གད་འོག་སྡེ་བའི་རྒྱབ་རོལ་ཏུ་ཀྲོང་ངེར་ཆགས་པའི་བྱ་རིའི་ཟོམ་ལ་ཁ་བ་དཀར་ལིང་ངེར་བབས་འདུག དབྱར་གཞུང་དུ་འཕར་སྤྱང་ཤ་ལ་རྒྱུགས་པ་ལྟར་བཞུར་བའི་ཆུ་བོ་དེ་ཡང་གཅིག་གིས་འཐུངས་པ་བཞིན་ཆུ་ཕྲན་ཞིག་ཏུ་གྱུར་ཏེ། འཇོ་སྒེག་ཆེ་ཞིང་ངང་རྒྱུད་འཇམ་པའི་བུ་མོ་ཞིག་དང་འདྲ་བར་སྡེ་བའི་མདུན་ནས་དལ་བུའི་འགྲོས་ཀྱིས་ཞོལ་གྱི་སྟག་ཡུལ་སྡེ་བའི་ཕྱོགས་སུ་རྒྱུ་བཞིན་འདུག ས་ཞིང་ཡོངས་སུ་བ་མོ་སྐྱ་སིང་ངེར་བབས་འདུག་ཅིང་ལོ་ཏོག་དག་གྲང་ངར་གྱིས་གཙེས་ཏེ་རྐང་ལག་བཞི་བོ་བསྐུམས་ནས་གཉིད་ལྕོག་བརྒྱབ་ཡོད་པ་འདྲ། ནམ་མཁར་དཀར་ལ་ནག་པའི་ཡོལ་བ་ཆེན་པོ་ཞིག་འཐེན་ཡོད་པ་ལྟར་སྐྱ་ཆིལ་ལེར་མངོན་ཞིང་། མགོ་བོ་ཡར་བཏེགས་ནས་བལྟས་ན་དེ་ནི་ས་ལ་འབྲུལ་གྲབས་ཡོད་པར་སྣང་། རྟ་བདུན་དབང་བོ་ནི་ས་འབུ་དག་དང་འདྲ་བར་དགུན་ཉལ་དུ་བཞུད་སོང་བའམ་ཡང་ན་གནས་ག་ཤེད་ཅིག་ཏུ་ལྗོངས་རྒྱུར་ཕེབས་པ་ཇི་བཞིན་མཐོང་རྒྱུ་མི་འདུག ཁྭ་ཏ་ནག་པོའི་ཁྱུ་ཞིག་ངག་ནས་ཨག་སྐད་འབྱིན་བཞིན་སྡེ་བའི་བར་སྣང་ནས་གཤོག་པའི་རྡེབ་སྒྲ་དང་བཅས་འཕུར་བཞིན་ཡོད་ལ། ཁྭ་ཏའི་སྐད་དེ་ཐོས་ཚེ་མི་སེམས་ལ་དབང་མེད་དུ་མི་བདེ་བའི་ཚོར་སྣང་ཞིག་སྦྱིན་ཀྱང་། དེ་ནི་ཁ་ཁུ་སིམ་པར་གནས་པའི་སྡེ་བ་འདིར་གྲགས་པའི་སྐད་སྒྲ་གཅིག་པུ་དེ་ཡིན། སྐབས་འདིར་ནམ་རྒྱུན་ནངས་སྔ་མོར་ལངས་ནས་རྩེད་འཇོར་རོལ་བའི་བྱིས་པ་ཚོའང་ཙི་གུ་ཁུང་ལ་འཛུལ་བ་ལྟར་འཇམ་ཅག་གེར་གནས། སྡེ་བའི་ཁྱིམ་ཚང་རེ་རེའི་དུད་ཁུང་ལས་དུ་བ་ཕྱི་ལ་སྔོ་ལྷོག་ལྷོག་ཏུ་འཐོན་བཞིན་ཀྱ་ཀྱུའི་ངང་དགུང་ལ་འཕྱུར་ཞིང་། མི་རྣམས་ཀྱིས་ལྕགས་ཐབ་གྲུ་བཞིའི་ནང་ཤིང་གང་བཅུག་སྟེ་ཚ་ཧུར་ཧུར་བྱས་ནས་མེ་ལྡེ་བཞིན་འདུག
ཧ་ལམ་ཆུ་ཚོད་དགུ་པ་ཙམ་ཟིན་ཚེ་སྡེ་བའི་ཡ་གིར་ཆགས་པའི་གདོང་ག་ལ། བལྟས་ཚོད་ཀྱིས་ན་སོ་དྲུག་ཅུ་ཙམ་སོན་པའི་བུད་མེད་ཅིག་གིས་གཟུགས་པོ་སྒུར་སྒུར་བྱེད་ཅིང་རྒྱབ་ལག་བྱས་ཏེ་རྐང་ལམ་ཕྲ་མོ་ཞིག་དེད་ནས་འགྲོ་བཞིན་འདུག ལག་ཤུབས་གྱོན་ཡོད་པའི་ལག་ཏུ་ཐག་པ་དང་ཤིང་གཅོད་བྱེད་ཀྱི་གྲི་ཞིག་ཁྱེར་ཡོད་ལ། ཐག་པ་ནི་ཨ་རབ་ཀྱི་ཨང་ཀི་བརྒྱད་དབྱིབས་ཀྱི་མདུད་པ་ཞིག་བརྒྱབ་སྟེ་གྲིའི་ཡུ་བར་དཀྲིས་འདུག རྐང་ལ་ས་འཛིན་ཆེ་ཞིང་ཤུད་པར་དཀའ་བའི་མདོག་ལྗང་སྐྱ་ཅན་གྱི་རས་ལྷམ་ཞིག་གྱོན་ཡོད་པ་དང་དེ་ལ་ཐལ་རྡུལ་སྐྱ་ཤུར་རེར་ཆགས་འདུག ཁོ་མོའི་མགོ་བོ་དཀྲིས་རས་སྨུག་པོ་ཞིག་གིས་བཏུམས་ཡོད་ཅིང་དེའི་སྣེ་གཉིས་མ་མགལ་གྱི་འོག་ཏུ་བསྡམས་ནས་མདུད་པ་བརྒྱབ་འདུག སྒལ་རྒྱབ་ཏུ་འཕྱང་བའི་སྐྲའི་ལན་བུ་ནི་ཁོ་མོའི་རྐང་བའི་འདེགས་འཇོག་དང་བསྟུན་ནས་ལྡེམ་ལྡེམ་དུ་འགུལ་ཞིང་གཡོ།
བུད་མེད་དེ་ནི་སུ་རེད་ཟེར་ན། སྡེ་བའི་གཡུལ་ཁ་འོག་གི་ཨ་ཕྱི་ལྕགས་སྒྲོལ་མ་ཡིན་འདུག དེ་རིང་ཕྱི་རོལ་ཏུ་རྐང་ལག་འཁྱིགས་ནས་འཁེངས་ལ་ཁད་ཀྱང་། ཁོ་མོ་དུས་རྒྱུན་ལྟར་ནངས་སྔ་མོར་མལ་ལས་ལངས་ཏེ། ཟངས་པ་ཆུང་ངུ་དེའི་ནང་སྐྱོ་མ་གང་བསྐོལ་ནས་ཟས། དེའི་མུར་སླ་ང་ཁ་ཆག་ཅིག་གི་ནང་ཕག་ཆས་གང་བསྲུབས་ནས་ཕག་ཚང་དུ་ཁུར་ཏེ་ཁ་རའི་ནང་བླུགས་རྗེས། རྩུབ་ཤ་དོད་ཅིང་ནག་དྲེག་ཆགས་པའི་ལག་གཉིས་ལ་མཛུབ་གུ་འཇུག་སའི་ནང་ངོས་ཐེད་ཡོད་པའི་ལག་ཤུབས་དེ་གྱོན་པ་དང་། ཉལ་སའི་སྔས་མགོ་ནས་དཀྲིས་རས་བླངས་ནས་མགོ་བོར་བཏུམས། སྒོ་རར་བུད་དེ་རྡོ་སྟེགས་སུ་མོད་པོར་བརྩིགས་པའི་ཤིང་ཕྲ་མོ་དེ་དག་གི་ཐོག་ནས་ཐག་པ་དང་གྲི་གཉིས་ཀ་བླངས་ནས་བྱ་རིར་ཤིང་འཐུ་རུ་ཕྱིན།
ཨ་ཕྱི་ལྕགས་སྒྲོལ་མ་སྐབས་རེར་འཕྲུལ་ཆས་ལས་གྲུབ་པའི་མི་ཞིག་དང་འདྲ་བར། མིག་ཟུང་གིས་ལམ་ངོས་ཁོ་ན་ཙམ་ལ་ཅེ་རེར་ལྟ་བཞིན་གོམ་པ་གཅིག་རེ་གཅིག་རེ་སྤོ་ཞིང་འགྲོ་ལ། ལན་རེར་ད་གཟོད་མགོ་བོ་ཡར་བཀྱགས་ཏེ་ལམ་འགྲམ་དུ་ཤི་བོ་བཞིན་འགྱེལ་བའི་རྡོ་བ་དང་སྐམ་ཞིང་རྙིད་པར་གྱུར་བའི་སྔོ་རྩྭ་དག་ལ་ལྟ་ཙམ་བྱེད། ཞེང་ཁ་དོག་པའི་གྱེན་ལམ་གཟར་བོ་ཞིག་ལ་སླེབས་ཚེ། ཁོ་མོས་ཕྱི་རྟིང་ཡར་བཀྱགས་ཏེ་རྐང་མགོ་སར་དམ་པོར་བཙུགས་ཤིང་གྲི་མགོ་ས་ལ་བརྟེན་ནས། གཡས་རྐང་འདར་སིག་སིག་བྱེད་བཞིན་བཏེགས་ནས་དེ་ལ་སྤོས་ཙ་ན། རྡེའུ་ལོག་རིལ་ཞིག་ཏུ་སྤོས་པས་རྐང་མགོ་བརྟན་པོར་སྡོད་མ་ཚུགས་པར་ཤུད་དེ་ངག་ནས“ཨ་ཡ”ཞེས་པའི་སྐད་ངན་ཞིག་ཤོར་བ་དང་སྦྲགས། སྲ་འཐས་སུ་འཁེངས་པའི་ཐང་ངོས་སུ་ལྗིད་ཏིག་གེར“པང”ཞེས་ཁ་སྦུག་ཏུ་བརྒྱབ་སྟེ། ཤིང་གཅོད་བྱེད་ཀྱི་གྲི་རྡོ་ལ་བརྒྱབ་པའི་སྒྲ་དང་བཅས་ལུས་ཡོངས་བརྐྱངས་ཕྱག་འཚལ་བའི་ཚུལ་དུ་ཕྱིར་ཤུད་སོང་།
སྐབས་དེར་ཁོ་མོའི་གཡོན་ལག་ས་ངོས་སུ་སྤར་ཤད་བརྒྱབ་ཡོད་པས་ལག་ཤུབས་ཐེད་སའི་མཛུབ་གུ་ལས་ཁྲག་དམར་ལིང་ངེར་ཐོན་འདུག་ཅིང་། ལག་མཐིལ་དང་བྲང་ཁ། པུས་མོ་སོགས་སུ་ན་ཟུག་ཚ་བེར་བེར་དུ་སྐྱེས། ཕལ་ཆེར་གོམ་པ་གཅིག་ཚད་ཀྱི་སར་ཤུད་རྗེས་ད་གཟོད་ལག་གཉིས་ས་ལ་ཤུགས་ཀྱིས་བརྟེན་ནས། དཀའ་ཚོད་ཀྱི་ངང་ཡར་ལངས་ཏེ་ཐང་དུ་བསྡད་ཅིང་། ཐག་པ་དང་གྲི་གཉིས་ཀའང་ཐང་ནས་ལག་ཏུ་བླངས་ཏེ་ལུས་རྩར་བཞག ཁོ་མོས་ལག་ཤུབས་དང་གོས། གུ་ཐུང་སོགས་ལ་འགོས་པའི་ས་རྡུལ་མི་སྤྲུག་པར་ལྷེབ་ལྷེབ་དུ་བྱེད་པའི་དབུགས་ཅུང་ལྷོད་དུ་ཕབ་རྗེས། ངག་འདར་འདར་གྱིས“ང་དམྱལ་བ། སྡུག་པོའི་ལས་འདི། ཚེ་ཕྱི་མར་ས་དང་རྡོའི་སྐྱེས་པ་བླངས་ན་དགའ”ཞེས་ཆིག་ལབ་བརྒྱབ་པ་དང་མིག་ཀོང་ལས་མཆི་ཞགས་འཁོར།
དེའི་མུར་མུ་མཐུད་དུ་མི་ཞིག་དང་གླེང་མོ་བྱེད་བཞིན་པའི་ཚུལ་དུ“ཁྱོད་ཚོའི་ཁྲོད་ལས་གཅིག་ང་ལ་འདུག་རོགས་སུ་བསྡད་ཡོད་ན་ཅི་མ་རུང་། ད་ང་ནི་འདྲེ་མོ་ཞིག་དང་འདྲ་བར་གང་དུ་སོང་ན་གཅིག་པུ་རེད། བླ་མས་མཁྱེན། ཚེ་སྔ་མར་ངས་བྱ་བ་ངན་པ་ཅི་བསྒྲུབས་བཞག་པ་ཡིན་ནམ། ད་སྐེ་ལ་ཐག་པ་དཀྲིས་ནས་རང་གིས་རང་གནམ་བཏགས་ནས་ལྕེབས་ན་དགའ། ང་དམྱལ་བ”ཞེས་ཆེ་ཞིང་སྒོར་བའི་མིག་འབྲས་ལས་སྐྱོ་བའི་མཆི་མ་ཕྲེང་ཐག་ཆད་པ་བཞིན་ལྷུང་ལྷུང་དུ་ཟགས་ཀྱིན་དེ་སྐད་ལབ། དེ་དང་སྦྲགས་ཁོ་མོའི་སེམས་ངོར་རྨི་ལམ་འདྲ་བའི་འདས་དོན་དེ་དག་ཐང་གར་རི་མོ་བཀོད་པ་ཇི་བཞིན་གསལ་ལྷང་ངེར་འཁོར་བྱུང་།
ལོ་ངོ་བཞི་བཅུ་ཙམ་གྱི་སྔོན། ཁོ་མོ་ནི་ཞལ་ཁ་ཕྱེ་མ་ཐག་པའི་མེ་ཏོག་པད་མ་ཞིག་དང་མཚུངས་པར། ཕོ་བརྒྱ་སེམས་པ་ཤོར་བ་དང་མོ་བརྒྱ་སྙིང་རླུང་ལང་དུ་འཇུག་པའི་བུ་མོ་མཛེས་མ་ཞིག་ཡིན་ལ། སྐབས་དེར་ཁོ་མོ་ཚང་ལ་གཉེན་སློང་བའི་ན་གཞོན་ནི་བུང་བ་མེ་ཏོག་ལ་འཁོར་བ་ཇི་བཞིན་མང་དུ་འོངས་ཀྱང་ཁོ་མོར་དེ་དག་གཅིག་ཀྱང་བློ་རུ་མ་བབས། ཉིན་ཞིག་ཏུ་ཨ་མས་ཁོ་མོར“གད་འོག་སྡེ་བའི་རྣམ་གྲོལ་གྱིས་མི་མངགས་ནས་གཉེན་སློང་དུ་སླེབས་འདུག ཁྱོད་བུ་དེ་ལ་མོས་པ་ཨེ་ཡོད”ཅེས་དྲིས་ཙ་ན། ཁོ་མོས་ནོར་བུ་རྩ་ཆེན་ཞིག་རྙེད་པ་ལྟར་སེམས་པ་དགའ་བ་འབུམ་ཕྲག་གིས་མྱོས་ནས་ཨ་མར།“ང་དེ་ལ་འགྲོ་རྒྱུ་ཡིན”ཞེས་ངོ་མདོག་དམར་པོར་གྱུར་ཏེ་འཚེར་སྣང་ཆེ་བའི་ངང་དེ་ལྟར་བཤད་བྱུང་། དེ་ནས་ཅང་མ་འགོར་བར་ཁོ་མོའི་ཡ་ཆུང་སེམས་སུ་དགའ་བའི་མེ་ཏོག་ལྷུག་པོར་གྲོལ་ཏེ་སྟག་ཡུལ་སྡེ་བ་ནས་ས་འདིར་མནའ་མར་འོངས།
མག་པ་རྣམ་གྲོལ་ནི་ཕོ་ཉམས་དོད་ཅིང་སེམས་རྒྱུད་བཟང་བའི་སྟག་ཤར་ཞིག་ཡིན་པར་མ་ཟད། ད་དུང་ཤིང་བཟོ་དང་རྡོ་རྩིག་སོགས་ལའང་མཁས། ལྷག་པར་དུ་ཁོ་ལ་དོམ་དང་འཁྲུག་འཛིང་བྱེད་པའི་གཏམ་རྒྱུད་ཅིག་ཀྱང་ཡོད། དེ་ནི་ཉིན་ཞིག་ཏུ་ཁོ་ནགས་གསེབ་ཏུ་ཤིང་གཅོད་དུ་སོང་ནས་དྲེད་མོང་ཞིག་ལ་ཕྲད་ཅིང་། དྲེད་མོང་གིས་ཁོ་མཐོང་མ་ཐག་ཏུ་མཆེ་བ་གཙིགས་ནས་ཁོ་ལ་མཆོངས་ཏེ་བཟའ་རྩིས་བྱེད་སྐབས། ཁོ་ལ་དངངས་སྐྲག་རབ་ཏུ་སྐྱེས་ཀྱང་ལག་ཟུང་གིས་ཤིང་གཅོད་བྱེད་ཀྱི་གྲི་དམ་པོར་བཟུང་སྟེ། གྲི་མགོ་དྲེད་མོང་གི་སྙིང་གར་གཏད་ནས་ཤུགས་ཡོད་རྒུ་བཏོན་ཏེ་བསྣུན་པ་ན། གྲི་མགོ་ཡོ་གཟུར་མེད་པར་སྙིང་ལ་ཕོག་ནས་དྲེད་མོང་དུས་དེ་ཉིད་དུ་སྡོང་རྒན་ས་ལ་འགྱེལ་བ་ལྟར་ཐང་དུ་དྲག་པོར་བརྒྱབ། དེའི་མུར་ཁ་ནས་སྐད་ངན་འབྱིན་བཞིན་རྐང་ལག་བཞི་བོ་གནམ་ལ་གཏད་དེ་རྡོག་ཤད་རྒྱག་བཞིན་ཡོད་ཅིང་། གྲི་མགོ་སྣུན་སའི་ཤུལ་དེ་ལས་ཕྱི་ལ་ཁྲག་ནག་ཙར་རེ་གཏོར།
ཁོས་སྐྲག་ཐག་ཆོད་ཀྱིས་གཟུགས་པོ་འདར་སིག་སིག་བྱེད་བཞིན་ཨམ་གཙིགས་བསྡམས་ཏེ། ལག་ཟུང་གིས་སྔར་བཞིན་གྲི་དམ་པོར་བཟུང་ནས་བག་ཟོན་གྱིས་མིག་ཧྲིག་ཧྲིག་ངང་དེའི་བྱ་བྱེད་ལ་བལྟས་ནས་བསྡད། བག་ཙམ་འགོར་རྗེས་དྲེད་མོང་གི་འཕག་འཚག་བྱེད་ཤུགས་ཇེ་ཆུང་དུ་གྱུར་བ་དང་དེ་སྔོན་ཁོའི་རྔ་བརྡུངས་བ་ལྟར་ལྡིང་བའི་སྙིང་དེ་ཡང་ཇེ་ལྷོད་དུ་བབས་སྟེ། བློ་སྟོབས་ཆེས་ཆེར་བསྐྱེད་ནས་ཡ་ཐོད་ལ་འཁྱིལ་བའི་རྔུལ་ནག་དེ་དག་ཀྱང་མི་འབྱིད་པར། དྲེད་མོང་གི་འཁྲིས་སུ་བཅར་ནས་ད་དུང་གྲི་འགའ་འཛུགས་དགོས་བསམས་མོད། འོན་ཀྱང་སྐབས་དེར་དྲེད་མོང་ནི་འཆི་ཁར་ཐུག་པའི་བགྲེས་པོ་ཞིག་དང་འདྲ་བར་དབུགས་ཕྲ་མོ་ཞིག་ལས་མེད་པ་དང་མིག་ཟུང་ཡང་ཟུམ་ལ་ཉེ།
ཁོས་ཚུལ་དེ་མཐོང་རྗེས་ད་གཟོད་ཁྲག་གིས་འཚོས་པའི་གྲི་དེ་ཐང་དུ་བཞག་པ་དང་། དབུགས་ཧལ་བཞིན་སར་བསྡད་ནས་དེ་ཤི་བར་བསྒུགས་ཤིང་བསྡད། དྲེད་མོང་ཤི་རྗེས་ཁོས་དེ་ཐག་པས་བསྡམས་ནས་རྒྱབ་ཏུ་ཁུར་ཏེ་ཡུལ་ལ་སོང་ཞིང་། མི་རྣམས་ཀྱིས་དེ་མཐོང་རྗེས་ཁོ་ལ་རྗེས་སུ་ཡི་རང་བའི་ངང་དོམ་དང་འཁྲུག་འཛིང་བྱེད་པའི་བུ་དཔའ་བོ་ཞེས་པའི་མཚན་སྙན་གནང་། དུས་དེ་ནས་བཟུང་ཁོ་ནི་ཕྱི་ནང་སྡེ་བ་ཀུན་ལ་སྐད་གྲགས་ཆོད་པའི་མི་སྣ་ཞིག་ཏུ་གྱུར།
ཁོ་གཉིས་གཉེན་སྒྲིག་བྱས་ཏེ་ཕལ་ཆེར་ལོ་ངོ་གཅིག་ཙམ་འགོར་རྗེས་བུ་མོ་སྙིང་དུ་སྡུག་པ་ཞིག་སྐྱེས་ཤིང་། རྣམ་གྲོལ་གྱིས་དེ་ལ་གཡང་མོ་ཞེས་མིང་བཏགས་ནས་དགའ་བ་དཔག་མེད་སྐྱེས། ལོ་དེ་གཉིས་ཀྱི་འཚོ་བ་ནི་ཁོ་མོས་སྔོན་མར་བློས་བསླངས་བ་ལྟར་བདེ་སྐྱིད་ཀྱི་རྒྱ་མཚོའི་ཀློང་དུ་ཚུད་མོད། འོན་ཀྱང་སྐྱིད་མི་རྟག་རྩྭ་མགོའི་ཟིལ་བ་ཟེར་བའི་དཔེ་ལྟར་བུ་མོ་གཡང་མོ་ལོ་གསུམ་ལ་ལོན་ཏེ་སྐད་ཆ་སྨྲ་ཤེས་ནས་ཅང་མ་འགོར་བའི་སྐབས་སུ། རྣམ་གྲོལ་ལ་ནད་གཞི་ལྗིད་མོ་ཞིག་བྱུང་སྟེ་བླ་མ་དང་སྔགས་པ་གདན་དྲངས་ནས་རིམ་གྲོ་བསྒྲུབས་པ་དང་གླུད་རྫོང་བ་སོགས་བྱས་ཀྱང་མ་ཕན་པས། སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་ཁོ་ལ་གློ་བུར་དུ་ན་ཟུག་སྔར་ལས་དྲག་པོ་ཞིག་ལངས་ནས་ཁ་ཆེམས་ཤིག་ཀྱང་འཇོག་ལོང་མེད་པར་དབུགས་ཆད་སོང་།
རྣམ་གྲོལ་ཤི་རྗེས་ཁོ་མོའི་སེམས་པ་ཤིན་ཏུ་སྡུག་སྟེ་ཟས་མི་ཟ་ཞིང་ངོ་མི་བཤལ་བར་ཉིན་ལྟར་ངུ་བཞིན་བསྡད། གཉེན་ཉེ་དང་ཁྱིམ་མཚེས་གཡས་གཡོན་གྱི་ཁྱིམ་བདག་མ་རྣམས་ཀྱིས་དེ་ལ་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ། ཁོ་མོ་རྣམས་རེས་མོས་ཀྱིས་ཁོ་མོར་འདུག་རོགས་དང་ཉལ་རོགས་སུ་འོངས་ཤིང་དེ་དག་ལས་ཨ་ནེ་འབྲུག་མོ་མཚོས་སེམས་གསོ་འདི་ལྟར་བྱས་ཏེ།“རྣམ་གྲོལ་ཁ་ཕར་འཁོར་ཏེ་སོང་ནའང་ཁྱོད་ལ་ད་དུང་བུ་མོ་གཡང་མོ་ཡོད་པས། རང་གི་གཟུགས་པོར་བཟང་པོར་བདག་བྱོས། ཟ་མ་ཟས་ཤིང་བཏུང་བྱ་འཐུངས་ནས་སྔོན་མ་ལྟར་གྱིས་རོགས། ད་སེམས་པ་སྐྱོ་ནས་ཉིན་ལྟར་ངུས་ནས་བསྡད་ན་ཅི་ལའང་མི་ཕན། རྗེས་མའི་འཚོ་བ་ནི་སྔོན་ལས་ཏོག་ཙམ་དཀའ་སྡུག་ཆེ་བར་འགྱུར་རྒྱུ་ཡིན་ནའང་།
ཁྱིམ་མཚེས་གཡས་གཡོན་ཚོས་ཁྱོད་ལ་རོགས་ཏན་བྱེད་དུ་འོང་ངེས་ཡིན་པས་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། ཚེ་ཐོག་འདིར་ང་ཚོའི་མགོ་ལ་གོད་ཆག་ཅི་ཞིག་འབབ་རྒྱུ་མི་ཤེས་པ་དང་། དེ་མགོ་ལ་བབས་ཀྱང་ལས་ཀྱི་བསྐོས་ཐང་ཡིན་པས་ང་ཚོ་མི་ཕལ་བ་ཞིག་གིས་དེ་དག་གི་ཁ་ལོ་བསྒྱུར་བར་དཀའ། གལ་སྲིད་ངུས་པ་དེ་གོ་ཆོད་ན་འཇིག་རྟེན་ཁམས་སུ་སྡུག་བསྔལ་ཡོད་པའི་མི་ཐམས་ཅད་ངུས་ནས་བསྡད་ཡོད་རྒྱུ་རེད། ཉི་མ་ནི་མགྱོགས་ཟེར་ན་མགྱོགས་དང་ག་ལེ་ཟེར་ན་ག་ལེ། ད་རང་གིས་བུ་མོ་གཡང་མོ་བཟང་པོར་ཁ་གསོས། གཡང་མོ་ཆེར་སོན་ན་ཁོ་མོར་མག་པ་འཇོན་ཐང་ཅན་ཞིག་ཚུར་བླངས་ན་ཁྱོད་ལ་ཡང་ཁྱིམ་ཚང་ཆ་ཚང་བ་ཞིག་ཆགས་ངེས། ཁྱོད་ཀྱིས་ལྟོས་དང་། ས་ལས་མའི་བཟའ་ཟླ་དོན་གྲུབ་ཀྱང་ལོ་བཅུའི་སྔོན་དུ་བདེ་བའི་ཞིང་ཁམས་སུ་གཤེགས་སོང་བས། ཤུལ་དུ་ཁོ་མོ་དང་ལོ་དྲུག་ཙམ་ཟིན་པའི་བུ་བློ་གྲོས་ཁོ་མ་བུ་གཉིས་ཀ་ཁོ་ན་ལུས་མོད། འོན་ཀྱང་ན་ནིང་བློ་གྲོས་ལ་མནའ་མ་བླངས་ཚེ་ད་ལྟ་ཁོ་ཚང་གི་འཚོ་བ་ནི་ཇི་འདྲའི་སྐྱིད་པ་ལ་ཨང་། དེ་བས། རང་གིས་སྲ་བརྟན་བྱས་ནས་སྡོད་དང་། གཏན་ནས་འགྱེལ་དུ་འཇུག་མི་རུང”ཞེས་གསེར་གྱི་ཐིགས་པ་ལྟ་བུའི་བསླབ་བྱ་དང་ཁ་ཏ་དེ་ལྟ་བུ་མང་དུ་གདམས་པས། ཁོ་མོས་ད་གཟོད་ངུ་མཚམས་དལ་བུས་བཞག་སྟེ་འཇིག་རྟེན་གྱི་སྡུག་བསྔལ་ཅི་ཡང་ཧ་མི་གོ་བའི་བུ་མོ་གཡང་མོས་རྩེད་འཇོར་རོལ་བའི་ཚུལ་ལ་ལྟ་བཞིན། མཆི་མས་སྦངས་པའི་ངོ་གདོང་ཕུ་རུང་གིས་ཕྱིས་ཤིང་བྱ་ཚང་ལྟར་ཟིང་ངེ་བར་འཛིངས་པའི་མགོ་སྐྲ་ཤད་དེ། སྤོབས་པ་དང་སྙིང་རུས་ཆེས་ཆེར་བསྐྱེད་ནས་ཀྱག་ཀྱོག་ཆེ་བའི་འཚོ་བའི་ལམ་བུ་སྟེང་གོམ་ཁ་སྔར་བཞིན་བསྒྱུར།
ལོ་ཟླ་ནི་ཇི་འདྲའི་མགྱོགས་པ་ལ་ཨང་། མིག་རྡེབ་ཙམ་གྱིས་ལོ་ངོ་བཞི་བཅུ་ཙམ་འགོར་སོང་། གལ་སྲིད་རང་གི་ཟླ་བོ་འདས་པོ་དེ་སྐྱེ་བ་བླངས་ཡོད་ན་ད་ལྟའང་མི་དར་མ་ཞིག་ཏུ་འགྱུར་ཡོད་ངེས་ཞེས་ཨ་ཕྱི་ལྕགས་སྒྲོལ་མས་དེ་ལྟར་སེམས་བཞིན་ངག་ནས་དངན་པ་རིང་མོ་ཞིག་འཐེན་ཏེ།“དེ་ཐམས་ཅད་ལས་རེད།འགོ་མ་ནས་ཁོ་ཚེ་ཐུང་བ་ཞིག་ཡིན་པ་ཤེས་རྒྱུ་ན། ངས་སྡུག་འདི་དག་མཐོང་མི་དགོས་ཀྱང་སྲིད”ཅེས་བློ་འགྱོད་དང་ལྡན་པའི་ངང་སྐད་ཆ་དེ་ཤོར། དེའི་མུར་གཡས་ལག་གིས་ཡ་མཆུའི་འདབས་ནས་སྐུད་པ་ཕྲ་མོ་ཞིག་ཐུར་ལ་དཔྱངས་པ་ལྟར་གཡོ་འགུལ་བྱེད་ཅིང་ས་ལ་འཛག་གྲབས་བྱེད་པའི་སྣབས་ཀྱི་ཐིགས་པ་དེ་ཕྱིས་རྗེས། ལག་པ་ཁུ་ཚུར་བཅངས་ནས་ལག་རྒྱབ་ཀྱི་ཟུར་ངོས་ཤིག་གིས་འགྲམ་ངོས་གཉིས་སུ་འགོས་པའི་མཆི་མའང་འབྱིད་ཙམ་བྱས། མཆི་མ་ཚ་པོ་དེ་དག་མགོ་བོ་བཏུམ་བྱེད་དཀྲིས་རས་ཀྱི་གསེབ་ཏུ་འཛུལ་ཏེ་འཁྱུག་ཙམ་མ་འགོར་བར་གྲང་བར་གྱུར་བས་འགྲམ་པ་འཁྱག་སིབ་སིབ་ཏུ་སྣང་། སྐབས་དེར་ཁོ་མོའི་ལག་པ་ཡ་གཅིག་གིས་པུས་མོའི་ལྷ་ངར་ཕུར་ཕུར་བྱེད་བཞིན་མགོ་བོ་སྨད་དེ། ཐང་ངོས་ཀྱི་ས་རྡོ་ལ་ཅེ་རེར་ལྟ་བཞིན་ཁ་ནས་རང་གིས་ཀྱང་ཐོས་ལ་མི་ཐོས་པའི་སྐད་སྒྲས“གཡང་མོ་སྔོ་སྨན་འབལ་དུ་བཏང་མེད་ན་ཇི་འདྲའི་དགའ་ཨང”ཞེས་སྨྲས་རྗེས། སེམས་གཏིང་ནས་རང་ལ་ལེ་བདའ་བྱས་ཤིང་མིག་ཀོང་ལས་མཆི་མ་ཡང་རྒྱུན་ཆད་མེད་པར་ལྷུང་ལྷུང་དུ་བཞུར།
ནང་གི་ཀ་བ་དང་ཕྱི་ཡི་ལྕགས་རི་ལྟ་བུའི་རྣམ་གྲོལ་མ་འཚམས་པའི་རྗེས་སུ། ཁོ་མ་སྨད་གཉིས་ཀ་གཅིག་གིས་གཅིག་ལ་བསྟེན་ནས་དཀའ་སྡུག་ཆེ་བའི་ལོ་ཟླ་དེ་དག་འཕུད་ཅི་ཐུབ་བྱས། དུས་དེ་ནས་བཟུང་སྟེ་ཁྱིམ་ཕྱི་ནང་གི་ལས་ཀ་མཐའ་དག་ཁོ་མོའི་ཕྲག་སྟེང་དུ་བབས་ཏེ། སྐྱེས་པ་ཕོ་རྐྱང་རྐྱང་ཞུགས་པའི་སྡེ་བའི་གཞུང་དོན་ལ་འགྲོ་དགོས་ཤིང་། ཞིང་རྨོ་བ་དང་ཤིང་གཅོད་པ། ས་དང་རྡོ་སློག་པ་ལ་སོགས་ཀྱི་ལས་ལའང་འཇུག་དགོས། དེ་མིན་གཡང་མོ་ཅུང་ཆེར་སོན་ཏེ་དུས་རྟག་ཏུ་ཁོ་མོར“ཨ་ཕ་གང་དུ་ཕྱིན་སོང་། རོགས་པ་ཚང་མར་ཨ་ཕ་འདུག ང་ལ་ཨ་ཕ་མེད་པ་ནི་ཅི་རེད། ཁྱེད་ཀྱིས་ང་ལ་དྲང་མོར་ཤོད་དང་། དོན་དམ་དུ་ཨ་ཕ་གང་ལ་ཕྱིན་སོང”ཞེས་ངུ་བཞིན་དེ་ལྟར་ཡང་ཡང་དུ་འདྲི་ཚེ། ཁོ་མོས་དེ་ཐོས་ཚེ་སེམས་པ་རབ་ཏུ་སྐྱོ་ཡང་བཟོད་བསྲན་བྱས་ཏེ་བུ་མོར“ཨ་ཕ་ཐག་རིང་རྒྱང་དུ་ཁྱོད་ལ་གཏམ་རྒྱུད་ལེན་དུ་བུད་སོང་། ད་ལོ་གཅིག་ལོ་གཉིས་བསྡད་ན་ཕྱིར་འོང་ངེས་རེད”ཅེས་འུ་ཐུག་ཐབས་ཟད་ཀྱིས་དེ་ལྟར་མགོ་སྐོར་མི་གཏོང་ཀ་མེད་དུ་གྱུར། ཡིན་ནའང་ཐེངས་ཤིག་ཏུ་གཡང་མོས“ཁྱེད་ཀྱིས་ང་ལ་རྫུན་མ་གཏོང་། རོགས་པ་ཚོས་བཤད་ན་ངའི་ཨ་ཕ་ཤི་སོང་ཟེར། ཤི་སོང་ན་ཕྱིར་འོང་རྒྱུ་མེད་ཟེར། དེ་བདེན་པ་ཨེ་རེད”ཅེས་ངུ་བཞིན་དེ་ལྟར་དོགས་འདྲི་བྱས། ཁོ་མོས་བུ་མོའི་སྐད་ཆ་དེ་དག་ཐོས་འཕྲལ་སྙིང་ལ་གྲི་བསྣུན་པ་ལྟར་གྱུར་ཏེ། ཡུན་རིང་ལ་བསྲན་པའི་མཆི་མ་དུས་དེ་ཉིད་དུ་ཤོར་བ་དང་གཡང་མོ་རང་གི་པང་དུ་ཚུར་འཐེན་ཏེ་དམ་པོར་འཐམས།
ལོ་ཟླ་ནི་ཆུ་བོ་ཇི་བཞིན་ཕྱིར་ལྡོག་མེད་པར་མྱུར་སྟབས་ཀྱིས་བཞུད་ཀྱིན་འདུག གཡང་མོ་ནི་རྩེད་མོ་རྩེ་བཞིན་དང་དགོད་བཞིན། ངུ་བཞིན། ལས་ཀ་ལས་བཞིན་ཆེ་ནས་ཆེ་རུ་སོན་ཏེ། ལང་ཚོའི་དཔལ་ཡོན་རབ་ཏུ་བཞད་ཅིང་ཁ་འབྲས་མཚར་བའི་བུ་མོ་མཛེས་མ་ཞིག་ཏུ་ཆགས། སྐབས་དེར་སྡེ་བའི་ན་གཞོན་མང་པོ་ཞིག་གིས་གཡང་མོར་དགའ་བའི་མེ་ཏོག་གཏོར་ཞིང་སེམས་ཀྱི་གཏད་སོ་བཅོལ། ཡིན་ནའང་གཡང་མོས་དགའ་བའི་ཞགས་པ་དེ་ཆུང་དུས་ནས་མོ་རང་ལ་སྲིང་མོ་ལྟར་བརྩེ་བའི་ཤེས་རབ་ལ་འཕངས། ཡིད་ཕངས་པ་ཞིག་ལ་ཤེས་རབ་ཚང་ལ་བུ་ཁོ་གཅིག་མ་གཏོགས་མེད་པས། གཡང་མོས“ང་ཕུ་བོ་ཤེས་རབ་ལ་མནའ་མ་གཏོང་རོགས”ཞེས་ངུ་བཞིན་ཨ་མར་ཞུ་བ་ཐེངས་མང་འཐེན་ཀྱང་། ཁོ་མོས“ཁྱོད་བུ་མོ་ཡིན་རུང་བུ་ཡི་ཚབ་ཡིན། ཁྱོད་འུ་ཚང་གི་གཞི་འཛིན་མཁན་ཡིན་པས་གཞན་ཚང་ལ་མནའ་མ་སོང་ན་ག་ལ་འགྲིག དེ་གཏན་ནས་མི་ཆོག”ཅེས་བློ་ཐག་རྦད་ཆོད་ཀྱིས་བཤད་པར། གཡང་མོའི་སེམས་སུ་ཁྲ་ཆིལ་ལེར་བཞད་པའི་བརྩེ་བའི་མེ་ཏོག་ཚ་བས་གཙེས་ཏེ་རྙིད་པར་གྱུར། མཇུག་མཐར་ཨ་མའི་ཁ་ལ་ཉན་ཏེ་བུ་སྤུན་གསུམ་ཡིན་པའི་འབྲུག་ཚེ་རིང་དང་ཚེ་གཅིག་གི་འདུན་མ་བསྒྲིགས།
ཁོ་གཉིས་གཉེན་སྒྲིག་བྱས་ཏེ་ཕལ་ཆེར་ཟླ་ངོ་གཉིས་ཙམ་འགོར་བའི་ཉིན་ཞིག་ཏུ། གཡང་མོས་ཁོ་མོར“ཨ་མ། སང་ཉིན་གནམ་ལམ་གྱི་ལུང་བའི་ཁོག་ཏུ་ཤིང་ཆ་འདྲེན་པའི་རླངས་འཁོར་འགྲོ་རྒྱུ་ཡོད་པས། ང་དེར་སྔོ་སྨན་འབལ་དུ་འགྲོ་རྒྱུ་ཡིན། ཤིང་མོ་དང་གནམ་ལས་མ་དེ་དག་ཀྱང་འགྲོ་རྒྱུ་ཡིན་ཟེར”ཞེས་སྨྲས་པར། ཁོ་མོས“བུ་མོ། གནམ་ལམ་གྱི་ལུང་བའི་ལམ་དེ་ཧ་ཅང་སྡུག་པོ་རེད། ལམ་ཞེང་དོག་ཅིང་འགག་འཕྲང་མང་བ། རླངས་འཁོར་ལ་བསྡད་ནས་སོང་ན་ཉེན་ཁ་ཆེན་པོ་འདུག ཁྱོད་ཚོ་དེ་ལ་སྔོ་སྨན་འབལ་དུ་འགྲོ་རྒྱུ་ཡིན་ན་ས་ཐག་རིང་ཡང་རྐང་ཐང་གིས་སོང་ན་མི་འགྲིག་གམ”ཞེས་སེམས་ཁྲལ་བྱེད་པའི་ངང་བཤད་ཀྱང་། གཡང་མོས་ཁོ་མོའི་བཤད་པ་དེ་རྣ་རྒྱབ་ཀྱི་རླུང་ལྟར་བྱས་ཏེ།“ཁ་ཉིན་ངའི་རོགས་པ་དེ་ཚོ་རླངས་འཁོར་ལ་བསྡད་དེ་ཐེངས་གཅིག་སོང་བ་རེད། ཁོ་ཚོ་ཚང་མ་བདེ་མོ་ཐང་མོའི་ངང་ཕྱིར་འོངས་འདུག ང་སང་ཉིན་དེ་ཚོའི་རྗེས་སུ་འབྲངས་ནས་འགྲོ་རྒྱུ་ཡིན་པས། ཁྱེད་རང་སེམས་བདེ་མོ་བྱས་ནས་སྡོད་དང”ཞེས་མ་རངས་པའི་ངང་ཟེར་བར། ཁོ་མོའི་སེམས་སུ་བུ་མོ་ཆུང་དུས་ནས་བཟུང་ཨུ་ཚུགས་ཆེ་ཞིང་སྤོབས་སེམས་དང་ལྡན་པས་དེའི་བློ་ཁ་བསྒྱུར་མི་ཐུབ་ཅེས་འཁོར་ཏེ་ཁ་རོག་གེར་བསྡད།
ཕྱི་ཉིན་གཡང་མོ་དང་རོགས་པ་ཚོས་མི་རེ་རེའི་རྒྱབ་ཏུ་སེལ་བོ་ཞིག་ཁུར་ཏེ། ཤིང་ཆ་འདྲེན་པའི“ཤར་རླུང”རྟགས་ཅན་གྱི་རླངས་འཁོར་ཆེན་མོའི་འཁོར་སྒམ་དུ་བསྡད་པར། དགོད་བཞིན་དང་གླུ་དབྱངས་ལེན་བཞིན་གནམ་ལམ་གྱི་ལུང་བའི་ཁོག་ལ་སྔོ་སྨན་འབལ་དུ་སོང་། གནམ་ལམ་གྱི་ལུང་བའི་ལམ་ཧ་ཅང་སྡུག་པོ་ཡིན་པས། རླངས་འཁོར་ནི་ས་འབུ་ཞིག་ས་འོག་ཏུ་འབུ་རུ་རུར་འགུལ་བ་ལྟར་སྐྱོད་ཅིང་། རླངས་འཁོར་ཕར་གཡོ་ཚུར་གཡོ་བྱེད་པ་དང་བསྟུན་ཁོ་མོ་ཚོའང་ཕར་གཡུག་ཚུར་གཡུག་བྱས་མོད། འོན་ཀྱང་བུ་མོ་སྨན་ཤར་ཚོས་དེ་ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར་རྩེད་འཇོར་རོལ་བ་ལྟར་ཁ་ནས་ཧབ་ཆ་དིར་རེ་ཤོར་བ་དང་། དེ་ལྟར་ཁོ་ཚོ་ལུང་བའི་ཕུ་ལ་སོང་སྟེ་སྔོ་སྨན་ཡོད་སའི་གནས་ལ་བཅར།
དགོང་ཁར་ཟིན་ཚེ་བུ་མོ་ཚོའི་སེལ་བོའི་མགོ་ནི་འཁྲིལ་ཤིང་གིས་བསྡམས་ཏེ་མཐོན་པོར་བྱས་ཤིང་ནང་ལ་སྔོ་སྨན་གང་བཅུག་ནས་འོངས། རླངས་འཁོར་གྱི་ནང་ལའང་སྦོམ་ཞིང་ཆེ་བའི་ཤིང་ཆ་གང་བརྫངས་ནས་མཐོན་པོར་བརྩིགས་ཏེ་ལྕགས་ཐག་གིས་དམ་པོར་བསྡམས་འདུག ཁོ་མོ་ཚོས་གཅིག་གིས་གཅིག་ལ་བརྟེན་ཞིང་འཐེན་བཞིན་ཤིང་ཆ་གདོང་ག་ཞིག་ལྟར་སྤུངས་པའི་རླངས་འཁོར་ལ་འགོས་ཏེ་ལག་པ་འཛིན་ས་བརྟན་པོ་ཞིག་བཙལ་ནས་བསྡད།
ཉིན་དེར་རླངས་འཁོར་ལ་ཤིང་ཆ་བཅུག་པ་མང་དྲགས་པས་རླངས་འཁོར་གྱི་མགོ་བོ་ལྡེམ་ལྡེམ་དུ་འགུལ་བ་དང་། དེ་ནི་སྐབས་རེར་རྒས་འཁོགས་སུ་གྱུར་བའི་བགྲེས་པོ་ཞིག་ལྟར་དལ་གྱིས་སྐྱོད་ཅིང་། སྐབས་རེར་ར་བཟིར་གྱུར་བའི་མི་ཞིག་འཁྱར་འཁྱོར་དུ་འགྲོ་བའི་ཚུལ་ལྟར་ཡོམ་ཡོམ་དུ་འགུལ། ས་ཐག་སྤྱི་ལེ་གཅིག་ཙམ་སོང་དང་མ་སོང་བའི་མཚམས་སུ་མུན་རུབ་པ་དང་། ཁ་ལོ་བས་རླངས་འཁོར་གྱི་གློག་འོད་སྤྲོས་ཏེ་སྔར་ལས་སེམས་ཆུང་བྱེད་བཞིན་བསྐོར་ཞིང་སྐྱོད།
སྐབས་དེར་གཡང་མོའི་སེམས་ལ་ད་གཟོད་འཇིགས་སྐྲག་བག་ཙམ་སྐྱེས་ཏེ་ཡ་སོས་མ་མཆུ་དམ་པོར་སོ་བཏབ་ཅིང་། རྐང་བ་ལྷེམ་ལྷེམ་དུ་འདར་བཞིན་ལག་གཉིས་ཀྱིས་ཤིང་ལ་ཤུགས་ཀྱིས་བཟུང་། ལམ་གྱི་གཡོན་ངོས་སུ་ས་དོང་ཆེན་པོ་ཞིག་ཡོད་པའི་མཚམས་ཤིག་ཏུ་སླེབས་སྐབས། ཁ་ལོ་བས་ས་དོང་ཆེན་པོ་དེའི་ཁ་ནས་གཡོན་ཕྱོགས་ཀྱི་འཁོར་ལོ་མདུན་མ་དལ་གྱིས་བཏང་སྟེ་དོང་ཞབས་ལ་བབས་མ་ཐག་ཏུ། འཁོར་སྒམ་དུ་བཀལ་བའི་ཤིང་ཆ་ལྗིད་དྲགས་པས་རླངས་འཁོར་གྱི་རྔ་མ་གསེག་སོང་བ་དང་། དེ་ལས་བསླངས་པའི་ཤུགས་ཀྱིས་རླངས་འཁོར་ཧྲིལ་བོ་གཡོན་ཕྱོགས་སུ་དྲུད་དེ་མགོ་རྟིང་བསློགས། སྨག་རུམ་གྱི་བཏུམས་པའི་ལམ་ཁ་དེར་དུས་དེ་ཉིད་དུ་འོ་དོད་དང་འཁུན་སྒྲ། ངུ་སྐད་སོགས་ཀྱིས་ཁེངས་ནས་ལྷིང་འཇགས་ཀྱི་མཚན་མོ་རབ་ཏུ་དཀྲོགས་ཏེ་འུར་ཟིང་ངེར་བཏང་།
དགོང་མོའི་ཆུ་ཚོད་བཅུ་ཙམ་ལ་ཟིན་སྐབས། གཡང་མོ་ད་དུང་ཕྱིར་མ་ལོག་པས་ཁོ་མོ་དང་འབྲུག་ཚེ་རིང་གཉིས་ཀར་འཚུབ་ཆ་ལངས་ཏེ། གཡང་མོའི་རོགས་པ་དེ་ཚེ་ཕྱིར་འོངས་མིན་ལ་འདྲི་རུ་སོང་། དེ་ཚོ་ཚང་མ་ཕྱིར་མ་འོངས་པ་ཤེས་འཕྲལ་ཁོ་མོའི་སེམས་མ་བདེ་སྟེ་འབྲུག་ཚེ་རིང་ལ་སྡེ་བའི་མི་སྐུལ་སློང་བྱས་ནས་བལྟ་རུ་སོང་ཞེས་སྨྲས་ཤིང་། རང་གི་ཁ་ནས་དེ་དག་བདེ་བླག་ངང་ཕྱིར་འོང་རྒྱུར་སྨོན་ལམ་ཡང་ཡང་བཏབ། འབྲུག་ཚེ་རིང་གིས་སྡེ་བའི་མི་བཅུ་ཙམ་འབོད་དུ་ཕྱིན་ནས་དེ་རྣམས་ཁྲིད་དེ་གནམ་ལམ་གྱི་ལུང་བའི་ཕྱོགས་སུ་ཤར་རེར་བསྐྱོད།
འབྲུག་ཚེ་རིང་དེ་ཚོ་རླངས་འཁོར་མགོ་རྟིང་སློག་སར་སླེབས་ལ་ཉེ་བའི་མཚམས་སུ། དཀར་ལམ་ལམ་དུ་འཚེར་བའི་རླངས་འཁོར་གྱི་གློག་འོད་མཐོང་བ་དང་སྐད་འཛེར་འཛེར་གྱིས་ཆོ་ངེ་འདེབས་པའི་སྐད་ཐོས་པས། འབྲུག་ཚེ་རིང་ལ་དངངས་སྐྲག་ཆེན་པོ་སྐྱེས་ཏེ་སྐད་མགོ་མཐོན་པོར་བཏེགས་ནས་གཡང་མོའི་མིང་འབོད་བཞིན་ཕྱོགས་དེར་བཅར། ཁོ་ཚོ་ལམ་ཁ་དེར་སླེབས་འཕྲལ་ལག་ཁྱེར་གློག་སྒྲོན་སྤྲོས་ཏེ་བལྟས་པ་ན། མི་ལ་ལའི་རྐང་བ་ཤིང་ཆས་མནན་ཡོད་པ་དང་ལ་ལ་རླངས་འཁོར་གྱིས་གཡུགས་ཏེ་ལམ་ངོས་སུ་འགྱེལ་འདུག
ཚུལ་དེ་མཐོང་རྗེས་འབྲུག་ཚེ་རིང་གི་སྙིང་ནི་རྔ་བརྡུངས་བ་ལྟར་གྱུར་ཏེ་ཅུང་འདར་བའི་སྐད་གདངས་ཀྱིས་གཡང་མོ་འབོད་བཞིན། ཤེད་ཤུགས་ཡོད་རྒུ་བཏོན་ནས་སྦོམ་ཞིང་ཆེ་བའི་ཤིང་ཆ་དེ་དག་ཕར་སློག་ཚུར་སློག་བྱས། མཐར་ཤིང་ཆའི་ཞབས་འོག་ནས་གཡང་མོ་རྙེད་ཅིང་ཕྱི་ལ་བཏོན་ནས་ཁོ་མོའི་མིང་འབོད་བཞིན་དཔུང་བར་དཀྲུག་དཀྲུག་བྱས་ཀྱང་། གཡང་མོའི་མིག་ཟུང་དམ་པོར་བཙུམས་ནས་འགུལ་ཙམ་ཡང་མི་བྱེད་ལ་ཁོ་མོའི་གནག་ཅིང་སྣུམ་པའི་སྐྲ་ལོ་ཡོངས་སུ་ཁྲག་གིས་བརྫིས་འདུག
སྐབས་དེར་འབྲུག་ཚེ་རིང་གིས་ཐང་ལ་བསྙལ་བའི་གཡང་མོའི་ལུས་རྩར་པུས་མོ་བཙུགས་ནས་ངུ་ངག་གིས་ཁོ་མོའི་མིང་འབོད་བཞིན་བསྡད་ཡོད་པས། མི་ཚང་མ་ཁོའི་མཐའ་བསྐོར་ནས་རུབ་ཅིང་དེ་དག་ལས་ལོ་ཅུང་ཆེ་བའི་མཁས་གྲུབ་ཀྱིས་པུས་མོ་ཐང་དུ་བཙུགས་ཏེ། གཡང་མོའི་ཡ་ཁུང་ལ་རྣ་བ་གླན་ནས་སྙིང་ལྡིང་གིན་ཡོད་མེད་ལ་ཉན། ཁོས་རྣ་བ་གཉིས་བརྗེ་རེས་བྱས་ནས་བྲང་ཁར་གླན་ནས་ཐེངས་འགར་ཉན་ཀྱང་སྙིང་ལ་གྲགས་འགུལ་ཅི་ཡང་མེད་པ་ཚོར་བས། སྐྱོ་བའི་ངག་གིས“གཡང་མོ་མེད་པ་འདྲ། སྙིང་ལྡིང་གིན་མི་འདུག”ཅེས་བཤད་རྗེས་འབྲུག་ཚེ་རིང་གི་མགོ་ལ་ཐོག་བརྒྱབ་པ་ལྟར་གྱུར་ཏེ་ལུས་ཤུགས་ཡོངས་རྫོགས་ཟད་ནས་ཐང་ལ་འགྱེལ།
ཁྱིམ་ནས་སེམས་པ་འཚབ་སྟེ་མེ་ལྟར་འབར་བའི་ཁོ་མོ་མུ་མཐུད་དུ་སྨོན་ལམ་འདེབས་བཞིན་སྒོ་ཁར་ལངས་ནས་བསྒུགས་ཡོད་པ་དང་། ནམ་ཕྱེད་ཟིན་ཏེ་གཡང་མོའི་མགོ་ལ་ཤིང་ཆ་བརྒྱབ་ནས་ཤི་སོང་ཞེས་པའི་གཏམ་ངན་དེ་སྡེ་བའི་ནང་རླུང་ལྟར་གྲགས་ཚེ། ཁོའི་ངག་ནས“ལས་ངན་མ་དེ”ཞེས་ཤོར་རྗེས་རེ་ཞིག་དྲན་པ་ཐོར་ཏེ་བརྒྱལ་སོང་།
གཡང་མོ་འཇིག་རྟེན་དང་ཁ་བྲལ་རྗེས། འབྲུག་ཚེ་རིང་སེམས་པ་སྐྱོ་སྟེ་ཐག་རིང་རྒྱང་ལ་ཕྱིན་ཏེ་ཕྱིར་མ་ལོག ཁྱིམ་ན་ཁེར་རྐྱང་དུ་ལུས་པའི་ཁོ་མོའི་སེམས་པའང་རབ་ཏུ་གདུངས་ཏེ་ཟས་མི་ཟ་བ་དང་ཐ་ན་ཆུ་ཧུབ་གང་ཡང་མི་འཐུང་། དེ་ལྟར་ཉིན་གསུམ་ཙམ་འགོར་རྗེས་ཁོ་མོ་ནི་མིག་རྩ་དམར་ཞིང་ཁ་འགྲམ་ཁོང་དུ་བརྡིབས་པ། མགོ་སྐྲ་ཟིང་ངེ་བར་འཛིངས་པ་ཞིག་ཏུ་གྱུར་ཏེ་བདུད་མོ་ཞིག་དང་ཀུན་ནས་མཚུངས། གཉེན་ཉེ་དུ་ཚང་མས་ཚུལ་དེ་མཐོང་རྗེས་ཉིན་མཚན་མེད་པར་ཁོ་མོ་བསྲུངས་ནས་སེམས་གསོ་བྱས་ཀྱང་། ཁོ་མོ་སྔར་བཞིན་ལྐུགས་པ་བཞིན་སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བ་དང་ཤིང་སྡོང་བཞིན་གཟུགས་པོ་འཁྱུག་ཙམ་ཡང་མི་འགུལ་བར་བླ་འཁྱམས་པ་ལྟར་བསྡད།
སྐབས་དེར་ཁོ་མོའི་སེམས་སུ་ད་འཇིག་རྟེན་མི་ཡུལ་ལ་ཞེན་ཆགས་ས་གཅིག་ཀྱང་མེད་པས་ཤི་ན་དགའ་ཞེས་ཤར་ཏེ་རང་ལྕེབས་བྱེད་པའི་བློའང་དྲག་པོ་སྐྱེས།
ཁོ་མོས་ཟས་མི་ཟ་དང་མི་འཐུང་བྱས་ནས་ཉིན་ལྔ་ཙམ་བསྡད་རྗེས། ཁོ་མོའི་མིང་བོ་ལྕགས་བྱེད་ཀྱིས་རང་གི་ཆེས་ཆུང་བའི་བུ་མོ་སྨོན་ལམ་མཚོ་ཁྲིད་ནས་འོངས་། དུས་དེར་བུ་མོ་སྨོན་ལམ་མཚོ་ནི་ལོ་དགུར་ལོན་ཞིང་ཁོ་མོའི་མིག་དང་སྣ་སོགས་གཡང་མོ་དང་ཧ་ཅང་འདྲ་མཚུངས་སུ་འདུག སྨོན་ལམ་མཚོས་ཉལ་སར་འགྱེལ་བའི་ཁོ་མོའི་ཚུལ་དེ་མཐོང་ཚེ་ཅུང་ཙམ་སྐྲག་ཀྱང་སྐད་ཕྲ་མོས“ཨ་ནེ”ཞེས་བོས་ཙ་ན། ཁོ་མོ་ནི་གཉིད་ལས་དཀྲོགས་པ་ལྟར་སྨོན་ལམ་མཚོའི་གདོང་ལ་མིག་ཧྲིག་ཧྲིག་གིས་ལྟ་བཞིན། ཡིད་ལ་གཡང་མོ་དྲན་ཏེ་མཆི་མ་ལྷུང་ལྷུང་དུ་བཞུར་ཞིང་ངུ་སྐད་དིར་དིར་ཤོར།
སྐབས་དེ་ཉིད་དུ་ཁོ་མོའི་གན་དུ་བསྲུངས་བའི་གཉེན་ཉེ་ཚོའི་སེམས་པ་ད་གཟོད་ཅུང་ལྷོད་ལ་བབས་ཏེ།“རང་གི་མིང་བོའི་བུ་མོ་དང་རང་གི་བུ་མོ་གཅིག་མཚུངས་རེད། རྗེས་མར་སྨོན་ལམ་མཚོ་རང་གི་བུ་མོ་བྱོས། ཁྱོད་ཀྱི་འདུག་རོགས་སུ་སྡོད་དུ་ཆུགས”ཞེས་ལབ་པས། ཁོ་མོའི་སེམས་སུ་ཡང་གསོན་རེའི་ཉི་ཟེར་ཕྲ་མོ་ཙམ་ཤར་ཏེ་ལང་ལོང་དུ་འཁྲིགས་པའི་སྡུག་གི་སྨུག་པ་དལ་གྱིས་བསལ། མིང་བོ་ལྕགས་བྱེད་ཀྱིས་ཀྱང་དེ་ལ་ཤིན་ཏུ་འཐད་ཅིང་ཁས་བླངས་ཏེ་བུ་མོ་སྨོན་ལམ་མཚོ་ཁོ་མོར་འདུག་རོགས་སུ་བསྐྱུར་ནས་བུད་སོང་།
དེ་ལྟར་ཉིན་དང་ཟླ་བ་བརྩེགས་ནས་ཡང་ལོ་ངོ་བཅུ་ཙམ་འགོར་བ་ན། སྨོན་ལམ་མཚོ་ནི་མཛེས་ཤིང་ལྟ་ན་སྡུག་པའི་གཞོན་ནུ་མ་ཞིག་ཏུ་ཆགས། ཁོ་མོས་ད་ནི་སྨོན་ལམ་མཚོ་ལ་མག་པ་ཞིག་ཚུར་ལེན་རན་འདུག་བསམས་ཏེ། སྡེ་བར་བུ་སྤུན་གཉིས་གསུམ་ཡོད་པའི་ཁྱིམ་ཚང་ལ་ཆང་ཁྱེར་ནས་གཉེན་འདྲི་རུ་ཕྱིན་མོད། འོན་ཀྱང་སྨོན་ལམ་མཚོས་དེ་ལ་ཧ་ཅང་མ་རངས་པའི་ངང་ཁོ་མོར“ང་ལ་མག་པ་མི་དགོས”ཞེས་སྡུག་སེམས་ཆེན་པོ་ཡོད་པ་ལྟར་ལབ་བྱུང་།
ཁོ་མོས་དེ་ཐོས་ཚེ་དགོད་ཚེར་ཚེར་གྱི་ངང“དེ་ནི་འཇིག་རྟེན་གྱི་ལུགས་ཏེ་ཕོ་མོ་གང་ཡིན་རུང་ཆེར་སོན་ན་གཉེན་སྒྲིག་དགོས་པ་ནི་མགོ་ནག་མི་ཡི་དཔེ་རེད”ཅེས་གནས་ལུགས་ལུང་བ་གང་བཤད་མོད། འོན་ཀྱང་བློ་ཡུལ་ལས་འདས་པ་ནི་ཞག་གཉིས་ཀྱི་རྗེས་སུ་སྨོན་ལམ་མཚོས་རང་གི་ཅ་དངོས་བསྡུས་ཏེ་ཁ་རོག་གེར་བྲོས་སོང་བ་རེད།
དོན་དེ་མི་སུ་དང་གང་གིས་ཀྱང་མ་ཤེས་པ་དང་། ཁོ་མོའི་སེམས་དོན་ཡང་མི་སུ་དང་གང་གིས་མི་རྟོགས་པར་གྱུར། ཕལ་ཆེར་སྨོན་ལམ་མཚོས་ཨ་ནེས་ཁོ་མོར་མག་པ་ལེན་དགོས་ཟེར་བ་ཐོས་ཚེ། གཅིག་བྱས་ན་ཨ་ཅེ་དབང་མོའི་ལས་དབང་ཡིད་ལ་དྲན་སྲིད་ཅིང་། ཡང་གཅིག་བྱས་ན་གཉེན་སྒྲིག་བྱས་རྗེས་ཨ་ནེ་དང་ལྷན་དུ་སྡོད་མ་འདོད་པས་ཡིན་ཀྱང་སྲིད། གང་ལྟར་སྨོན་ལམ་མཚོ་ནི་སྡེ་བའི་མི་སུ་དང་གང་གིས་ཀྱང་མི་ཤེས་པའི་གནས་ཤིག་ཏུ་བྲོས་སོང་བ་རེད།
ཁོ་མོས་སྨོན་ལམ་མཚོ་བྲོས་སོང་བ་ཤེས་རྗེས་ཧང་སངས་ཏེ“བུ་མོ་འདིར་གཟའ་འཕར་བ་ཨེ་ཡིན། ངས་ཁོ་མོར་ཅི་བཟོས་སོང”ཞེས་ཆིག་ལབ་རྒྱག་བཞིན་ཅི་བྱ་གཏོལ་མེད་དུ་གྱུར། སྨོན་ལམ་མཚོ་བྲོས་སོང་བའི་ཉིན་དང་པོ་དང་གཉིས་པར་ཁོ་མོ་གཉིད་མ་ཁུག་སྟེ་རང་ལ་འཁང་ར་བྱེད་བཞིན་བསྡད།
ཉིན་ཤས་སོང་རྗེས་ཁོ་མོས་ཅི་ཞིག་རྟོགས་སོང་བ་ལྟར་གྱུར་ཏེ་སེམས་སུ། གནམ་རྒན་མས་ང་ལ་གཅིག་པུར་སྡོད་དུ་བཅུག་ན་སྡོད་དགོས་པ་ལས་གཡོལ་ཐབས་མེད། གལ་སྲིད་རྒས་འཁོགས་སུ་གྱུར་ཏེ་འཆི་ཁར་ཐུག་ན། གནའ་བོའི་གཏམ་རྒྱུད་དུ་བཤད་པ་ལྟར་གད་ཁུང་ནང་ཉལ་ཏུ་འགྲོ་ཆོག་ཅེས་འཁོར་ཏེ་ཁོང་དགོད་ཅིག་བྱས་ཏེ། སྔར་ལྟར་མི་གྲལ་དུ་སོང་ནས་འཚོ་བ་རོལ་བར་བྱས། སྐབས་རེར་དྲན་གདུང་གིས་མནར་ནས་བཟོད་ཐབས་མེད་ཚེ་ད་གཟོད་མི་མེད་ས་ན་མཆི་མ་རྡོག་འགའ་འདོན།
ཨ་ཕྱི་ལྕགས་སྒྲོལ་མ་ཐང་དུ་བསྡད་དེ་རང་སྟེང་ལ་བྱུང་བའི་སྐྱོ་གར་ལྟ་བུའི་འདས་དོན་དེ་དག་ཡིད་ལ་ཐེངས་ཤིག་དྲན་རྗེས། གློ་བུར་དུ་སེམས་ལ་གང་ཞིག་ནས་བརྡོལ་བ་ཆ་མི་འཚལ་བའི་སྙིང་སྟོབས་དང་སྤོབས་པས་ཁེངས་ཏེ། ངོ་གདོང་གི་མཆི་མ་དང་སྣ་ཁུང་ལས་ཕྱི་ལ་ཐོན་པའི་སྣབས་དག་ལག་པས་གཙང་མས་ཕྱིས་ཤིང་། མཆི་མས་བརླན་པར་བྱས་པའི་དཀྲིས་རས་བཀྲོལ་ཏེ་ཁུག་མར་བཅུག ལག་ཟུང་ས་ལ་བརྟེན་ཏེ་ཧར་གྱིས་ལངས་ཤིང་ལུས་སུ་འགོས་པའི་ས་རྡུལ་དག་གཙང་མར་སྤྲུགས་རྗེས། གྲི་ཡུ་ལ་དམ་པོར་བཟུང་སྟེ་གྲི་མགོས་གྱེན་ལམ་གཟར་བོར་རྐང་རྟེན་བརྐོས། སྐབས་དེར་བྱ་རི་ནས་ཐུར་ལ་ལྷགས་པ་འུར་འུར་དུ་རྒྱུ་བ་དང་ཁྭ་ཏ་ནག་པོའི་ཁྱུ་ཚོགས་དེས་བར་སྣང་ནས་གཤོག་པ་རྡེབ་བཞིན་ཅི་དགར་གཤོག་འགྱུར་བྱེད། ཁོ་མོས་མགོ་བོ་བཏེགས་ནས་སྐྱ་མོའི་རི་ལམ་ལ་ཁེར་རྐྱང་ངང་གོམ་སྟབས་ཆེན་པོས་སྐྱོད། །