“ངའི་ལས་འདི། སྐྱེ་བ་ད་ཐེངས”འཇིགས་བྷའི་གདོང་ལ་གཟབ་ནན་དང་གཟབ་ནན་མ་ཡིན་པའི་སྐྱོ་ཉམས་ཤིག་མངོན་ཏེ། ངག་ནས་ཅི་ཡིན་ཆ་མ་འཚལ་བའི་གཏམ་ཞིག་ཤོད་ཀྱིན་འདུག ཆུང་མའི་གདོང་ལ་འཛུམ་ཆུང་གཞན་ཞིག་མངོན་འོང་སྟེ།“སྐྱེ་བ་རྗེས་མ་ལ་ང་ཡང་བསྐྱར་ཆུང་མར་ལེན་རྒྱུ་ཡིན་ནམ”ཞེས་བཤད།འཇིགས་བྷའི་གདོང་དང་བྲང་ངོས། ལུས་ཡོངས་ལ་བསྟུད་མར་ཚ་ཤད་ཅིག་རྒྱུག་འོང་སྟེ།“དེ་ནི་མི་སྲིད། གཏན་དུ་མི་སྲིད”བསམས། ཆུང་མའི་སྐད་ཆ་དེ་ནི་འཇིགས་བྷ་ལ་མནར་གཅོད་གཏོང་སྟངས་བཙན་པོ་ཞིག་ཀྱང་ཡིན་སྲིད།
འཇིགས་བྷའི་རྣམ་ཤེས་བྱིའུ་ཞིག་ལ་སྤྲུལ་ཏེ། ཚོད་དཔག་དང་བདེན་ཁ་སྟེར་མི་ཐུབ་པའི་ཕྱི་དྲན་གྱི་སྡོང་མགོ་ཞིག་ལ་འབབ་པར་བརྩམས། འཇིགས་བྷས་ལོ་ངོ་བཅོ་ལྔའི་སྔོན་ལ་སྡེ་བ་གོང་མའི་བུ་མོ་བདེན་མཚོ་ལ་དྲན་པ་ཡང་ཡང་འཆོར་བར་བྱས། བདེན་མཚོ་ནི་སེམས་ལ་གང་ཤར་ངག་ནས་ཤོད་མཁན་ཞིག་དང་། ཁྱིམ་ཚང་གི་དོན་དག་ཆེ་འབྲིང་ཆུང་གསུམ་ཅི་ཡོད་གཞན་ལ་སྦས་གསང་མེད་པར་བཤད་མཁན་ཞིག་ཡིན། བདེན་མཚོའི་ཕ་ནི་བྱ་སྤྱོད་དེ་ལ་སེམས་གཏིང་ནས་ཞེ་ལོག་སྐྱེས་ཡོད། བདེན་མཚོའི་ཕ་དང་འཇིགས་བྷའི་ཕ་གཉིས་ནི་མནའ་བཅད་ཡིན། འཇིགས་བྷས་ཕ་ལ་བདེན་མཚོ་གཤིས་ཀ་དྲང་ཚུལ་དང་། བུ་མོ་བཟང་ཚུལ། སྡེ་མི་རེ་རེ་ལ་མཐུན་ཚུལ་སོགས་ཡང་ཡང་ལབ་མྱོང་།
འཇིགས་བྷ་སྡེ་བ་གོང་མར་སོང་ན་བདེ་མཚོ་ཚང་ལ་དུས་རྒྱུན་འགྲོ་སྲོལ་ཡོད། ཕ་ལགས་ཀྱི་མནའ་བཅད་ཡིན་པས་འགྲོ་དགོས་ཞེས་ཀྱང་བཤད་སྲོལ་ཡོད།
འཇིགས་བྷའི་ཕས་རང་གི་མནའ་བཅད་ལ་ཡང་ཡང་བསྐུལ་ནས་བུ་དང་བུ་མོ་གཉིས་མཉམ་དུ་བསྡད་ན་འཚོ་བ་འཁྱོལ་ཚུལ་དང་གཤིས་ཀ་མཐུན་ཚུལ་སོགས་མང་དུ་ལབ་མྱོང་། དེང་ཐོག་བདེན་མཚོའི་ཕས་བུ་མོ་ལོ་ན་ཆུང་བ་དང་ད་དུང་གནས་ལ་འགྲོ་རན་མེད་ཚུལ་སོགས་བཤད་ཀྱང་། རྗེས་ནས་རིམ་བཞིན་ཡག་ཚུལ་དང་འཐད་ཚུལ་གྱི་སྐད་ཆས་མཐའ་བརྒྱན་ཏེ། གཉེན་སྒྲིག་དུས་ཚོད་ཀྱང་གཏན་ཁེལ་བྱུང་།
“བདེན་མཚོ་ཡཱ། བདེན་མཚོ་ཡཱ”“བདེན་མཚོའི་ཕ་རྒན་ནི་ཁྱི་རེད” སྡེ་བ་གོང་མའི་སྡེ་མི་རེ་རེའི་ངག་ནས་དེ་ལྟར་ཤོད་ཀྱིན་འདུག འཇིགས་བྷས་ཅི་ཡིན་མ་ངེས་པར་ཧང་སངས་བའི་རྣམ་འགྱུར་ཞིག་གདོང་ལ་མངོན་ནས་ཁོ་ཚོ་ལ་དྲིས།“བདེན་མཚོ་ཅི་རེད། བདེན་མཚོའི་ཕ་རྒན་གྱིས་ཅི་རེད”སྡེ་བ་གོང་མའི་སྡེ་མི་རེ་རེའི་གདོང་ལ་གཟབ་ནན་གྱི་ཉམས་རེ་མངོན་ཏེ།“བདེན་མཚོའི་ཕ་དང་བདེན་མཚོ་གཉིས་ལ་བཤད་ན་ངོ་ཚ་བའི་དོན་རྐྱེན་ཞིག་བྱུང་། ད་ལྟ་བདེན་མཚོ་ལ་བྱིས་པ་འདུག”མགྲིན་གཅིག་ཏུ་ལབ། འཇིགས་བྷའི་མགོ་ནང་ལ་འུར་སྒྲ་ཞིག་བར་མེད་དུ་གྲག་འོང་། འཇིགས་བྷ་ལ་ད་དུང་དེ་ལས་ཀྱང་སྐད་ཆ་རྣར་འགྲོ་མི་ཐུབ་ཞིག་ཡོད་པ་ནི“ཨ་རོ་ཚོ། བདེན་མཚོའི་ཕ་ལ་ངན་དེ་འདྲ་མ་འགེལ། བྱིས་པའི་ཕ་ནག་ལི་སྡེ་བའི་འཇིགས་བྷ་ཟེར་བ་རེད་ཟེར”སྡེ་མི་ཞིག་གི་སྐད་ཆ་རེད། འཇིགས་བྷ་ནི་ཐེ་ཚོམ་དང་སོམ་ཉིའི་དྲ་བ་སྟུག་པོ་ཞིག་ལ་ལྷུང་ཞིང་ངག་སྨྲ་མི་ནུས་པར་གྱུར།
གཉེན་སྟོན་གྱི་ཞོགས་པར།
འཇིགས་བྷ་རི་ངོས་ཤིག་ན་རྫི་བོ་ཡིན། ད་ལྟ་བདེན་མཚོ་ལ་ཞེ་ཅུང་ཟད་ཀྱང་མི་འཁོར་མོད། གནའ་མིའི་ཁ་དཔེ་ཞིག་ལ“རྟ་ཤོར་ན་འཛིན་ཐབས་ཡོད། །ཚིག་ཤོར་ན་འཛིན་ཐབས་མེད། །” ཅེས་པ་ལྟར་ཡིན་པས། གཉེན་བསླངས་ནས་བྱིན་ན་ད་མི་དགོས་ཟེར་སྲོལ་ག་ལ་ཡོད། སྡེ་མཐའ་རུ་བདེན་མཚོ་དང་འཇིགས་བྷ་ལ་དབང་བའི་སྦྲ་ཆུང་ཆུང་ཞིག་ཀྱང་ཡོད། བདེན་མཚོས་བྱིས་པ་ཞིག་གི་མཛུབ་ནས་ཁྲིད་དེ་སྤྲ་མཐའ་ནས་རི་ངོས་ཀྱི་འཇིགས་བྷ་ལ་ལྟ་བཞིན་བསྒུགས་ནས་འདུག
རླུང་བུ་བན་བུན་ཞིག་སྦྲ་ནག་ཆུང་ཆུང་གི་སྒོ་ལྷབ་ནས་བརྒྱུད་ནས་ཁྱིམ་ཡོངས་ལ་རྒྱུ་བཞིན་འདུག བདེན་མཚོས་རུམ་པའི་བུ་མོ་ཆུང་ཆུང་གིས་སྔུར་བ་ཡང་མོ་ཞིག་གཏོང་གིན་འདུག བདེན་མཚོ་ཡང་གཉིད་ཡོང་གིན་མེད་པ་འདྲ། བདེན་མཚོས་གློ་བུར་གློ་བུར་གློ་ལུ་ཡང་ཡང་གཏོང་། འཇིགས་བྷ་ཡང་ནང་བཞིན་དགོང་མོ་དེར་གཉིད་ཟེར་བ་གཞན་ཞིག་གིས་བརྐུས་སོང་བ་དང་འདྲ་བར། མགོ་ནང་ན་གཉིད་ཟེར་བའི་གྲིབ་མ་ཙམ་ཡང་མི་འདུག ཟླ་འོད་ཆེམ་ཆེམ་འཕྲོས་ཏེ་ཁྱིམ་གྱི་བཅའ་དངོས་ཅི་ཡོད་ཀུན་གསལ་པོ་ཞིག་མཇལ་ཐུབ། བདེན་མཚོ་ཡང་མལ་ས་ན་འགུལ་ཙམ་འགུལ་ཙམ་གཏོང་བ་རིག་ཐུབ། འཇིགས་བྷའི་མགྲིན་པར་ཡང་གློ་བུར་དུ་གློ་ལུ་ཞིག་ཐོན། གློ་ལུ་བྱས་རྗེས་བདེན་མཚོས“ཁྱོད་ཀྱང་གཉིད་མི་འདུག་ནཱེ།”“ཨུན། གཉིད་ཡོང་གིན་མི་འདུག”ཕར་ཉན་ཚོད་དུ་བདེན་མཚོའི་སེམས་སུ་ཧ་ཅང་བཤད་སྙིང་འདོད་པའི་སྐད་ཆ་ཞིག་ཡོད་པ་འདྲ། ཡང་ན་ཇི་ལྟར་བཤད་དགོས་མི་ཤེས་པའི་སྐད་ཆ་ཞིག་ཀྱང་ཡིན་སྲིད། ཟླ་འོད་དང་བསྡོངས་བའི་རླུང་བུ་ཞིག་སྦྲ་ནང་ཡོངས་ལ་འཁོར་འཁོར་བྱེད། བདེན་མཚོའི་ངག་ལ་འདར་ཤ་ཅུང་ཟད་དོད་པའི་ངང་ནས“ཁྱིམ་ན་ཡོད་དུས། ངས་ཁེར་རྐྱང་ངང་མཚན་མོ་རེ་རེ་སྐྱེལ་ཐུབ་པར་སྨོན་མྱོང་། ངེད་ཚང་གི་ཕ་ནམ་རྒྱུན་ཁྱིམ་ནས་འདུག་པར་མ་ཟད། ངའི་རུམ་ཁ་ནས་ཉལ་སྲོལ་ཡོད།”འཇིགས་བྷའི་གདོང་དང་བྲང་ངོས་ལུས་ཡོངས་ལ་གྲང་འདར་དང་ཡང་ན་དྲོད་ཚ་མོ་ཞིག་རྒྱུ་བྱུང་། རྣ་བའི་གཏིང་ནས་འུར་སྒྲ་ཞིག་བར་མེད་དུ་གྲག་སྟེ་མཚམས་མི་ཆད་པ་ཞིག་བྱུང་། འཇིགས་བྷ་དངོས་གནས་ཡ་མཚན་ཏེ།“བདེན་ནམ། ཁྱེད་ཚང་གི་ཕ…….”ཟླ་བ་ཡང་གྲིབ་མས་ཁེབས་ཏེ་ཁྱིམ་ནང་ཀུན་ནག་བེར་བེར་ཞིག་ལས་ཅི་ཡང་མི་མཐོང་། རླུང་བུ་བཙན་པོ་ཞིག་སྒོ་ལྷབ་བརྒྱུད་དེ་སྦྲ་ནང་ཡོངས་ལ་གཡུག་འགོ་བརྩམས།
འཇིགས་བྷ་དང་བདེན་མཚོས་སྦྲ་ཕུབ་ནས་ཉིན་འགའ་འགོར་བའི་རྗེས་སུ་བདེན་མཚོའི་བྱིས་པ་བདེན་མཚོའི་ཕས་ཁྲིད་དེ་རི་འདབས་སུ་ར་བ་ཞིག་གསར་དུ་སྐོར་བར་སོང་། ཉིན་གོང་ཙམ་པ་ན་བྱིས་པ་དེ་བདེན་མཚོའི་ཕས་པང་དུ་བཟུང་ནས་ཕྱིར་ཁྱིམ་དུ་ལོག བདེན་མཚོ་སེམས་བྲང་འོག་ནས་མི་འདུག་པ་ལྟར་བྱས་ཏེ་ཨ་ཕའི་གདོང་ལ་བལྟ་བཞིན།“བྱིས་པའི་མིག བྱིས་པའི་མིག” བདེན་མཚོའི་ཕས་སེམས་ལྷོད་པོ་བྱས་ནས།“སེམས་ཆུང་མ་བྱས་ཏེ་ཐོ་བ་ཡར་འགྱོག་པའི་དུས་སུ་ཐོ་བའི་མགོ་ཆད་དེ་མོའི་གདོང་ལ་ཁེལ་སོང་བ་རེད། ཅང་སྐྱོན་ཡོད་པ་མ་རེད། མིག་ཡ་གཅིག་ལ་རྨས་སྐྱོན་ཅུང་ཟད་ཐེབས་པ་དེ་རེད་མོད། བྱིས་པ་ངུ་ཙམ་ཡང་མི་བྱེད་ཀི་ངར་བ་རེད་ཡཱ” བདེན་མཚོ་ཧ་ལས་ཏེ་“ ཁྱོད་བྱིས་པའི་ཨ་མྱེ་ཞིག་ཡིན་ནམ” མིག་ཆུ་བར་མེད་དུ་མཁུར་མགོ་དང་བྲང་ངོས་ཡོངས་སུ་ཁྱབ། འཇིགས་བྷས་བྱིས་པ་པང་དེ་རྫོང་མཁར་གྱི་སྨན་ཁང་དུ་ཆས། རྫོང་སྨན་པས“མིག་ཕྱིར་གསོ་ཐུབ་ས་མི་འདུག གནས་སྐབས་ཟུག་གཟེར་འགོག་པའི་སྨན་རེ་ཡོད་པ་མ་གཏོགས……”
དེ་ནས་བཟུང་བདེན་མཚོའི་བུ་མོ་ཆུང་ཆུང་དེ་ལ་མིག་ཡ་གཅིག་ལས་མེད་པར་གྱུར་། འཇིགས་བྷ་ལ་ཨ་ཕ་ཟེར་ཞིང་བདེན་མཚོའི་ཕ་ལ་ཨ་མྱེར་འབོད་པའི་བུ་མོ་ཆུང་ཆུང་དེའི་མིག་ཡ་གཅིག་གིས་འཇིག་རྟེན་ལ་བལྟ་དགོས་བྱུང་།
ཞོགས་པར་འཇིགས་བྷ་མལ་ནས་ལངས་རྗེས་ནངས་ཇ་འཐུང་འདོད་ཀྱི་ཡི་ག་མི་འདུག་པས་ཕ་ལགས་ཡོད་སར་སོང་།
སེམས་ཀྱིས་བཟོད་ཐབས་མི་འདུག་པའི་སྐད་ཆ་ཕ་ལ་ཇི་མ་ཇི་བཞིན་དུ་བཤད། འཇིགས་བྷའི་ཕས་གདོང་ལ་ཐལ་མོ་སྦྱར་ནས།“དཀོན་མཆོག་གསུམ་པོས་མཁྱེན། དངོས་གནས་ཨ་ཕ་ཞིག་གིས་ལས་དེ་འདྲ་བྱེད་སྲོལ་ག་ལ་ཡོད། དངོས་གནས་དུས་ནི་མི་འགྱུར་མི་རྣམས་འགྱུར་བ་རེད། །”འཇིགས་བྷའི་ཡིད་ལ་གློ་བུར་དུ་དོན་གནས་མིན་པའི་དོན་དག་ཅིག་འཁོར་བས།“སྡེ་བས་བཤད་ན་བདེན་མཚོའི་བུ་མོ་ཆུང་ཆུང་དེའི་གདོང་དང་རྣམ་འགྱུར་སོགས་བདེན་མཚོའི་ཕ་ལ་ཧ་ཅང་འདྲ་བོ་འདུག་ཟེར” འཇིགས་བྷའི་ཕས་མགོ་བོ་འཕྲེད་དུ་གཡུག་ཙམ་བྱས།“ཡིན་རྒྱུ་རེད། བྱིས་པ་ཨ་མྱེ་ལ་རིག་རྒྱུ་དེ་རྒྱུན་ལྡན་ཞིག་རེད། ཡིན་ན་ཡང་། བྱིས་པའི་མིག……”“ད་ལྟ་དེ་ཙམ་ན་མི་འདུག”“ཨ་མྱི་ངན་དེ……”
“འཇིགས་བྷ། འཇིགས་བྷ།”ཕྱི་དྲན་གྱི་སྡོང་མགོ་ནས་འཇིགས་བྷའི་རྣམ་ཤེས་ཀྱི་བྱིའུ་གློ་བུར་དུ་དཀྲོགས་ཤིང་ཅི་བྱ་གཏོལ་མེད་ཀྱི་ཉམས་ཤིག་གདོང་ལ་ལེན་དགོས་བྱུང་། དྲན་པ་ཡོངས་སུ་སད་དུས་ཉིན་དཀྱིལ་ཞིག་རེད། ཉེ་འགྲམ་ན་བདེན་མཚོ་མི་འདུག་ལ། བྱིས་པ་ཡང་མི་འདུག འཇིགས་བྷར་འབོད་མཁན་ནི་སྡེ་མི་ཞིག་རེད། སྡེ་མི་དེའི་གདོང་ཡོངས་དམར་པོར་གྱུར།
“བདེན་མཚོ། བདེན་མཚོ”དུས་ཚོད་ངེས་མེད་ཅིག་ལ་འཇིགས་བྷ་ཧད་དེ་ལུས། འཇིགས་བྷའི་མིག་འབྲས་གཉིས་གློ་བུར་དུ་ངང་བ་མཚོ་འཇུག་པ་བཞིན་མཆི་མས་ཡོངས་སུ་བརླན། མཆི་མ་རྡོག་གཅིག་འཇིགས་བྷའི་མིག་གོང་ནས་འགྲམ་པར་བརྒྱུད་དེ་ས་གཞི་ཆེན་པོ་ལ་འཐོར་བར་ཉེ་བའི་སྐབས། མཆི་མ་དེ་ནི་མེ་ལོང་ཆེན་པོ་ཞིག་འདྲ་བར། དེ་ཡི་ངོས་སུ་མིག་ཡ་གཅིག་ལས་མེད་པའི་བུ་མོ་ཆུང་ཆུང་ཞིག་གིས་འཇིགས་བྷ་ལ་ཧད་དེ་ལྟ་འདུག་པ་གསལ་གསལ་ངང་ས་གཞི་ཆེན་པོ་ལ་འཐོར་འགྲོ་བཞིན་འདུག བུ་མོ་ཆུང་ཆུང་གི་མིག་ཡ་གཅིག་ཀྱང་མེ་ལོང་དང་འདྲ་བར་ཨ་མ་དེའུ་འབུར་སྟེང་གི་ཤུག་སྡོང་ལ་ཕྱོགས་ནས་སོང་བའི་རྒྱབ་གཟུགས་རབ་རིབ་ཅིག་འཆར་གྱིན་འདུག རབ་རིབ་ནང་གི་ཨ་མའི་རྒྱབ་གཟུགས་དེ་སྐབས་ཤིག་ལ་མག་མོག་ནས་ནག་ནོག་ཏུ་གྱར་ཏེ་ཅི་ཡང་མཐོང་མི་ཐུབ་པར་གྱུར། །