མངོན་ཙམ་བྱེད་བཞིན་མོར་ཅི་ཞིག་བཤད་ཀྱིན་འདུག
རིང་ཙམ་ཕྱིན་རྗེས་བདེ་སྐྱིད་ལྷ་མཚོས་གཞི་ནས་ཁ་བརྡ་གློད་སོང་། “ཁྱོད་ཀྱིས་ང་ཅི་འདྲ་བྱས་ནས་རྙེད་སོང་།”སྐད་དམའ་མོས་དེ་ལྟར་སྟོབས་ལྡན་ལ་དྲིས་ཡོང་།
སྟོབས་ལྡན་གྱི་རྣམ་རིག་ཇེ་གྲིམ་དུ་གྱུར་ཅིང་ཡུན་རིང་རེ་སྒུག་བྱས་པའི་དངོས་པོ་རྩ་ཆེན་ཞིག ཐོལ་གྱིས་ལག་ཏུ་ཐོབ་པ་ལྟར་གློ་བུར་བཅོས་མིན་གྱི་འཛུམ་ཞིག་ཕྱིར་མངོན་བཞིན།
“ཚེ་རྒྱལ་ལ་དྲིས་པ་ཡིན། ཁྱོད་འབྲོག་སར་འདུག་ཟེར་བས་ང་ཐད་ཀར་བརྒྱུགས་ཡོང་བ་ཡིན།”
“ཁྱོད་ཀྱིས་ཁོ་ངོ་ཤེས་སམ།”
“ཁོ་ངའི་དམའ་འབྲིང་སློབ་གྲོགས་ཤིག་གི་ཕུ་བོ་རེད། ཁོ་ཁྱོད་ཀྱི་ཕ་ཡུལ་དུ་མག་པར་སོང་ཡོད་པ་ངས་སྔ་ཚེ་ནས་ཤེས”ཞེས་འཛུམ་པའི་མདངས་ཤིག་ཕྱུང་བཞིན་བདེ་སྐྱིད་ལྷ་མཚོར་ལབ། བདེ་སྐྱིད་ལྷ་མཚོས་སྐད་ཆ་དེ་དག་ཐོས་རྗེས་སྟོབས་ལྡན་ལ་བཅངས་པའི་འཁང་ར་དང་རེ་ཆད་དག་དེ་མ་ཐག་སུ་ཞིག་གིས་བསུབས་སོང་བ་ལྟར་གཏིང་བརྗེད་དུ་གྱུར་ཅིང་། སྟོང་ལྷང་ལྷང་གི་སྔོན་ཆད་ཀྱི་ཚོར་བ་དེར་གློ་བུར་ཅི་ཞིག་གིས་ཡོངས་སུ་གང་སོང་བའི་སྣང་བ་ཞིག་བྱུང་ཞིང་མིག་མཐའ་དྲོད་ལམ་ལམ་བྱེད།
“ད་ལྟའི་བར། ཁྱོད་ང་སར་ཅི་ཕྱིར་མ་ཡོང་བ་ཡིན།”ཅུང་ཙམ་འགོར་རྗེས། སླར་ཡང་བདེ་སྐྱིད་ལྷ་མཚོའི་གདོང་དུ་སྐྱོ་བ་ཞིག་མངོན་བཞིན་མགོ་བོ་གུག་ཙམ་བྱས་རྟིང་དེ་ལྟར་དྲིས་ཡོང་།
སྐད་ཆ་དེས་སྟོབས་ལྡན་ཅུང་གཟབ་ནན་དུ་བཏང་བ་དང་། ཁོས་དབུགས་རིང་ཞིག་ཕྱུང་སྟེ།“ལོ་ངོ་གསུམ་གྱི་རིང་དུ་ང་ད་རག་བར་ཕ་ཡུལ་དུ་ཡོང་མ་མྱོང…”དེ་ལྟར་སྨྲས་རྗེས་ཀྱི་མཚམས་འདི་ནས་སྟོབས་ལྡན་གྱིས་སྐད་ཆའི་རྒྱུན་མུ་རུ་བརྐྱང་མ་ཐུབ། ལོ་ངོ་གསུམ་རིང་གི་སྐྱོ་སུན་དང་དྲན་གདུང་མཐའ་དག་ལྷག་ལུས་མེད་པར་བདེ་སྐྱིད་ལྷ་མཚོའི་ནང་སེམས་སུ་འཕོ་བསམས་ནའང་། སྟོབས་ལྡན་ཟེར་བའི་ཕོ་གསར་དེར་དེ་ལྟར་མགྲིན་པ་ལས་ཕྱིར་ཕྱུང་བའི་ནུས་པ་མེད་པར་ལུས་སོང་།
ཁ་རྡུང་ཚ་ནན་ཅན་གྱི་དགེ་རྒན་ཞིག་གི་སྔོན་དུ་སློབ་མ་གཉོམ་ཆུང་ཞིག་འགུལ་མ་ཕོད་པར་ལུས་པ་བཞིན། སྟོབས་ལྡན་ཟེར་བའི་ཕོ་གསར་དེ་དེ་ལྟར་བརྩེ་དུང་གི་མདུན་ནས་ཉམ་ཆུང་ངང་སྐད་ཆ་ཞིག་ཀྱང་རྒྱུན་བསྲིང་མ་ནུས་པར་ལུས་སོང་།
5
སྟོབས་ལྡན་དེ་ལྟར་ལུས་འགྲོ་བ་ནི་མི་སྲིད་པ་ཞིག་ཡིན་ཏེ། ཁོ་ནི་སྙིང་གི་རྩ་སྦོམ་ཞིང་དཔའ་དང་སྤོབས་པ་ཧ་ཅང་ཆེ་བའི་ཕོ་གསར་ཞིག་ཡིན། མཐོ་འབྲིང་དང་སློབ་ཆེན་གང་གི་སྐབས་སུའང་སྟོབས་ལྡན་ཟེར་བའི་གསར་བུ་འདིར་ཕོག་ཐུག་གཏོང་ཕོད་མཁན་ཞིག་མེད་པས། བརྩེ་དུང་གི་མདུན་དུ་དེ་ལྟར་མགྲིན་པ་བརྣངས་ཏེ་ལུས་འགྲོ་བར་སུ་ཞིག་གིས་ཡིད་རྟོན་བྱེད་ནུས།
དེའང་མཐོ་གཉིས་ཀྱི་སློབ་སྐབས་རྗེས་མ་འདོན་བཞིན་པའི་ཉིན་ཞིག་གི་དགོངས་ཚོགས་གྲོལ་རྗེས། སྟོབས་ལྡན་དང་བདེ་སྐྱིད་ལྷ་མཚོ་གཉིས་ལག་པ་སྦྲེལ་ཏེ་རྩལ་སྦྱོང་ར་བ་ནས་འཆམ་འཆམ་བྱེད་བཞིན་པའི་སྐབས། སློབ་གྲྭ་ཡོངས་ནས་ངན་ལང་དུ་ཤོར་ཡོད་པའི་“དྲེད་མོང”ཞེས་འབོད་པའི་དྲེད་མོང་དང་ཤིན་ཏུ་འདྲ་བའི་གསར་བུ་སྟོབས་ཆེན་དེས། བསམ་གཟས་ཏེ་བདེ་སྐྱིད་ལྷ་མཚོའི་མཁུར་ཚོས་ངོས་སུ་འོ་ཞིག་བྱས་ཏེ་བྲོས་སོང་བས། སྟོབས་ལྡན་གྱིས་དྲེད་མོང་བཟུང་སྟེ་མུར་མཛོག་ཅིག་ཆོབ་སེ་ངོ་གདོང་དུ་གཞུས་པས།“དྲེད་མོང་”གིས་ཡ་ལན་སྤྲད་པར་རྩོམ་ཚེ་ཐོལ་དུ་ཕྱོགས་ཀུན་ནས་སློབ་མ་མང་པོ་རུབ་ཡོང་བས་དགེ་རྒན་གྱིས་ཤེས་པར་དོགས་ཏེ།“དོ་དགོང་ཁྱོད་ཀྱིས་ཉལ་ཁང་ནང་ནས་བསྒུག་སྡོད། ངས་ཇོ་བོ་རིན་པོ་ཆེ་་་་”ཟེར་བཞིན་བྲེལ་སྟབས་ཀྱིས་ད་སྔོན་རུབ་རུབ་བྱས་ཡོད་པའི་སློབ་མ་ཐམས་ཅད་ཀྱི་དཀྱིལ་གཤགས་ཏེ་བུད་སོང་བས། ད་སྔོན་རུབ་ཡོང་བའི་སློབ་མ་ཐམས་ཅད་ཚོགས་འདུ་ཞིག་གྲོལ་སོང་བ་ལྟར་ཕྱོགས་སོ་སོར་འཐོར་སོང་།
བདེ་སྐྱིད་ལྷ་མཚོ་ནི་འཚེར་སྣང་ཆེན་པོའི་ངང་ཡུད་ཙམ་ལ་ཤིང་གིས་བཟོས་པའི་མི་ལྟར་དེ་གར་ཧད་འདུག སྟོབས་ལྡན་གྱིས“འགྲོ”ཞེས་འཐེན་ཙམ་བྱས་པས་ད་གཟོད་དྲན་སོས་པ་ལྟར་འགུལ་བྱུང་བ་དང་། སྟོབས་ལྡན་ལ་འཇུས་ཏེ་མཁུར་ངོས་ནས་དྲོད་ཚད་ངེས་ཅན་ལྡན་པའི་ཟིལ་བ་ལྟ་བུའི་དྭངས་གཙང་གི་ཅི་ཞིག་འགྲིལ་བཞིན་དུ“དོ་དགོང་འཛིང་རེས་མ་བྱས་ན་ཨེ་ཆོག སྐུ་ཚེ་རིང་།”ཞེས་བྱིས་པ་ཞིག་གིས་ཕ་མ་ལ་སྐུལ་བ་ལྟར་ཞུ་བ་བྱས། སྟོབས་ལྡན་གྱིས་ཁ་རོག་གེར་ལན་ཅི་ཡང་མ་བྱིན་པར་ཡུད་ཙམ་འགོར་རྗེས་“སྔ་ཚེ་ཉོལ”ཟེར་བཞིན། རང་གི་ཉལ་ཁང་གི་ཕྱོགས་སུ་གཏད་དེ་མོའི་སྔོན་དུ་བུད་སོང་། བདེ་སྐྱིད་ལྷ་མཚོས་བུའི་ཉལ་ཁང་གི་སྒོ་ཆེན་བར་རྗེས་དེད་དེ“སྐུ་ཚེ་རིང་། དོ་དགོང་མ་འཛིང་ཨ”ཟེར་བཞིན་བསྐྱལ་བ་ན།“འོ་ཡ།”ཟེར་བའི་སྒྲ་གོ་ལ་མི་གོ་བ་ཙམ་ཞིག་སྨྲས་རྗེས་ཕྱི་ལྟས་ཙམ་ཡང་མེད་པར་སྒོ་ནང་དུ་འཛུལ་སོང་། བདེ་སྐྱིད་ལྷ་མཚོ་སེམས་ཁྲལ་གྱིས་ཡོངས་སུ་མནན་ཡོད་པའི་བཟོ་ལྟ་ཞིག་དང་བཅས་རང་གི་མལ་ཁང་ནང་མ་ལོག་རང་ལོག་ཆགས།
དོན་དམ་དུ་“དྲེད་མོང་”ཞེས་པའི་གསར་བུ་དེ་ནི་སློབ་གྲྭ་ཡོངས་ནས་ཡ་ལན་སྤྲད་ཕོད་མཁན་གཅིག་ཀྱང་མེད་པའི་གསར་བུ་ལང་ཤོར་ཞིག་ཡིན་པས། བདེ་སྐྱིད་ལྷ་མཚོས་ཀྱང་དེ་ལྟར་ནན་གྱིས་རེ་ཞུ་བྱེད་དོན་མཐར་གཏུགས་ན་“དྲེད་མོང་”ལ་ཞེད་པས་མ་ཡིན་ནམ།
སྟོབས་ལྡན་མལ་ཁང་དུ་ཐོན་རྗེས་མལ་གྲོགས་ཚོས་ཁོ་ལ་བསྒུགས་འདུག་ལ། ཁོ་མཐོང་མ་ཐག་བྲེལ་འཚུབ་ངང་མལ་གྲོགས་ཚོས་“དྲེད་མོང་ལ་འཛིང་རྒྱུ་ཐུག་སོང་ངམ་”ཞེས་ཚབ་ཚུབ་ངང་དྲིས་པ་ན།
“ཐུག་སོང་།”ཞེས་ཁྲོ་བའི་ཉམས་ཤིག་དང་གདོང་གཏུག་རྒྱུ་ལས་ཅི་ཡང་དཔྱད་འདོད་མེད་པའི་དཔའ་ངར་ཞིག་མངོན་ཏེ་སྟོབས་ལྡན་གྱིས་དེ་ལྟར་སྨྲས་འོང་།
སྟོབས་ལྡན་གྱི་སྐད་ཆ་དེས་ཉལ་ཁང་ཧྲིལ་པོ་རེ་ཞིག་ལ་འཇམ་ཐིང་ངེར་བསྒྱུར་སོང་། ཁང་བའི་ནང་དུ་མི་གཅིག་ཀྱང་མེད་པ་བཞིན་ཡོད་ཚད་དེ་ལྟར་དབུགས་རྨེག་གེར་བསྒྱུར་སོང་། རྣམ་ཀུན་དེ་ལྟར་ལྷིང་ཞིང་འཇགས་པའི་དུས་སུ། སྒེའུ་ཁུང་གི་གུད་དུ་བཀལ་ཡོད་པའི་ཆུ་ཚོད་འཁོར་ལོའི་མདུན་སྐྱོད་ཀྱི་རྡོག་སྒྲ་དེ་དེ་ལྟར་ལྷང་ལ་བུད་ཡོང་། དེ་རིང་ཡང་ངང་ཚུལ་དེ་ལས་མ་འདས་པར“ཀྲིག་་་ཀྲིག་་་ཀྲིག་་་་ཀྲིག”ཅེས་གསལ་ཆ་ཡོད་པའི་རྡོག་སྒྲ་དེ་གང་ཞིག་གི་གཏིང་རུམ་ནས་དེ་ལྟར་ལྷང་ལ་བུད་ཡོང་།
ཏག་ཏག་དུས་ཀྱི་ཆ་ཤས་དེར་མལ་གྲོགས་ཚང་མ་རི་མོའི་ནང་གི་མི་ལྟར་ཅི་བྱ་གཏོལ་བྲལ་དུ་ཧད་འདུག
མཚམས་ཚིགས་དེར་སྟོབས་ལྡན་གྱིས་སློབ་ལྭ་འཕུད་བཞིན།“རང་གིས་བསྒྲུབས་པའི་བྱ་བ་རང་གིས་འགན་ཁུར་དགོས། ཁྱོད་ཚོས་སེམས་ཁྲལ་བྱེད་མི་དགོས། སློབ་གྲྭས་ཤེས་སོང་ནའང་ཡག་པོ་ཡོད་མ་རེད། དོན་དག་འདི་ངས་ཐག་གཅོད་ཐུབ།”ཅེས་སྟོབས་ལྡན་གྱིས་སྒམ་བརླིང་ངང་ཅི་མི་སྙམ་པ་ལྟར་བཤད་སོང་། དུས་འདིར་མལ་གྲོགས་རྡོ་རྗེས“དོན་དག་འདི་ཙམ་མཉམ་དུ་བསྒྲུབ་མ་ཕོད་ན་ཉལ་ཁང་གཅིག་ནང་དུ་ཉལ་བསྡད་ན་ཅི་ཕན་རེད། བཤས་ར་ཁུར།”ཞེས་མནའ་ཞིག་བསྐྱལ་བ་དང་སླར་ཡང་།“འཛིང་དྲན་མཁན་ཐམས་ཅད་སྡོད། འཛིང་མི་དྲན་མཁན་ཐམས་ཅད་དེའི་ཚེ་ཉལ་ཁང་གཞན་ཞིག་ཏུ་སོང་།”ཅེས་ཁྲོ་བ་དང་བཅས་བཤད། སྐད་ཆ་དེས་ཉལ་གྲོགས་གཞན་རྣམས་ལ་ངར་ཤུགས་ཤིག་སྦྱིན་པའམ། ཡང་ན་ཕྱིས་སུ་ངོ་ཚ་སྟེར་བར་དོགས་པ་སོགས་གང་ཡིན་ཆ་མ་འཚལ་མོད། དོན་དུ་ནུབ་མོ་དེར་ཉལ་ཁང་གཅིག་གི་མི་བརྒྱད་ལས་སྒོ་ཕྱིར་རང་ཤུགས་ཀྱིས་བུད་མཁན་ཞིག་མ་བྱུང་བ་རེད།
རིང་པོ་མ་འགོར་བར་“དྲེད་མོང་”་རོགས་པ་དྲུག་བདུན་དང་ལྷན་དུ་འཛུལ་བྱུང་བ་དང་།“ང་ལ་ཁེར་ཐུག་རྒྱག་པའི་དཔའ་ཨེ་ཡོད”ཅེས་སྟོབས་ལྡན་གྱི་གདོང་དུ་འཛུབ་མོ་བཙུགས་ཏེ་བཤད་པ་ན། སྟོབས་ལྡན་གྱིས་ཨ་ལན་ཅི་ཡང་མ་བྱིན་པར“གཞན་ཚང་མ་ཕྱི་ལ་བུད་རོགས”ཞེས་བཤད་པས། སྟོབས་ལྡན་དང་“དྲེད་མོང་”ལས་གཞན་པའི་མི་ཚང་མ་སྒོ་ཕྱིར་བུད་སོང་།
སྒོ་འགྲམ་ནས་སྟོབས་ལྡན་གྱི་མལ་གྲོགས་ཚོས་སེམས་ཁྲལ་ངང་སྒུག་བཞིན། ནང་གི་སྒྲ་ལ་ཞིབ་ཏུ་ཉན་འདུག ཉལ་ཁྲི་འདྲུད་པའི་ཙིར་སྒྲ་དང་ཅོག་ཙེ་སྒྲིལ་བའི་ཁྲོག་སྒྲ། ད་དུང་རྡོག་ཐོ་གཞུ་བའི་ཁོབ་སྒྲ་དང་མུར་མཛོག་ངོ་གདོང་དུ་ལྷུང་བའི་ཆོབ་སྒྲ་སོགས། མི་གཉིས་ཀྱིས་མལ་ཁང་འདི་འགད་གཏོར་བྱེད་མི་ཡོང་ངམ་སྙམ་པའི་ཆོམ་སྒྲ་བར་མེད་དུ་གྲག་ཡོང་བ་དང་། བར་མཚམས་ཤིག་ནས། ཁོ་གཉིས་ཀས་དར་ཅིག་ལ་ངལ་གསོས་ཡོད་པ་འདྲ་སྟེ་དབུགས་ཧལ་ཧལ་དུ་འབྱིན་རྔུབ་བྱེད་པའི་སྒྲ་ཙམ་ལས་ཅི་ཡང་གོ་རྒྱུ་མེད་པར་གྱུར་འགྲོ་ལ། སླར་ཡང་ལྷིང་འཇགས་དེ་མལ་གྲོགས་ཐམས་ཅད་ཀྱི་རྣ་བར་གཟན་པའི་ཆོམ་སྒྲ་རུ་འགྱུར་མགོ་བརྩམ་འགྲོ། མཚན་མོ་དེར་དེ་ལྟར་ཁོ་གཉིས་ཀྱིས་ཕན་ཚུན་ལ་གཞུས་རེས་བྱས་ཏེ་སྐར་མ་སུམ་ཅུ་སོ་ལྔ་ཙམ་འདས་རྗེས་ཁོ་གཉིས་ཀ་སྒོར་བུད་སོང་། སློབ་གོས་སྟོད་ལྭ་ཁྲ་བོ་དེའི་མདུན་ངོས་ནི་ཚོས་གཞི་དམར་པོར་བསྒྱུར་བ་དང་འདྲ་བར་ཁྲག་གིས་ཡོངས་སུ་སྦགས་འདུག ངོ་མ་བཤད་ན། ལུས་ཀྱི་གཟུགས་དབྱིབས་ལ་མ་བལྟས་པར་ཁོ་གཉིས་ཀྱི་ངོ་གདོང་ཁོ་ནར་བལྟས་ན་དུས་ཡུན་ཐུང་ཐུང་ནང་སོ་སོར་བཀར་མི་ཐུབ་པའི་ཚད་དུ་ལྷུང་འདུག
དྲང་མོར་བཤད་ན། མཚན་མོ་དེར་རྒྱལ་ཕམ་གྱི་དབྱེ་ཐག་གསལ་པོར་མ་ཆོད་མོད། ཁོ་གཉིས་ཀར་སླར་ཡང་རྒྱུན་བསྲིངས་བའི་ནུས་ཤུགས་མེད་པར་གྱུར་སོང་།
ཕྱི་ཉིན་ནས་སྟོབས་ལྡན་གྱིས་“དྲེད་མོང་”དང་འཐབ་པ་དེ་སློབ་གྲྭ་ཡོངས་སུ་རླུང་ལྡང་བ་ལྟར་ཁྱབ་འདུག“བུ་ཕ་བསྟོད་མི་དགོས་དགྲ་བསྟོད། དགྲ་ནག་པོས་བསྟོད་ན་བསྟོད་བརྟན། བུ་མོ་མ་བསྟོད་མི་དགོས་གནས་བསྟོད། གནས་ཡུལ་གྱིས་བསྟོད་ན་བསྟོད་བརྟན།”ཟེར་བ་ལྟར་དོན་དུ་ཆེས་ཐོག་མར་སྟོབས་ལྡན་ལ་བསྟོད་མཁན་དེ་ནི་“དྲེད་མོང་”རེད་ལ། མཚན་མོ་དེར། ཁོ་ཚོ་མལ་ཁང་དུ་ལོག་རྗེས་“དྲེད་མོང་”གིས་བཤད་པའི“ཕོ་ཚེ་ངའི་རིང་ལ་བུ་དེ་ལས་ངར་བ་ཞིག་ཐུག་མ་མྱོང་”ཞེས་པའི་སྐད་ཆ་ཐུང་ཐུང་དེ་ཕྱི་ཉིན་ནམ་གསལ་བ་དང་མཉམ་དུ་སློབ་གྲྭ་ཡོངས་སུ་ཁྱབ་སོང་།
6
བདེ་སྐྱིད་ལྷ་མཚོའི་ནང་སེམས་སུ་སྟོབས་ལྡན་ཞེས་པའི་ཕོ་གསར་འདི་ནི་ཕོ་རྒོད་པོ་རྒྱ་སྟག་འདྲ་བ་ཞིག་ཡིན་པ་ལྷུན་ཆགས་སུ་གནས་ཡོད། སྐབས་འདིར་མོས་སྟོབས་ལྡན་མགྲིན་པ་བརྣངས་ཏེ་ལུས་ཡོད་པ་ཚོར་བས། སེམས་ཀྱི་གཏིང་རུམ་ནས་དགའ་སྐྱོའི་ཚ་ཤར་ཞིག་རྒྱུག་ཡོང་བ་དང་ལྷན། རང་དབང་མེད་པར་སྟོབས་ལྡན་གྱི་ལུས་ལ་ག་ལེར་འཁྱུད་སོང་། ག་ལེར་འཁྱུད་ཡོང་བའི་མཚམས་ཚིགས་གང་ཞིག་ནས་ཁོར་རང་ཉིད་ཀྱིས་ཡུན་རིང་བོར་ཟིན་ཅིང་། ད་ནི་གཏན་ནས་རྙེད་ཐབས་མེད་སྙམ་པའི་ཚོར་བ་དེ་གང་ཞིག་ནས་ཉི་མ་སྤྲིན་གསེབ་ནས་ཐོན་པ་བཞིན་སེམས་ཀྱི་ཕྱི་ནང་གསང་གསུམ་དུ་བརྟས་ཡོང་བའི་ཉམས་སྣང་བྱུང་།
དེ་ལྟར་ཕན་ཚུན་འཁྱུད་དེ་རིང་ཙམ་ཕྱིན་རྗེས་ཁོ་གཉིས་ནི་མི་ལོ་གསུམ་གྱི་སྔ་རོལ་ཏུ་ལྡོག་པ་དང་འདྲ་བར། ཁོ་གཉིས་ཀར་ཤ་འདྲེས་པགས་འདྲེས་སུ་གྱུར་པའི་ཉམས་སྣང་ཞིག་བྱུང་། ཉམས་སྣང་དེ་ནི་འཇིག་རྟེན་འདི་ནས་ཁོ་གཉིས་ཐུན་མོང་འདུས་པའི་ཚེ་ད་གཟོད་མྱོང་ཐུབ་པ་ཞིག་ལས་སོ་སོས་ནམ་ཡང་མྱངས་ཐབས་མེད་པའི་ཚོར་བ་གཞན་ཞིག་རེད།
ཉི་མ་ནི་གཟིམ་ལ་ཉེ་བའི་མར་མེ་ཀོང་གཅིག་དང་འདྲ་བར། ཉིན་གཅིག་གི་ཆེས་མཐའ་མཇུག་གི་འཛུམ་ཞལ་དེ་ངོམ་བཞིན་ཡོད་པ་ལྟར། མཐོ་དམའ་མི་སྙོམས་པའི་སྒང་གཤོང་དེ་དག་ལ་ཞལ་རས་སྟོན་ཙམ་སྟོན་ཙམ་བྱེད་བཞིན་རྒྱང་རིང་དུ་བགྲོད་ཀྱིན་འདུག རྒྱང་རིང་དེ་ནས་འགུལ་ཙམ་འགུལ་ཙམ་བྱེད་བཞིན་པའི་སྤྲིན་དཀར་ཕང་ཕུང་དེ། ད་ནི་པིར་རྩལ་ལ་བྱང་བའི་སྒྱུ་རྩལ་པ་ཞིག་གིས་རི་མོ་ཞིག་ལ་ཚོན་མདངས་སེར་པོ་འབྱུག་བཞིན་པའི་གོ་རིམ་ལྟར། སྤྲིན་དཀར་ནས་མཚམས་སྤྲིན་གྱི་ངོ་བོར་འགྱུར་བཞིན་འདུག
སྟོབས་ལྡན་གྱིས་འཛུམ་བག་ཅིག་མངོན་བཞིན་ཁུག་མ་ལས་སློབ་བསྡུ་བརྡ་ཐོ་ཞིག་བཏོན་སོང་། བདེ་སྐྱིད་ལྷ་མཚོས་དེ་མ་ཐག“འདི་ཅི་རེད་”ཟེར་བཞིན་ལག་ཏུ་བླངས། བདེ་སྐྱིད་ལྷ་མཚོས་ཐོལ་དུ་ཧ་ལས་པའི་རྣམ་འགྱུར་ཞིག་གིས་ལྟ་བཞིན།“ཁྱོད་ཞིབ་འཇུག་ལ་རྒྱུགས་འཕྲོད་འདུག་གམ་”ཞེས་དྲིས།
“འཕྲོད་འདུག་”ཟེར་བཞིན་འཛུམ་ཙམ་བྱས་པ་དང་མཐུད་ནས“བདེ་སྐྱིད། དོན་ངོ་མ་བཤད་ན་ང་ཕྱིར་མི་ལོག་དོན་འདིའི་ཆེད་དུ་ཡིན་ལ། ད་དུང་ཡང་ལོ་ངོ་གསུམ་ལ་འགྲོ་དགོས་པས་ཁྱོད་ཀྱིས་འཁང་ར་བྱ་སྲིད་དམ་”ཞེས་བཤད་པ་དང་། ཁོར་གཟབ་ནན་གྱི་རྣམ་པ་ཞིག་མིག་ཟུང་དུ་འཁྱིལ་འདུག
བདེ་སྐྱིད་ལྷ་མཚོའི་དགའ་སྤྲོའི་བྱེའུ་ཆུང་དེ་གློ་རྡེག་ཏུ་ཁྲ་ཞིག་གིས་གར་སོང་ཆ་མེད་དུ་བདས་སོང་བ་ལྟར། དེ་སྔའི་ཧ་ལས་པའི་འཛུམ་བག་གིས་ཁེངས་པའི་གདོང་པ་དེ་ད་ནི་ཡོངས་སུ་ནག་རོག་གེར་ལྷོད་བྱུང་།
ཁོ་གཉིས་ཀ་ཏབ་ཅིག་ལ་འཇམ་ཐིང་ངེར་གྱུར་སོང་བ་དང་བསྟུན། བསིལ་འཇམ་གྱི་རླུང་བུས་རྩྭ་ཕྲན་སྒུལ་བའི་ཤུ་སྒྲ་རྣ་བར་ལྷུང་ཡོང་བ་དང་། ཐག་རིང་ནས་རྫི་བོ་ཚོས་བཏབ་པའི་ཀི་སྒྲ་རེ་འགས་ཀྱང་དེ་དང་ལྷན་རྣ་བའི་སྒོ་མོ་བརྡུངས་མགོ་བརྩམས་འོངས།
སྟོབས་ལྡན་གྱིས་བདེ་སྐྱིད་ལྷ་མཚོ་རང་གི་བྲང་ཁར་སྦྱར་བཞིན“བདེ་སྐྱིད། གལ་ཏེ་ཁྱོད་ཀྱིས་ང་ད་དུང་ལོ་གསུམ་དུ་བསྒུག་ཐུབ་ཚེ། འུ་གཉིས་ཁྱིམ་གཅིག་ཏུ་འཛོམས་ཁོ་ཐག་ཡིན་”ཞེས་བཤད།
“ཁྱོད་ནི་མི་ཕུལ་བྱུང་ཅན་ཞིག་ཏུ་འགྱུར་བཞིན་འདུག ད་ང་ནི་སློབ་ཆེན་འགྲིམ་མ་ཐུབ་པས་མི་ཚེ་འདིར་རྫི་བོ་ཞིག་ལས་བྱ་ཐབས་གཞན་ཡོད་པ་མ་རེད། ཁྱོད་ཀྱིས་ང་ད་དུང་ཡང་བློས་བཏང་མི་སྲིད་དམ་”ཞེས་ངུ་སྐད་འདྲེས་མའི་ངང་ངག་འཇམ་པོས་དེ་ལྟར་བཤད་པའི་བར་གླགས་དེར། བདེ་སྐྱིད་ལྷ་མཚོའི་ཁྲ་སྒོར་སྒོར་གྱི་མིག་འགྲམ་དུ་དྭངས་གཙང་གི་ཆུ་མིག་ཆུང་ཆུང་ཞིག་བསྐྱིལ་ཡོང་བ་དང་། ཡུད་ཙམ་མ་འགོར་བར། དྲོད་ཚད་ངེས་ཅན་ལྡན་པའི་ཆུ་རིལ་འགའ་མོའི་མཁུར་ཚོས་བརྒྱུད་དེ་འགྲིལ་བྱུང་། དེ་ནི་ཞོགས་པར་རྩྭ་མགོར་ཆགས་པའི་དྭངས་གཙང་གི་ཟིལ་པ་དང་གཉིས་སུ་མེད་པ་ཞིག་རེད།
“བདེ་སྐྱིད། སྐྱོན་ཡོད་པ་མ་རེད། ང་མི་ཚེ་འདིར་ཁྱོད་ལས་གཞན་ཞིག་དང་འགྲོག་མི་སྲིད། ཁྱོད་ཀྱིས་སེམས་ཁྲལ་ཅི་ཡང་མེད་པར་ང་སྒུགས་སྡོད་དང་། ངས་ཁྱོད་ལ་མ་འོངས་པར་དཔེ་ཀློག་གི་ཁོར་ཡུག་ཅིག་བསྐྲུན་ངེས་ལ། ངས་ད་དུང་ང་རང་གཉིས་ཁོ་ནར་དབང་བའི་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་བཅའ་ཁོ་ཐག་ཡིན”ཞེས་ཕུགས་བསམ་དང་འཆར་གཞི་ལྡན་པའི་སྐད་ཆ་དེ་བཤད་པའི་བར་གླགས་དེར། ཁོའི་མིག་ཟུང་རེ་བ་དང་ཡིད་ཆེས་ཤིག་གིས་ཡོངས་སུ་ཁེངས་འདུག
སྐད་ཆ་དེས་བདེ་སྐྱིད་ལྷ་མཚོའི་སེམས་ཀྱི་གཏིང་ནས་འཁྱག་སིབ་སིབ་བྱེད་པའི་ཚོར་བ་དེ་རིམ་བཞིན་དྲོད་ལམ་ལམ་དུ་གྱུར་འགོ་ཚུགས་ཤིང་ཡིད་འཐད་པའི་བརྡ་ལ་མགོ་བོ་ནང་དུ་གུག་ཙམ་བྱས། སྐབས་འདིར་མོས་སྟོབས་ལྡན་ལ་ཕུར་ཚུགས་སུ་ཅེར་འདུག་ལ། མིག་ཟུང་ལས་རེ་བའི་འོད་ཟེར་ཕྲ་མོ་ཞིག་ཀྱང་བཅོས་མིན་དུ་མངོན་འདུག
ཡུད་ཙམ་འགོར་རྗེས་བདེ་སྐྱིད་ལྷ་མཚོས་ཅི་ཞིག་དྲན་པ་ལྟར།“ལོ་གསུམ་གྱི་རིང་དུ་ཁྱོས་གཞན་ལ་དགའ་རོགས་མི་བསྒྲིག་པར་བཟོད་ཐུབ་བམ”ཞེས་སེམས་ཁྲལ་དང་སྐྱེངས་པ་འདྲེས་མའི་ངང་བཤད།
“ང་ལ་དགའ་རོགས་མ་ཚད་ཚེ་རོགས་ཡོད།”ཅེས་སྟོབས་ལྡན་གྱི་གདོང་དུ་འཛུམ་ཞིག་བརྟས་པ་དང་ལྷན་མོར་ཅེར་ཏེ་ཀུ་རེ་འདྲེས་མའི་ངང་དེ་ལྟར་བཤད།
ཀུ་རེ་འདྲེས་མའི་སྐད་ཆ་དེས་བདེ་སྐྱིད་ལྷ་མཚོའི་སེམས་ཁ་ཡེ་ནས་གང་མ་ཐུབ་པ་དང་འདྲ་བར།“སྟོབས་ལྡན། ཁྱོས་ངོ་མ་དེ་བསྒྲུབ་ཐུབ་ས་ཨེ་གདའ།”རླུང་བུ་ལྡང་ཙམ་ལྡང་ཙམ་བྱེད་པའི་དབྱར་གཞུང་གི་ས་སྲོས་དེར། མོས་སྟོབས་ལྡན་གྱི་ཕྲག་པར་མགོ་བོ་བསྙེས་ཤིང་སྐད་ཤུགས་ཆུང་ངུས་དེ་ལྟར་དྲིས།
“ཁྱོད་ཀྱིས་ང་ལ་ཡིད་ཆེས་གྱིས་དང་ཆོ ངོ་མ་འགྱུར་བ་མེད།”སྟོབས་ལྡན་གྱི་སྐད་གདངས་ལ་ངར་ཤུགས་ཤིག་རྒྱས་འདུག སྐད་གདངས་གཅིག་པུས་སུ་ལའང་ཡིད་ཆེས་ཤིག་སེམས་ཀྱི་གཏིང་དུ་སྟེར་ནུས་པ་འདྲ། ངོ་མ་ཕོ་གསར་རྒོད་པོ་ཞིག་གི་གཡར་དམ་བདེ་སྐྱིད་ལྷ་མཚོའི་སེམས་ཀྱི་གཏིང་དུ་དྲོད་ཁོལ་ཞིག་དང་མཉམ་དུ་སིམ་བྱུང་། དུས་དེ་འདྲར་བདེ་སྐྱིད་ལྷ་མཚོའི་ཁྲ་རིལ་རིལ་གྱི་མིག་ཟུང་དུ་འོད་ཅིག་འཁྱིལ་འགྲོ།
རྩྭ་ཐང་གི་ས་སྲོས་དེར། ལྡང་ཙམ་ལྡང་ཙམ་བྱེད་བཞིན་པའི་རླུང་བུའི་ཤུར་སྒྲ་རེས་འགར་ཡོད་པ་ལས་གཞན། ད་དུང་གཉོམ་དུང་དུང་ངང་བཞུར་བཞིན་པའི་ལུང་མདོའི་ཆུ་ཕྲན་གྱི་སྒྲ་ཆལ་ཆིལ་དེ་དག་ལས་གཞན་ཡོད་ཚད་འཇམ་ཐིང་ངེར་གནས་འདུག ཐ་ན་སྲིན་འབུའི་སྒྲ་ཟ་ཟི་དེ་དག་ཀྱང་ད་ནི་རང་རང་གི་གནས་མལ་གང་ཞིག་ཏུ་འཇམ་རྨེག་གེར་གཉིད་དུ་ཡུར་སོང་བ་ལྟར་འཇགས་ཟིན་པ་འདྲ།
རི་འདབས་དེར་གར་ཡོང་མི་ཤེས་པའི་རླུང་བུ་འཇམ་པོ་ཞིག་ལྡང་ཙམ་ལྡང་ཙམ་བྱེད་ཅིང་། བདེ་སྐྱིད་ལྷ་མཚོའི་སྐྲ་ལོ་ཡང་འགྲོས་དེ་དང་བསྟུན་ཏེ་གཡོ་ཙམ་གཡོ་ཙམ་བྱེད་བཞིན་འདུག བར་གླགས་འདིར་ཁོ་གཉིས་ཀས་སྨྲ་བ་དབེན་པའི་བརྟུལ་ཞུགས་ཤིག་བཟུང་ནས་འཇམ་ཐིང་ཐིང་དུ་བསྡད་སོང་། དོན་དུ་བར་གླགས་འདིར་ཁོ་གཉིས་ཀྱིས་མི་ལོ་གསུམ་གྱི་གཞུག་ཏུ་བསམ་བློ་གཏོང་བཞིན་ཡོད་པ་འདྲ།
ཁོ་གཉིས་ཀས་དཀར་པོ་ནས་དམར་སེར་དུ་འགྱུར་བཞིན་པའི་སྤྲིན་པ་ཕང་ཕུང་དེར་ཅེར་བཞིན། མ་འོངས་ནི་སྤྲིན་པ་འདི་ལྟར་རིམ་གྱིས་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་རེ་སྨོན་བྱེད་བཞིན་ཡོད་པ་འདྲ། དུས་དེ་འདྲར་ཁོ་གཉིས་ཀྱི་སེམས་པ་ཚ་ལམ་ལམ་བྱེད།
ཁོ་གཉིས་ཀྱིས་མཉམ་འཇོག་བྱུང་དུས། མདུན་ཕྱོགས་ཀྱི་ངང་པ་སེང་སེང་ཞེས་འབོད་པའི་རྫ་རི་དཀར་སེང་ངེ་ལུག་འདྲ་བ་དེའི་སྤོ་ནས་ཟླ་བ་ཐག་ཚད་གཅིག་ཙམ་དུ་བསླེབས་ཟིན་འདུག
དུས་དེར་ཁོ་གཉིས་ཚབ་ཚུབ་ངང་ཡར་ལངས་ཏེ་བདེ་སྐྱིད་ལྷ་མཚོའི་འབྲོག་ཁྱིམ་མཐོང་སའི་རི་སྒང་དེར་རྒྱུག་པ་ན། བདེ་སྐྱིད་ལྷ་མཚོའི་ཕ་མ་གཉིས་ཀྱིས“བདེ་སྐྱིད་ལྷ་མཚོ། བདེ་སྐྱིད་ལྷ་མཚོ…”ཞེས་མོའི་མིང་ནས་འབོད་བཞིན་ལྷས་ར་དང་རྒྱང་ཐག་མི་རིང་བའི་ལུང་འགག་དེ་ནས་ལག་སྒྲོན་གཉིས་ཕྱོགས་ངེས་མེད་དུ་བཀར་བཞིན་འཚོལ་གྱིན་ཡོད་པ་རྟོགས།
“ཨ་་་ཨ་མ། ཨ་མ་ང་འདི་ན་ཡོད།”ཅེས་སྐད་གསང་མཐོན་པོས་བོས་ཤིང་། སྟོབས་ལྡན་ལ་ཁ་ཕྱོགས་ཏེ“ད་ང་ཁྱིམ་དུ་མ་སོང་ན་ཨ་ཕས་སྡིགས་རྒྱུ་རེད། ཁྱོད་ལོ་ངོ་གསུམ་གྱི་རྗེས་ནས་ཅིས་ཀྱང་ང་བསུ་རུ་ཡོང་དགོས་ཨ་”ཟེར་བཞིན་ཁོར་དམ་དུ་འཁྱུད་པ་དང་མོའི་མཆུ་འདབ་ནེམ་པོ་དེ་སྟོབས་ལྡན་ལ་རིམ་གྱིས་སྦྱར་བྱུང་ཞིང་། ཁོ་གཉིས་ཀྱི་མཆུ་བར་ནས་ལྕེ་ངོས་སུ་མངར་སྐྱུར་འདྲེས་མའི་ཆུ་ཐིག་འགའ་འགྲིལ་བྱུང་བ་ཚོར། འོ་རིང་བོ་ཞིག་གི་བར་གླགས་ནས་ཁོར་འཇིག་རྟེན་འདིའི་ཆེས་ཆེ་བའི་དྲོད་ཁོལ་ཞིག་ལུས་ཐོག་ཏུ་འཕོས་ཡོང་བ་ལྟ་བུའི་ཉམས་སྣང་ཞིག་ཅིག་ཅར་དུ་བསྟབ་ཡོང་།
དབྱར་གཞུང་གི་མཚན་མོ་དེར་སྟོབས་ལྡན་ལ་ཁོག་འཛུམ་ཞིག་འབུས་ཏེ་རིམ་བཞིན་ངོ་གདོང་དུ་ཁྲ་ཆིལ་ལེར་བཞད་བཞིན། གསལ་ལ་མི་གསལ་བའི་ཟླ་འོད་ལ་བརྟེན་ཏེ་ཡུལ་དུ་ལྡོག
7
དུས་ཚོད་ཀྱི་ཐང་དཀར་རྒོད་པོས་གཤོག་རྡེབ་ཡང་ཡང་བྱས་ཏེ་རྒྱང་ནས་རྒྱང་དུ་འཕུར་བ་དང་བསྟུན། སྟོབས་ལྡན་གྱིས་ཞིབ་འཇུག་གི་ལོ་ངོ་གསུམ་ཕར་ལ་བསྐྱལ་ཚར།
སྟོབས་ལྡན་ཕ་ཡུལ་དུ་ལོག་རྗེས། རྣམ་ཀུན་ཁོའི་སེམས་ཀྱི་མཁའ་དབྱིངས་ནས་སྤྲིན་དཀར་བཞིན་ལང་ལོང་དུ་གཡོ་བཞིན་པའི་བདེ་སྐྱིད་ལྷ་མཚོའི་སར་འགྲོ་འདོད་ཀྱི་སྙིང་གི་འཕར་འགྲོས་ཇེ་ཆེར་བརྟས་པས། ཕ་ཡུལ་དུ་ལྷགས་རྗེས་ཀྱི་ཕྱི་ཉིན་གྱི་ཉིན་གུང་ཙམ་དུ་ཁོས་ཡུལ་སྐོར་རྡོག་ཁྲེས་དེའི་ནང་དངོས་པོ་མང་པོ་ཞིག་བསྡུས་ཤིང་། འཕྲུལ་རྟ་ཞིག་ལ་བཞོན་ཏེ་མདའ་འཕངས་པ་བཞིན་དེངས་སོང་།
བདེ་སྐྱིད་ལྷ་མཚོར་ལེགས་སྐྱེས་འདི་དག་བྱིན་རྗེས་མོའི་གདོང་ལས་བཅོས་མིན་གྱི་འཛུམ་མདངས་ཤིག་མངོན་ཡོང་བ་དང་ལྭ་བ་འདི་གྱོན་རྗེས་མོ་ནི་ལྟ་ན་སྡུག་པ་ཞིག་ཡིན་པ་མ་ཚད། དུས་སྐབས་འདི་དང་བསྟུན་ཏེ་མོའི་ཨ་ཕར་ངེད་གཉིས་མཉམ་དུ་འདུག་རྒྱུའི་རེ་བ་བཤད་ཚེ་དང་ལེན་བྱ་ངེས་ཤིང་། ད་ནས་བཟུང་མོ་དང་ལྷན་དུ་བདེ་སྐྱིད་ཀྱི་དཔལ་ལ་ཇི་ལྟར་རོལ་ཚུལ་སོགས་ལམ་བར་ནས་སྟོབས་ལྡན་གྱི་སྣང་ངོར་འཆར་ཡན་གྱི་ཁ་དོག་རིགས་མང་པོ་ཞིག་ཅིག་ཅར་དུ་ཤར་ཡོང་།
ཁོར་མཉམ་འཇོག་བྱུང་དུས་ནི། ཁོ་ད་ལྟ་བདེ་སྐྱིད་ལྷ་མཚོའི་ཕྱོགས་སུ་འགྲོ་བཞིན་མེད་པར་མོའི་འབྲོག་ས་དང་རྒྱང་ཇེ་རིང་དུ་བཀྱེད་ཀྱིན་པའི་ལམ་ཞིག་ཏུ་ཞུགས་ཟིན་པ་ཚོར་ཞིང་། ཉི་མའི་དབང་བོ་ནུབ་ཕྱོགས་སུ་ཡོ་སྟེ་དུས་ཡུན་ངེས་ཅན་ཞིག་འགོར་ཟིན་པའང་རྟོགས། ཧར་དུ་འཕྲུལ་རྟའི་ཁ་ལོ་བདེ་སྐྱིད་ལྷ་མཚོའི་འབྲོག་སར་གཟས་ཏེ་བསྒྱུར་ཅིང་མདུན་ཕྱོགས་ཀྱི་སྐྱ་ལམ་རིང་མོ་དེ་སྒྲོག་གུའི་ལྟེབ་བཅག་བཤིགས་པ་ལྟར་བརྟོལ་ཏེ་སྔོན་ནས་སྔོན་དུ་རྒྱུག
བདེ་སྐྱིད་ལྷ་མཚོ་ཡོད་སའི་འབྲོག་སར་སླེབས་ལ་ཉེ་བའི་ལམ་ཕྲན་གྱ་གྱུ་དེ་བརྒྱུད་དུས། ཏག་ཏག་ཚེ་རྒྱལ་རྫོང་ཐོག་ཏུ་འགྲོ་བ་དང་འཕྲད། ཚེ་རྒྱལ་གྱིས་སྟོབས་ལྡན་མཐོང་མ་ཐག སྨིན་མ་ཕྱོགས་གཅིག་ཏུ་བསྡུས་པ་དང་མདུད་ལོག་བརྒྱབས་པའི་མིག་གིས་ལྟ་བཞིན།“ཁོ་རེ་གང་དུ་འགྲོ་བ་ཡིན”ཟེར་བས། སྟོབས་ལྡན་དགོད་བཞིན“མག་པ་ལ་འགྲོ་བ་ཡིན”ཞེས་ཀུ་རེ་འདྲེས་མའི་ངང་བཤད་པ་དང་མཐུད་ནས།“ཁྱོད་གང་དུ་འགྲོ་དགོས”ཞེས་དྲིས།
ཚེ་རྒྱལ་ཧ་ལས་པ་དང་དགོད་ཤོར་བའི་ངང“མཚོ་མོའི་མག་པ་བྱེད་རྒྱུ་ཡིན་ནམ། མོ་ལས་མག་པ་འགྲོ་ས་ཞིག་སུ་ཡོད་རེད”ཅེས་ཧབ་ཆ་རྒྱག་བཞིན་ལོ་ན་ལྔ་བཅུར་ཉེ་ཡང་ཁྱོ་ག་མེད་པའི་བུད་མེད་གོ་རྒས་མ་ཞིག་ཡོད་པ་དེ་གླེང་བྱུང་། སྟོབས་ལྡན་སྐད་ཆ་དེར་ཅུང་མགུ་མ་གང་བར།“འབྲོག་སྡེ་འདིའི་ཡ་མགོ་ནང་གི་མིག་དང་། མ་མགོ་ནང་གི་ལྕེ་ལྟ་བུ་གཅིག་ཁོ་ན་ཡོད་པ་དེའི་མག་པ་བྱ་རྒྱུ་ཡིན”ཟེར་བ་དང་མཉམ་དུ་དགོད་བཞིན་འགྲོ་གྲབས་བྱེད་དུས། ཚེ་རྒྱལ་གློ་བུར་གཉིད་ལས་སད་པ་བཞིན།“བདེ་སྐྱིད་ལྷ་མཚོ་ཁྱེད་གཉིས་ཅི་ཕྱིར་ཁ་ཁ་བྱས་པ་ཡིན་ནམ”ཟེར་འོང་། སྐབས་དེར་ཚེ་རྒྱལ་གྱི་གདོང་ནས་ཀྱལ་ཀའི་ཚིག་མིན་པའི་གཟབ་ནན་ཞིག་མངོན་འདུག སྐད་ཆ་དེ་སྟོབས་ལྡན་གྱི་རྣ་བར་ལྷུང་མ་ཐག་ད་སྔོན་གྱི་དགོད་འཛུམ་དེ་འཇའ་ཚོན་བཞིན་ཡལ་སོང་བ་དང་དོན་དེ་ཧ་མ་གོ་བར།“ཨ་”ཞེས་པའི་ལྡོག་འདྲི་ལྟ་བུའི་སྒྲ་ཞིག་ཤོར་སོང་།
ཚེ་རྒྱལ་གྱིས་ཀྱང་ཚུལ་དེ་མཐོང་བས་ཡིད་ཆེས་དང་མ་ཆེས་པའི་ངང“ཁྱོད་ངོ་མ་མོ་སར་འགྲོའམ། མོ་གནས་ལ་བྱིན་ཟིན་པ་མི་ཤེས་སམ”ཞེས་བཤད་པས། སྟོབས་ལྡན་ནི་རེ་ཞིག་ཧོན་ཐོར་བ་ལྟར་འགུལ་མེད་ངང་འཕྲུལ་རྟའི་ཐོག་ལུས་པ་དང་། ཡུད་ཙམ་འགོར་རྗེས“ཚེ་རྒྱལ། སྐད་ཆ་དེ་དག་བདེན་པ་ཡིན་ནམ། ང་སློབ་གྲྭར་བུད་སོང་བས་ཅི་ཡང་མ་ཤེས། མོ་ཅིའི་ཕྱིར་གནས་ལ་སོང་བ་རེད།”ཅེས་དྲིས།
ཚེ་རྒྱལ་ཡང་གཞི་ནས་ཡིད་ཆེས་པ་ལྟར་གྱུར་ཏེ།“ན་ནིང་ཚེ་རིང་དགའ་ཕྱུག་ཚང་ལ་ཁྱུང་པོ་སྟེང་ཆེན་ནས་ཡིན་པའི་རྒྱུ་ནོར་ཅན་གྱི་དུད་ཚང་ཞིག་བདེ་སྐྱིད་ལྷ་མཚོ་མནའ་མར་བསླང་དུ་བྱུང་བས། ཚེ་རིང་དགའ་ཕྱུག་གིས་བུ་མོ་སྟེར་ཐག་བཅད་པ་རེད། བདེ་སྐྱིད་ལྷ་མཚོས་དོན་དེ་རྟོགས་ཏེ་ཉིན་ཞིག་བྲོས་སོང་བས། ལྷ་ས་རུ་འགྲོ་སའི་ལམ་ཁ་ཞིག་ནས་ཁོ་ཚོས་མོ་རྙེད་དེ་ཕྱིར་ཁྲིད་ཡོང་འདུག དེ་ནས་ཉིན་འགའ་མ་འགོར་བར་དུད་ཚང་དེས་མོ་ཁྲིད་དེ་བུད་སོང་།”ཞེས་ཟེར་བ་དང་མཐུད་ནས་“ཚེ་རིང་དགའ་ཕྱུག་ངོ་མ་མི་ངན་ཁྱི་མོ་འདྲ་བ་ཞིག་རེད”ཟེར།
སྐབས་དེར་སྟོབས་ལྡན་ནི་བེམ་པོ་ཞིག་དང་འདྲ་བར་ཕྱོགས་གཅིག་ཏུ་ཧད་འདུག ཚེ་རྒྱལ་གྱིས“ང་རྫོང་ཐོག་ཏུ་འགྲོ་དགོས་པས་ད་མ་སོང་ན་མུན་རུབ་རྒྱུ་རེད། ང་འགྲོ་རྒྱུ་ཡིན”ཟེར་བཞིན་སྟོབས་ལྡན་ད་སྔོན་ཡར་ཡོང་སའི་ལམ་དེའི་ནང་ནས་བྱ་འཕུར་བ་ལྟར་ཡལ་སོང་། སྐབས་དེར་སྟོབས་ལྡན་ལ་ཡ་ལན་སྟེར་བའི་ནུས་ཤུགས་ཀྱང་མི་འདུག ངོ་མ་མི་འདུག
8
ས་སྲོས་དེར་ཁོར་དམིགས་ཡུལ་ཅིའང་མེད་པར། མི་ལོ་གསུམ་ཡར་སྔོན་གྱི་ཁོ་གཉིས་འཛོམས་སའི་རི་འདབས་དེར་བསླེབས་འདུག
གནམ་གྱི་མཐའ་ནས་ལྷུང་ལ་ཉེ་བའི་ཉི་མ་ནི་སྤྲིན་ནག་རྫུབས་པོ་ཞིག་གིས་ཡོངས་སུ་བཏུམས་འདུག་ཅིང་། རི་ལུང་ཐམས་ཅད་ནི་སུ་ཞིག་གིས་སྲོག་སྙིང་བླངས་པ་བཞིན་གསོན་ཉམས་ཡོངས་སུ་ཤོར་འདུག
ས་སྲོས་དེར། སྟོབས་ལྡན་གྱིས་རང་ཉིད་ནི་མི་ལོ་གསུམ་གྱི་སྔོན་ནས་ཡོངས་སུ་འཕྱུགས་ཟིན་པ་རྟོགས། དེ་ནི་དེ་རིང་འཆར་ཡན་ཁྲོད་བདེ་སྐྱིད་ལྷ་མཚོ་སྒོམ་བཞིན་དོན་དུ་རིང་ནས་རིང་དུ་བཀྱེད་ཀྱིན་པའི་ནོར་འཛོལ་ལྟར་ཡིན་པ་གཞི་ནས་ཚོར།
ས་སྲོས་དེར་སྟོབས་ལྡན་ལ་ཁུ་ཚུར་དམ་དུ་བསྡམས་པའི་ངར་ཤུགས་ཤིག་རྒྱས་པ་དང་། བར་གླགས་དེར་དངུལ་ཆུའང་ཁྲོམ་ཁྲོམ་དུ་བཞུར་བའི་སྡང་སེམས་ཞིག་སྐྱེས། རིམ་བཞིན་ཁུ་ཚུར་དེ་ཇེ་ལྷོད་དུ་གྱུར་པ་དང་། རྔུལ་ཆུ་དེའང་རླུང་གི་རོ་འཛིན་གྱིས་བལྡག་སྟེ་རྗེས་ཤུལ་ཙམ་ལས་མེད་པར་བཟོས་རྗེས། ཁོར་རང་དབང་མེད་པར་ཁོག་འདར་ཞིག་བརྒྱབ།
ས་སྲོས་དེར། སྤྲིན་ནག་གིས་ཁྱུར་མིད་བྱས་ཟིན་པའི་ཉི་མར་ལྟ་བཞིན། ཁོར་རང་དབང་མེད་པར་སེམས་ཀྱི་གཏིང་རུམ་དུ་འཁྱག་སིབ་སིབ་ཀྱི་ཉམས་སྣང་ཞིག་བྱུང་།
ས་སྲོས་དེར། ཁོས་མཆུ་བར་དུ་ཐ་མག་རྐང་གཅིག་བཙུགས་ཏེ་མེ་ལ་སྒྲོན། སྣ་ཁུང་ནས་བརྒྱུས་ཏེ་མཁའ་རུ་འཕྱུར་བཞིན་པའི་དུ་ཕུང་ཞིག གློ་བུར་ལྡང་འོང་བའི་ལྷགས་རླུང་དེས་ཕྱོགས་ཆ་མེད་པའི་ལུང་ཁོག་ཅིག་ཏུ་ཁུར་སོང་།
ཏག་ཏག་སྐབས་དེར། མུན་པ་ནི་སྤྱང་ཚོགས་ཤིག་ལྟར་ཕྱོགས་ཡོངས་ནས་ཁོའི་ཉེ་སར་བཅར་ཅི་ཐུབ་བྱེད་ཀྱིན་འདུག