ལོ་དེའི་དབྱར་ཁའི་མཚན་མོ་ཞིག་ལ་ཆར་བ་དྲག་པོ་འབབ་ཀྱིན་འདུག་པས། ངེད་ཚང་གི་དབྱར་མཚེར་འདབས་ཀྱི་མོ་ཊའི་རྒྱ་ལམ་ཐོག་ཏུ་མོ་ཊ་ཞིག་ཁ་བཀག་པའི་སྒྲ་གྲག་པ་དང་། མི་ཞིག་མོ་ཊའི་ནང་ནས་བབས་ཏེ་མོ་ཊའི་སྒོ་རྒྱག་པའི་སྒྲ་ཡང་སྦྲ་ནང་ནས་ཐོས། ངས་མི་ཞིག་སྦྲ་ནང་དུ་འོང་རྒྱུ་ཡིན་པ་ཚོད་དཔག་ཐུབ་པས་སྔས་འོག་ཏུ་གློག་ཞུ་ཡོད་མེད་ལག་ཉུལ་བྱས། ཆར་དྲག་དེས་ངེད་ཚང་གི་སྒོ་ཁྱི་མགོ་རྔ་མེད་པར་སྒོར་སྒོར་དུ་ཉལ་དགོས་བྱུང་པ་དང་རྫི་ཡང་མེད་པར་བཏང་པ་འདྲ། ཕྱི་རོལ་དུ་ཁྱི་ཁ་མེད་པར་ཆར་སྒྲ་ཁོ་ན་གསལ་ཅིང་མི་ཞིག་ཀྱང་སྦྲ་སྒོར་སླེབས་པའི་སྣང་བ་ཤར། ངས་གློག་ཞུ་སྔས་འོག་ནས་བླངས་ཏེ་ལག་པར་བཟུང་ནས་ཁུ་སིམ་མེར་ཉལ། མི་དེས་སྦྲོ་སྒོ་བཀྱགས་ནས་ནང་དུ་འཛུལ་བྱུང་། སྦྲ་ནང་ཐམས་ཅད་མོ་ཊའི་སྣུམ་གྱི་དྲི་མས་ཁྱབ། དྲི་དེ་ཧ་ཅང་ཞིམ་ཡང་ང་རང་དེ་ལ་ལོངས་སུ་སྤྱོད་པའི་སྤོབས་པ་ལྟ་ཅི། གློག་ཞུ་ཡང་སྤར་མ་ཕོད། མི་དེས་“ཝ་ཡེ། མི་ཡོད་དམ་”ཞེས་བོས་བྱུང་། ང་ནི་ཁ་གྲག་མ་ཕོད་པར་ཁུ་སིམ་མེར་ཉལ་ཡང་སྙིང་གཡུག་པའི་སྒྲ་མཐོ་དྲགས་པས་མི་དེས་ཀྱང་ཐོས་འགྲོ་བའི་སྣང་བ་ཤར། ངས་ཉལ་གོས་ཀྱི་འོག་ནས་སྦྲ་སྒོའི་ཕྱོགས་སུ་བལྟས་པ་ན། མི་དེས་ཙག་སྒྲ་བརྡབས་ནས་སྦྲ་ནང་གསལ་བར་བྱས་ཀྱང་། ཙག་སྒྲའི་མེ་ནི་ཁོ་རང་ཉིད་ཀྱི་ངོ་གདོང་སྟོན་བྱེད་ལ་ཆེད་དུ་སྦར་བ་བཞིན་མི་དེའི་ངོ་དགོང་གསལ། ཁོས་ཆུ་གོས་ཀྱི་མགོ་ཞུ་གོན་འདུག་པས་སྐྲ་དང་གཟུགས་དབྱིབས་ཡོངས་རྗོགས་མི་མཐོང་ཡང་། ངོ་གདོང་ནི་ཡིད་དུ་འོང་བ་ཞིག་རེད། ཁོའི་ལག་ཤུབས་དཀར་པོ་ནི་སྣུམ་དྲེགས་ཀྱིས་ཟིན་ཀྱང་རྫི་ཉམས་ཆེ།
ཁོས་ “ཇ་ཨེ་ཡོད་ ”ཟེར། ངས་“ཐམ་ཀའི་སྟེང་ལ ”ཞེས་བཤད་འདོད་ཀྱང་བཤད་མ་ཕོད། ངས་གློག་ཞུ་ཐབ་ཐོག་ཏུ་བརྒྱབ་པས་ཁོས་སྐྱེམས་བུ་མཐོང་སོང་། ཁོ་ངའི་འཁྲིས་སུ་བཅར་ནས་“ གློག་ཞུ་དེ་ང་ལ་གཡོར་དང་”ཟེར། ང་ཁོ་དང་སྔོན་མ་ནས་འདྲིས་ཡོད་པ་ལྟར་ང་ནི་ཁོས་ཅི་བཤད་ལ་རང་བཞིན་གྱིས་ཉན་དགོས་བྱུང་། ཐོག་མའི་དངངས་འཚབ་དེ་ཡང་རིམ་བཞིན་ཡལ་སོང་། དེ་ནི་ངའི་རྣ་བར་གཞན་དང་མི་འདྲ་བའི་ཁོའི་སྐད་མདངས་ཀྱིས་བྱས་པ་འདྲ། ངས་གློག་ཞུ་ཁོའི་ལག་ཏུ་སྤྲད་མ་ཐག་གློག་ཞུ་ནག་ཚུབ་བེར་གྱུར་སོང་། ངའི་བསམ་པར་ཡང་གློག་ཞུའི་ཤེལ་ཏོག་ཚིག་སོང་སྙམ། ཁོས་“ཞུ་མར་ཡོད་དམ་”ཟེར། ང་ཅུང་ཙམ་ཁ་རོག་གེར་བསྡད་རྗེས་“སྦྲའི་ཀར་རའི་ལོགས་ལ་”ཞེས་ཐལ། ཁོས་ཡང་བསྐྱར་ཙག་སྒྲ་བརྡབས་ནས་ཞུ་མར་འཚོལ་བ་དེ་ནི་ང་ལ་ཁོའི་བཞིན་དབྱིབས་ཆ་ཚང་སྟོན་པ་དང་གཉིས་སུ་མ་མཆིས། ཁོས་ཆུ་གོས་ཀྱི་མགོ་ཞུ་ཕུད་འདུག་པས་འཇིལ་ལི་འཁྱིལ་བའི་སྐྲ་ནི་ཕྲག་མགོར་མ་སླེབས་ཙམ་ཞིག་བཞག་འདུག་ཅིང་། སྨིན་མ་ཟུང་ནི་མིང་མི་ཐོགས་པའི་གཅན་གཟན་ཁ་སྤྲོད་ཅིག་ལྟར་རྫིག་ཉམས་དང་འཛུམ་དྲུག་འཁྱིལ་ལེར་མངོན་མཚན་ཆེ། ཁོས་ཀར་རའི་ལོགས་ཀྱི་ཞུ་མར་མཐོང་བ་དང་སླར་ཡང་ཙག་སྒྲ་བརྡབས་ནས་ཞུ་མར་བསྒྲོན། སྦྲ་ནང་ཕལ་ཆེར་ས་སྣུམ་གྱི་སྒྲོན་མེའི་འོད་ཀྱིས་གསལ། ངས་ཉལ་གོས་ཀྱིས་མགོ་བོ་བཏུམས་ཁུལ་བྱས་ཏེ་སྲུབས་ཕག་ཕྲ་མོའི་ནང་ནས་ཁོ་ལ་ལྐོག་ལྟ་བྱེད་ཀྱིན་ཡོད་པས། ཁོས་ང་མི་མཐོང་ཡང་ངས་ཁོ་རང་གསལ་པོ་མཐོང་། ཁོས་ཆུ་གོས་ཕུད་ནས་སྦྲ་མཐའི་རྩིག་པའི་ཐོག་ཏུ་བཞག་པ་དང་། ཐབ་ཀའི་མེ་རོ་དཀྲུགས་ཏེ་དེའི་ཐོག་ཏུ་སྐྱེམས་བུ་བཞག ཁོ་ཡར་འཛུལ་དུས་སྦྲ་སྒོའི་ནང་ལ་ཁུག་མ་ཞིག་ཀྱང་བཞག་ཡོད་པ་དེ་ཚུར་ཁྱེར་ཡོང་བ་དང་། དེའི་ནང་ནས་ཤ་སྐལ་ཞིག་དང་ལྟེབ་གྲི་ཞིག་བཏོན་ནས་ཤ་ཁམ་བུ་གང་བཏོགས་ནས་བཟས། འོ་ཇ་དྲོས་པ་དང་ཁོ་རང་འཐུང་བྲེལ་ལངས་ཀྱིན་ཁུག་མའི་ནང་ནས་ཕོར་པ་འདོན་རྩིས་བྱས་ཀྱང་མ་རྙེད། ཁོས་ངའི་ཕྱོགས་སུ་ལྟ་ཙམ་བྱས་པ་དང་། ཅི་ཡང་མ་བཤད་པར་རྡོ་ཡི་ཕོར་ཁྲིའི་ཐོག་ནས་ངའི་ཕོར་པ་བླངས་ནས་འོ་ཇ་འཐུངས་ཤིང་། ཁུག་མའི་ནང་ནས་ཡང་རྩམ་ཁུག་ཅིག་བཏོན་ནས་སྤགས་བརྫིས་པ་དང་ཤ་སྤགས་བྱས་ནས་བཟོས་སོང་།
ཁོས་ངའི་ཕོར་ནང་གི་འོ་ཇ་གཙང་མར་བཏུངས་རྗེས། ཁུག་མའི་ནང་ནས་བྱེ་རིལ་སྤར་བ་གང་བཏོན་ནས་ངའི་ཕོར་པའི་ནང་བླུགས་པ་དང་། སྟོད་གོས་ཁུག་མའི་ནང་ནས་ཐ་མག་བཏོན་ནས་འཐེན་རྩིས་བྱས་པ་ན། ཐ་ཤུབས་རྙིད་ཐོ་དེའི་ནང་དུ་ཐ་རྐང་འཁྱོག་ཐོ་གཅིག་ལས་མེད་པ་འདྲ། ཁོས་ཐ་ཤུབས་སར་གཡུགས་པ་དང་ཐ་རྐང་འཁྱོག་ཐོ་དེ་སྲང་ཙམ་བྱས་ཏེ་མཆུ་བར་དུ་བཟུང་བ་དང་ཙག་སྒྲ་བརྡབས་ནས་ཐ་མག་ལ་མེ་བསྒྲོན། ཁོས་ཐ་མག་ལྷོད་ལྷོད་དུ་འཐེན་གྱིན་དུ་སྤྲིན་སྔོན་པོས་སྦྲ་ནང་ཁྱབ་པར་བྱེད། ངའི་བསམ་པར་ཁྱིམ་དུ་སྐྱེས་པ་ཞིག་ཡོད་ན་འདྲ་ས་མི་འདུག་ཨང་སྙམ། མོ་ཧྲིང་མ་སྨད་ཀྱི་འཚོ་བ་ནི་བསྐྱར་ཟློས་དང་ཡང་ཟློས་ལས་འགྱུར་ལྡོག་མེད་ལ། ལྷོད་པོར་སྡོད་པའི་སྐབས་ཕྲ་ཞིང་སྡེ་བའི་རྗེས་མི་ཟིན་པར་རྒྱུག་རྒྱུག་ནས་ཐང་ཆད་པའི་སྣང་བ་བྱུང་། ཁོས་ངའི་ཕྱོགས་སུ་བལྟས་ནས་“ཡག་བྱུང་། ང་འགྲོ་གི་ཡིན་ ”ཞེས་ཁུག་མ་རྒྱབ་ཏུ་ཁུར་བ་དང་འགྲོ་གྲབས་བྱས། ངའི་བསམ་པར་“ཁྱོད་ཅུང་ཙམ་སྡོད་དང་། ང་ལ་རེ་བ་གཞན་མེད་དམ་”ཞེས་པ་དེ་འཁོར་ཡང་ཁ་ནས་དོན་ག་ལ་རུང་། ཁོས་ཞུ་མར་ལ་ཕུ་བརྒྱབ་པ་དང་སྦྲ་སྒོ་ནས་དོན་བཞིན་ཡོད་སྐབས། ངའི་བསམ་པར་“ཁྱོད་རྗེས་སུ་ད་རུང་ཡོང་འདོད་དམ་”ཞེས་པ་དེ་འཁོར། ཕྱི་རོལ་དུ་ཆར་ཐག་ཆད་ཟིན་པ་དང་ངེད་ཚང་གི་ཁྱི་ཁོའི་ཐོག་ཏུ་མཆོངས་པ་འདྲ། ཁོས་ཅི་ཞིག་བཞུས་པ་ཡིན་ནམ་ཁྱི་ནི་ངུ་ཟུག་རྒྱག་བཞིན་བྲོས་སོང་།
རྨི་ལམ་དང་འདྲ་བའི་མདང་ནུབ་ཀྱི་གནས་ཚུལ་དེ་རྨི་ལམ་མ་ཡིན་པར་དངོས་ཡོད་ཡིན་ཏེ། ཁོས་ངའི་ཕོར་པ་བྱེ་རིལ་གྱིས་བཀང་ཡོད་པ་དང་ཐ་ཤུབས་ཀྱང་འདིར་གཡུགས་འདུག ངས་ཐ་ཤུབས་ཡར་བསྒྲུགས་ནས་དེའི་ངོས་ཀྱི་རི་མོར་བལྟས། མེ་ཏོག་གི་སྡོང་པོའི་ཐོག་ཏུ་བྱིའུ་བབས་ཡོད་པའི་རི་མོ་ནི་འདི་འདྲའི་མཛེས་པ་ལ་ཨང་སྙམ་པ་དང་། མེ་ཏོག་དེ་ང་དང་བྱིའུ་དེ་ཁོ་ཡིན་པར་སྣང་སྟེ་ངའི་ཡིད་ལ་བསླུ་བྲིད་ཀྱིས་ཕྱུག་ཅིང་རི་མོར་གཡེང་།“ ཨོཾ་ཨོཾ་”ཞེས་ཨ་མའི་ཁ་འདོན་གྱི་སྒྲ་གྲག་བྱུང་བས། ངས་ལམ་སེང་བྱེ་རིལ་དང་ཐ་ཤུབས་ཨམ་ཕྲག་དུ་བརྫངས། ཨ་མ་སྦྲ་ནང་དུ་འཛུལ་བ་དང་“ ཁྱི་རྐང་པ་འཐེང་གིན་འདུག མདང་གདོང་བརྙས་བཅོས་བྱེད་མཁན་འདྲ་སླེབས་མ་བྱུང་ངམ་”ཟེར། ངས་“ མ་བྱུང་ཨ་མ། མདང་གདོང་ཁྱི་ཁ་ཡང་མ་བྱུང་”ཞེས་བཤད་རྒྱུ་ལས་གཞན་བཤད་མ་ཤེས། ངས་རྡོ་ལེབ་ཀྱི་ཕོར་ཁྲིའི་འོག་ནས་ཨ་མའི་ཕོར་པ་བཏོན་པ་དང་། ཞོ་བསྙལ་དྲོན་མོ་དེ་བསློགས་ནས་ཨ་མར་བླུགས། ཨ་མས་“ཞོ་འཐུང་བ་ལེ་མ་རེད། དེ་ལས་དབྱར་བསགས་གལ་ཆེ་ ”ཟེར་ཡང་། ངས་ཞོ་ཨ་མའི་ཕོར་པའི་ནང་བླུགས་ཟིན། ངས་ནམ་རྒྱུན་ཞོ་འཐུང་དགོས་མིན་སྔོན་ལ་ཨ་མར་འདྲི་གི་ཡོད་ཀྱང་། དེ་རིང་ངས་རང་ཐག་བཅད་ནས་ཨ་མར་ཞོ་བླུགས་སོང་། ཨ་མས་ཞོ་ལ་ལྕེ་ལྡག་འགའ་བརྒྱབ་རྗེས་ང་ལ་ཨུ་ཚུགས་ཀྱིས་སྤྲད་པ་དང་། ཨ་མས་མར་དང་ཕྱུར་བ་ཉུང་ཉུང་ཞིག་བསགས་པ་དེ་ཚ་སྐྱེའི་ནང་དུ་བསྡུ་བཞིན་“ མཚན་མོར་བརྙས་བཅོས་བྱེད་མཁན་འདྲ་བྱུང་ན་རྣམ་རྒྱལ་ཚང་ལ་འབོད་པ་རྒྱོབ་”
ཞེས་ཨ་མ་སླར་ཡང་དགུན་འཚེར་དུ་འགྲོ་གྲབས་བྱས། གློ་བུར་དུ་“ གཡུ་སྒྲོན། འདི་ཅི་རེད་”ཅེས་ཆུ་གོས་ནག་པོ་ཞིག་ཨ་མས་མཚར་སྣང་གིས་ང་ལ་བསྟན་ནས་འདུག ང་ཡུན་ཙམ་ཐེ་ཚོམ་དུ་གྱུར་པ་དང་མདང་དགོང་ཁོས་ལུས་པ་རེད་དྲན། ངས་སྔ་ཙམ་ནས་མི་མཐོང་བ་ག་རེ་ཡིན་ནམ་སྙམ། མདང་དགོང་གི་གནས་ཚུལ་གསང་མ་ཐུབ་པ་ཨ་མར་བཤད། ཨ་མས་“ བརྙས་བཅོས་བྱེད་མ་བྱུང་ངམ་ ”ཞེས་ང་ལ་སེམས་ཁྲལ་གྱི་མིག་ཟུང་གིས་བལྟ། ངས་མགོ་གཡུག་གཡུག་བྱས་ནས་བརྙས་བཅོས་མ་བྱས་པའི་ཚུལ་བསྟན། ཨ་མས་“ རྐུབ་གཟའ་མ་རྒྱག་མ་གཏོགས། བྱི་ཕྲུག་འབྱར་འོང་། མོ་རེ། གོ་ཨེ་ཐལ་ ”ཞེས་སྦྲ་སྒོ་ནས་ཕྱི་བལྟས་ཤིག་བྱས་ཏེ་ཕྱིན་སོང་།
ཨ་མས་ང་ལ་རྐུབ་གཟའ་མ་རྒྱག་ཅེས་ཁ་ཏ་བྱས་ཀྱང་། རྐུབ་གཟའ་རྒྱག་དགོས་སར་རྒྱག་དགོས་ཏེ་ང་བཙུན་མ་ནི་མ་རེད། མ་ཟད་རྐུབ་གཟའ་མ་བརྒྱབ་ན་ཁྱིམ་འདིར་སྐྱེས་པ་ཞིག་ཇི་ལྟར་འཁོར་ཨང་། མོ་ཧྲེང་མ་སྨད་གཉིས་ཀྱི་རྟེན་ས་ཞིག་གང་ནས་རྙེད། རྐུབ་གཟའ་མ་རྒྱག་ཅེས་པའི་ཨ་མའི་ཁ་ཏ་དེ་བུ་མོ་ང་ལ་མཚོན་ན་གནས་ལུགས་མེད་པ་ཞིག་རེད་སྙམ། ངས་ཆུ་གོས་དེར་ལག་པ་འཆང་བཞིན་ད་རུང་འདི་ལྟར་བསམ་བྱུང་། ཁོ་ཆུ་གོས་ལེན་པར་སླར་ཡང་བསླེབ་ཡོང་ངམ། བསླེབ་ན་ཅི་མ་རུང་བསམ་བཞིན་ཆུ་གོས་སྦྲའི་སྦུག་གི་མཐོ་སར་བཞག་རྗེས་ཨམ་ཕྲག་ནང་གི་བྱེལ་རིལ་དེ་དག་བཏོན་ནས་རྩིས་པ་ན། བྱེ་རིལ་བཅོ་ལྔ་ཏག་ཏག་འདུག ང་ཡང་བསྐྱར་ཐ་ཤུབས་ཐོག་གི་རི་མོར་དེར་གཡེང་། ཁོ་ནི་ཡུལ་ལུང་གང་སར་འགྲོ་བའི་མོ་ཊའི་ཁ་ལོ་བ་ཡིན་པས་གང་སར་འཕུར་བའི་བྱིའུ་དང་འདྲ་ལ། ང་ནི་གནས་གཅིག་རང་ལ་སྡོད་པའི་འབྲོག་མོ་ཞིག་སྟེ་སྤང་གི་མེ་ཏོག་དང་འདྲ། ཐ་ཤུབས་ཐོག་གི་རི་མོ་དེ་བཞིན་བྱིའུ་ཕྱིར་འཕུར་ཡོང་ནས་མེ་ཏོག་གི་ཐོག་ཏུ་འབབ་པ་དང་། བྱིའུ་སླར་ཡང་རྒྱང་རིང་དུ་མི་འཕུར་ཞིང་མེ་ཏོག་དང་ཁ་མི་འབྲལ་བར་བྱུང་ན་དགའ་བ་ལ་ཨང་སྙམ། ང་ནི་སྐད་ངག་ཅན་ཞིག་ཡིན་པས་ནོར་རྫི་འགྲོ་ཞོར་དུ་རི་གླུ་ལེན་རྒྱུར་དགའ། ངས་རི་གླུའི་གླུ་ཚིག་སྟེ་ལ་གཞས་གསར་པ་ཞིག་བཟོས་ཡོད། ངས་མོ་ཊའི་རྒྱ་ལམ་མཐོང་སའི་དེའུ་འབུར་དེའི་ཐོག་ནས་སྐད་དམའ་བོས་རི་གླུ་འདི་ལྟར་བླངས། ཨ་ལ་ཡེ། བརྒྱ་ཡར་འགྲོ་ཁ་བ་འབབ་འབབ་རེད། སྟོང་ཕྱིར་ཡོང་བུ་ཡུག་འཚུབ་འཚུབ་རེད། རོགས་བྱིའུ་ཆུང་བསམ་ཡོད་ཡིན་སོང་ན། སྤང་མེ་ཏོག་ཐང་ལ་འབབ་རན་རེད། ཅེས་བླངས་པ་དང་ཁོས་སྤྲད་པའི་བྱེ་རིལ་ལས་གཅིག་འཇིབ་སྟེ། དེའི་ཞིམ་མངར་མྱོང་བཞིན་སླར་ཡང་ཐ་ཤུབས་ཐོག་གི་རི་མོར་གཡེང་།
མོ་ཊའི་སྐད་ནི་རྣ་བར་སྙན་ལ། མོ་ཊའི་སྣུམ་གྱི་དྲི་ནི་རྣ་ལ་ཞིམ། ལག་ཤུབས་དཀར་པོ་གོན་པའི་མོ་ཊའི་ཁ་ལོ་བ་ནི་གཟི་ཉམས་ཆེ། ལྷག་པར་དུ་ངའི་ཡིད་དབང་འཕྲོག་པའི་ཁོ་དང་ཁོའི་མོ་ཊ། མོ་ཊ་དང་མོ་ཊའི་ཁ་ལོ་བས་ཐག་རིང་གི་ཅ་ལག་གསར་པ་མང་པོ་ཕ་ཡུལ་དུ་ཁུར་ཡོང་ལ། མོ་ཊ་དང་མོ་ཊའི་ཁ་ལོ་བས་ཉི་མ་ལྷ་ས་དང་གངས་ཏི་སེ་ལ་སོགས་ལ་གནས་སྐོར་ཁྲིད་ཐུབ། ང་དང་ཁོ་རང་ལས་འཕྲོ་ཡོད་ན་ཁོ་རང་ཆུ་གོས་འདི་ལེན་པར་འོང་ངེས་ཤིང་། སྐབས་དེ་དུས་ཁོས་ང་ལ་རེ་བ་གཞན་འདོན་སྲིད་དམ། ཨ་མས་ང་ལ་རྐུབ་གཟའ་རྒྱག་མི་རུང་ཞེས་ཁ་ཏ་བྱས་ཀྱང་། ཁོས་རེ་བ་དེ་བཏོན་ཚེ་ང་ལ་རང་དབང་ཞིག་ཡོང་ས་མི་འདུག དེ་རིང་ངས་ཁོས་སྤྲད་པའི་བྱེ་རིལ་མཐའ་མ་དེ་འཇིབ་པ་ཡིན། ཉི་མ་རེ་ལ་བྱེ་རིལ་རེ་འཇིབ་ནས་བྱེ་རིལ་བཅོ་ལྔ་པོ་འཇིབ་ཚར་བས། ཁོ་རང་འདིར་སླེབས་ཙམ་བྱས་ཤིང་འདི་ནས་ཕྱིན་ནས་ཉིན་བཅོ་ལྔ་ཕྱིན་ཟིན་པ་མཚོན། ངས་བྱེ་རིལ་མ་མཐའ་དེ་ཁ་ནང་དུ་བཟུང་ཞིང་འགྲམ་པ་རིལ་རིལ་གྱིས་སྦྲ་འདབས་ཀྱི་ཕ་བོང་ཐོག་ཏུ་བསྡད་དེ་ཆབ་མདོའི་མོ་ཊ་ཚོ་གཅིག་ལ་གཡེང་། ཁོ་རང་ནི་ཆབ་མདོའི་མོ་ཊའི་ཁ་ལོ་བ་ཡིན་མི་སྲིད། ཆབ་མདོའི་མོ་ཊ་ནི་ཚོ་དང་ཚོ་བྱས་ཏེ་འགྲོ་བ་ལས་ཁེར་ཆད་དུ་ཕལ་ཆེར་མི་འགྲོ། ཁོ་རང་ནི་མཚན་མོ་དེར་མི་རྐྱང་རྟང་རྐྱང་བྱས་ནས་ཡོང་ཞིང་མི་རྐྱང་རྟ་རྐྱང་ནས་ཕྱིན་སོང་། ངས་མཚན་མོ་དེ་ནས་བཟུང་མོ་ཊ་ཁེར་ཆད་ཅིག་མ་གིའི་རྒྱ་ལམ་ཐོག་ཏུ་ཁ་བཀག་ཡོད་མེད་ཉིན་མོར་བལྟ་བཞིན་ཡོད་ལ་མཚན་མོར་ཉན་བཞིན་ཡོད།
ཁོས་སྤྲད་པའི་བྱེ་རིལ་བཅོ་ལྔ་བོ་ནི་ཉི་མ་རེ་ལ་རེ་རེ་ལོངས་སུ་སྤྱད་ནས་རྫོགས་སོང་། བྱེ་རིལ་བཅོ་ལྔ་བོ་ལོངས་སུ་སྤྱོད་པའི་ཉི་མ་རེ་རེ་ནི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྱི་ཟླ་བ་ཉ་གང་བའི་བརྒྱུད་རིམ་ཡིན་པ་དང་། ཉིན་རེའི་ཞིམ་མངར་ལྡན་པའི་འོ་མ་བྱེ་རིལ་གྱི་གཤེར་ཁུ་དཀར་པོ་དེ་དག་འདུས་ནས་གྲུབ་པའི་ཉ་གང་བཅོ་ལྔའི་ཟླ་བ་ཞིག་ངའི་བྱང་ཁོག་སྟོད་དུ་ཤར། ཟླ་བའི་དཀྱིལ་གྱི་གཟུགས་བརྙན་ནི་རི་བོང་མ་ཡིན་པར་མེ་ཏོག་དམར་པོའི་སྡོང་པོ་དང་དེའི་ཐོག་ཏུ་བྱིའུ་སེར་པོ་ཞིག་བབས་པའི་གཟུགས་བརྙན་དེ་རེད། ང་ནི་ང་རང་ཉིད་ཀྱི་བྱང་ཁོག་གི་ནང་དུ་སླེབས་པ་དང་མགོ་ནམ་མཁར་ཕྱོགས་ནས་བལྟས་ཡོད་པས། ངའི་བྱང་ཁོག་སྟོད་དུ་ཟླ་བ་དེ་འདྲ་ཞིག་ཤར་ཡོད་པར་མཐོང་ལ། བསིལ་རླུང་གིས་མེ་ཏོག་དེ་ཡམ་ཡོམ་དུ་གཡོས་པས། ང་རང་མེ་ཏོག་ཐོག་གི་བྱིའུ་འཕུར་འགྲོ་བ་ལ་སེམས་ཁྲལ་ཆེ། སེམས་ཁྲལ་ཧ་ཅང་ཆེ། ང་སེམས་ཁྲལ་གྱིས་མནར་ནས་ངའི་བྱང་ཁོག་སྟོད་ཀྱི་ཟླ་བ་ལ་གཡེང་བའི་སྐབས་དེར། ཁྱི་ཁས་ངའི་གཉིད་ཡོངས་སུ་དཀྲོག་སོང་། གཉིད་དཀྲོག་ཟེར་ནའང་རྟག་པར་སྣང་ཡུལ་དུ་གྱུར་པའི་འཇིག་རྟེན་འདིར་ཕྱིར་བཀུགས་ཡོང་བ་དང་འདྲ། ངས་མིག་གདངས་པ་ན་ཉ་གང་བཅོ་ལྔའི་ཟླ་བ་ཞིག་སྦྲའི་མཐོང་གའི་བར་ནས་དཀར་གསལ་ལེར་ཤར་འདུག སྦྲ་ནི་ང་རང་གི་བྱང་ཁོག་ཡིན་ནམ་སྙམ་ནས་ཅུང་ཙམ་ཐེ་ཚོམ་དུ་གྱུར། ངའི་རིག་པ་གསལ་ཐིང་ངེར་གྱུར་པ་དང་། ངའི་བྱང་ཁོག་ནང་གི་ཟླ་བ་དང་བསྡུར་ན་དངོས་ཡོད་ཀྱི་ཟླ་བ་ནི་སྤྱིར་བཏང་སྤྱིར་བཏང་ཞིག་རེད་དྲན། མཚམས་དེར། ངའི་བསམ་པར་ཕྱི་རོལ་དུ་ཁྱི་ཁ་ཆེ་དོན་ཅི་ཞིག་ཡིན་ནམ་སྙམ་ནས་མོ་ཊ་ཁ་བཀག་པའི་སྒྲ་སོགས་ཐོས་རྒྱུ་ཡོད་མེད་ཉན། ཨ་མས་“ རྐུབ་གཟའ་མ་རྒྱག་མ་གཏོགས། བྱི་ཕྲུག་འབྱར་འོང་། མོ་རེ། གོ་ཨེ་ཐལ་ ”ཞེས་ཁ་ཏ་བྱས་ནས་མར་དོན་སའི་སྦྲ་སྒོ་ནས་བསླུ་བྲིད་ཀྱིས་ཕྱུག་པའི་མོ་ཊའི་སྣུམ་གྱི་དྲི་ཞིམ་ཡར་འཛུལ་བྱུང་། །