ཁྱོད་ཀྱིས་རྔུལ་ལེན་དང་གསར་དོར་མ་ཡིན་པའི་གོས་ལྷམ་ཐམས་ཅད་ཕུད་ནས་མལ་གཟན་དུ་འཛུལ། དུས་ངེས་མེད་དུ་སྐེད་ཚིགས་སུ་ཟུག་གཟེར་རྒྱུག་པའི་སྣང་བ་ཞིག་སྐྱེས་ཀྱང་། དེ་ནི་ཉིན་འདི་འགར་དགོང་མོ་ཉལ་འཕྱི་དྲགས་པས་ངལ་གསོས་མ་འདང་བ་ཡིན་ངེས། དོ་ནུབ་སྔ་ཙམ་ནས་ངལ་གསོ་བརྒྱབ་ན་སང་ཉིན་སངས་དྲག་ཏུ་ཕྱིན་ཡོད་སྙམ། ཡང་ཁྱོད་ཀྱིས་གཅིག་བྱས་ན་མལ་ཁྲིའི་སྟེང་ནས་རྩལ་ངོམ་རྒྱུ་མང་སོང་བ་ཡིན་སྲིད་པས། དོ་ནུབ་ཅི་ཡང་མི་དྲན་ཁུལ་བགྱིས་ཏེ་གཉིད་འཇོག་དགོས་སྙམ། འོན་ཀྱང་། ཁྱོད་རང་མལ་དུ་ཉལ་ནས་མིག་ཟུང་ཤེད་ཀྱིས་བཙུམས་ནའང་། གཉིད་དུབ་པའི་སྣང་བ་སྤུ་རྩེ་ཙམ་ཡང་མ་སྐྱེས། ཁྱོད་ཀྱིས་ཁ་པར་གྱི་སྒོ་གཏན་ཅིང་དཔེ་ཆའི་ཁའང་མ་ཕྱེས་པར་ཐད་ཀར་གཉིད་འཇོག་དགོས་སྙམ་ཡང་། ཁྱོད་ཀྱི་ནང་སེམས་སུ་དོན་དག་མང་པོ་ཞིག་གིས་འཚང་ག་བརྒྱབ་སྟེ་རྣམ་རིག་ཇེ་དྭངས་དང་མིག་ཟུང་ཇེ་ཆེར་གྱུར། དེའི་སྟབས་ཀྱིས། ཁྱོད་རང་ཆུང་མ་མ་ཉལ་བའི་སྔོན་དུ་རྨི་ལམ་གྱི་ཞིང་ལ་ཆས་འགྲོ་སྙམ་པའི་འཆར་གཞི་དེ་ལེགས་འགྲུབ་མ་བྱུང་།
ཁྱོད་རང་དམིགས་པ་ཅི་ཡང་མེད་པར་ཁ་གཏད་ཀྱི་སྒེའུ་ཡོལ་ལ་ཅེར་ནས་བསྡད། ཉི་འོད་ཀྱིས་ཚིག་ནས་ཐོག་མའི་ཁ་མདོག་ཅི་ཡིན་མི་ཤེས་པར་གྱུར་བའི་སྒེའུ་ཡོལ་དེ་ལས། ཁྱོད་ཀྱིས་ད་གཟོད་ཆུང་མ་དང་ཁ་རྩོད་བརྒྱབ་པའི་དོན་དག་དེ་ཡིད་ལ་དྲན་པས། གློ་རྡེག་ཏུ་ཅི་ཡིན་འདི་ཡིན་མེད་པར་ཁོང་ཁྲོ་ལངས། སེམས་ལ་ད་ཐེངས་རང་ཉིད་ལ་ནོར་འཁྲུལ་ཅི་ཡང་མེད། ཡོད་ཚད་ཆུང་མས་འདང་རྒྱག་མ་ཤེས་པས་ལན་པ་རེད་སྙམ།
“དེ་རིང་སྐྱེས་མའི་དུས་ཆེན་ཡིན་པ་མ་གོའམ།”དགོང་ཇ་འཐུང་བའི་སྐབས་སུ། ཁྱོད་ཀྱི་ཆུང་མས་ཅུང་ཙམ་ཡིད་མི་རངས་པའི་ཚུལ་གྱིས་དེ་ལྟར་བཤད་པས། ཁྱོད་ཀྱིས་དྲི་བ་གློ་བུར་བ་དེར་ལན་ཇི་ལྟར་འདེབས་དགོས་མ་ཤེས། འོན་ཀྱང་། ཁྱོད་ཀྱིས་གསལ་པོར་ཤེས་ཡོད་པ་ནི་སྐབས་འདིར་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞེས་བཤད་ན་དེ་ལས་ཀྱང་ཁོང་ཁྲོ་སློང་ངེས་རེད་སྙམ་པ་དེའོ།།
ཁྱོད་ཀྱིས་དུས་ཆེན་ལ་རྟེན་འབྲེལ་མ་ཞུས། སྐད་ཆ་དེར་ཚིག་ལན་ཡང་མ་སྦྱིན།
“ཁྱོད་རང་འོན་སོང་བ་ཡིན་ནམ། ངས་བཤད་པའི་སྐད་ཆ་མི་ཚོར་རམ།”
“ངས་ཉན་ཡོད།”ཁྱོད་ཀྱིས་སྐད་ཆ་གཞན་པ་ཅི་ཡང་མ་ཤོད།
“ལྟོས་དང་། སྐྱེས་པ་གཞན་པ་དག་གིས་རང་གི་ཆུང་མར་ལེགས་སྐྱེས་ཅི་འདྲ་ཉོ་བཞིན་འདུག རྟེན་འབྲེལ་ཞུ་ཚིག་ཅི་འདྲ་སྐུར་བཞིན་འདུག”ཁྱོད་ཀྱི་ཆུང་མས་དེ་ལྟར་འཁང་ར་དང་བཅས་ཏེ་བཤད་དུས། ཐོག་མར་ཁྱོད་ཀྱིས་དངོས་གནས་བདེན་པ་རེད་ཨང་སྙམ་སྟེ་འགྱོད་གདུང་ཅུང་ཙམ་སྐྱེས་ཀྱང་། དེ་འཕྲལ་དུ་དུས་ཆེན་ལ་ལེགས་སྐྱེས་སྦྱིན་པ་ནི་དགའ་རོགས་སྒྲིག་པའི་དུས་ཀྱི་ལུགས་སྲོལ་ཞིག་ཡིན་པ་ལས། གཉེན་སྒྲིག་བྱས་ཚར་དུས་ནི་ཁྱིམ་ཚང་གཅིག་ཏུ་གྱུར་བས། བཀོལ་སྤྱོད་ཆེར་མེད་པའི་ཅ་ལག་དག་ཕན་ཚུན་ལ་སྤྲད་རེས་བྱས་ཀྱང་དོན་སྙིང་ཆེར་མེད་པར་འདོད།
“དྲང་མོར་བཤད་ན། འདི་ནི་ང་ལ་སྣང་མེད་བྱས་པའམ་མི་དགའ་བའི་རྣམ་འགྱུར་ཞིག་རེད།”ཆུང་མས་སླར་ཡང་ཁྱོད་ཀྱི་སེམས་སུ་དྲན་མ་མྱོང་བའི་སྐད་ཆ་ཞིག་བཤད་པས། ཁྱོད་རང་གློ་བུར་དུ་ཅི་བྱ་གཏོལ་མེད་དུ་གྱུར།
ཁྱོད་ཀྱིས་ཡིན་མིན་གྱི་རྩོད་པ་རྒྱག་མ་འདོད། འོན་ཀྱང་། ཁྱོད་ཀྱིས་ནམ་ཡང་འདི་ལྟར་དྲན་བཞིན་ཡོད་དེ། དུས་ཆེན་ལ་བསྟུན་ནས་བཟའ་ཟླ་ཕན་ཚུན་བར་ལེགས་སྐྱེས་སྦྱིན་པ་དང་། དོན་སྙིང་མེད་པའི་རྟེན་འབྲེལ་ཞུ་ཚིག་འབུལ་བ་ནི་ཕྱིའི་རྣམ་པ་ཞིག་གམ་མི་སྔུན་གྱི་འཁྲབ་སྟོན་ཙམ་མ་ཡིན་ནམ་སྙམ་བཞིན་ཡོད།
དེ་ལྟ་ནའང་། ཁྱོད་ཀྱིས་རང་གི་འདོད་པ་ལྟར་ཆུང་མ་ལ་གསལ་བཤད་གང་ཡང་མ་བྱས།
ཁྱོད་ཀྱིས་ད་རུང་འདི་ལྟར་ཡང་དྲན་མྱོང་། དུས་ཆེན་སོགས་ལ་བསྟུན་ནས་ལེགས་སྐྱེས་ཙག་ཙིག་སྦྱིན་མཁན་དང་ཁ་ཡག་ངོ་དགའ་བཤད་མཁན་སྐོར་ཞིག་ནི། ཁྲམ་པ་དང་གཡོ་སྒྱུ་ཅན་འབའ་ཞིག་ཡིན་ཏེ། ཁོ་ཚོས་དུས་ཆེན་སོགས་སུ་རང་གི་ཆུང་མ་ལ་ཁ་ཡག་ངོ་དགའ་བཤད་པའམ་ལེགས་སྐྱེས་ཕུལ་ཏེ་རང་གི་བརྩེ་བ་མཚོན་བཞིན་ཡོད་མོད། འོན་ཀྱང་། དུས་ཚོད་གཞན་དག་ཏུ་ཆུང་མ་དང་རྒྱབ་འགལ་གྱི་བྱ་བར་ཅི་རིགས་སྒྲུབ་བཞིན་པ་མིན་ནམ་སྙམ།
ཁྱོད་རང་སྔར་བཞིན་ཁ་རོག་གེར་བསྡད།
ཁྱོད་རང་སྔར་བཞིན་ཁ་རོག་གེར་བསྡད་པས། ཁྱོད་ཀྱི་ཆུང་མའང་སྔར་ལས་ཁོང་ཁྲོ་ལངས། འོན་ཀྱང་། ཁྱོད་ཀྱིས་སྔར་བཞིན་ཅི་ཞིག་བཤད་དགོས་མ་ཤེས་པས་སྔར་བཞིན་ཁ་རོག་གེར་མི་འདུག་ཐབས་མེད་ཡིན།
གང་ལྟར་ཡང་། ཁྱོད་ཀྱིས་ཁ་ཡག་བཤད་པ་དང་ལེགས་སྐྱེས་སྦྱིན་པ་ཁོ་ནར་བརྟེན་ནས་ཕ་རོལ་པོའི་སེམས་པ་མགུ་ཐབས་བྱེད་དགོས་པ་ནི་སྐྱོ་གར་ཞིག་ཡིན་པའི་སྣང་བ་འཆར་བཞིན་ཡོད། དེ་བས། རང་ཉིད་ཀྱིས་ནམ་རྒྱུན་ཆུང་མར་སྤྲེལ་ལད་དང་བཅས་ཏེ་རྟེན་འབྲེལ་མི་ཞུ་བ་ནི་ཁོ་མར་དགའ་བའི་རྟགས་མཚན་ཞིག་ཏན་ཏན་ཡིན་ངེས་སྙམ།
འོན་ཀྱང་། ཁྱོད་ཀྱི་ཆུང་མས་དེ་བཞིན་དུ་བསམ་ཤེས་བཅའ་ཐུབ་བམ། དེ་ལ་ཁྱོད་ཀྱིས་འདང་རྒྱག་མྱོང་མེད།
ཁྱོད་རང་ཕྱིར་དྲན་ནམ་སྟོང་འདང་གི་ཀློང་ནས་དྲན་པ་སོས་དུས། ཁྱོད་ཀྱི་ཆུང་མས་དགོང་ཟས་རྗེས་ཀྱི་ལས་ཀ་ཐམས་ཅད་ཚར་ཏེ། ཁྱོད་ཀྱི་འགྲམ་དུ་སྔུར་བ་ཕྲ་མོ་ཞིག་འཐེན་བཞིན་གཉིད་འདུག འོན་ཀྱང་། ཁྱོད་རང་སྔར་བཞིན་གཉིད་མ་ཁུག་པས། གམ་དུ་ཉལ་འདུག་པའི་ཆུང་མའང་གཉིད་ལས་སློང་བར་པྲ་ཚག་བྱས།
ཁྱོད་ཀྱིས་ག་ལེར་ཆུང་མའི་རྣ་འགྲམ་དུ“གཅེས་ཕྲུག”ཅེས་ཧ་སྒྲ་དང་བཅས་ཐེངས་གཅིག་བོས་ཀྱང་། ཆུང་མས་ཨ་ལན་ཅི་ཡང་མ་སྦྱིན།
ཁྱོད་ཀྱིས་ཐེངས་གཉིས་པར་བོས་ཀྱང་། སྔར་བཞིན་གྲག་འགུལ་ཅི་ཡང་སློང་མ་ཐུབ།
ཡང་བསྐྱར་ཐེངས་གཅིག་བོས། ཐེངས་གསུམ་པ་འབོད་དུས་ཐོག་མར་ཆུང་མའི་ལུས་པོ་འགུལ་ཙམ་བྱས་པ་དང་དེ་ནས་ཅུང་མི་དགའ་བའི་ཚུལ་གྱིས“འུར་སྒྲ་མ་གཏོང”ཞེས་གསལ་ལ་མི་གསལ་བ་ཞིག་བཤད་ནས་ཁ་ཕར་འཁོར་གྲབས་བྱས།
ཡིན་ནའང་། ཁྱོད་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཁོ་མོ་ཚུར་པང་དུ་བླངས་པ་དང་ཤིན་ཏུ་བྱང་ཆ་ཡོད་པའི་སྒོས་འོ་སྦྱོར་བ་ན། ཐོག་མར་ཁྱོད་ཀྱི་ཆུང་མས་མི་འདོད་པའི་རྣམ་འགྱུར་ཕྲན་ཙམ་བསྟན་མོད། འོན་ཀྱང་། རིམ་གྱིས་ལུས་སེམས་གཉིས་ཀ་ལྷོད་ལ་བབས་ནས་ཁྱོད་དང་བསྟུན་ཅི་ཐབས་བྱས་ཤིང་། ཁྱོད་ཀྱང་ད་ཅི་ཉལ་ཁའི་འཆར་གཞིའམ་དམ་བཅའ་ལས་ཡང་བསྐྱར་འགོངས་དགོས་བྱུང་།
རབ་ཏུ་མགུ་བའི་བདེ་བ་ཐེངས་གཅིག་སྤྱད་རྗེས། ཁྱོད་ཀྱིས་ཆུང་མ་པང་ཁུག་ཏུ་བསྡམས་ནས“གཅེས་ཕྲུག དུས་ཆེན་ལ་རྟེན་འབྲེལ་ཞུ། ལེགས”ཞེས་ཁ་མཚར་ཀུ་རེ་བརྩེས།
“འདྲེ་ཕོ་་་་་་”ཆུང་མས་ཤེད་ཤུགས་ཆུང་ངུས་ཁྱོད་ཀྱི་ཕྲེག་པར་རྡེག་ཙམ་བྱས་པ་ལས་ཡུས་གཏམ་ཅི་ཡང་མ་བཤད་ལ། སྔར་ལས་སྙིང་ཉེ་ཉེ་ཡིས་ཁྱོད་ཀྱི་ལུས་པོ་དང་ཉེ་བར་བཅར་བྱུང་། སྐབས་དེར། ཁྱོད་ཀྱིས་ད་གཟོད་རང་གི་ལུས་སྟེང་གི་རྔུལ་ལེན་དང་གསང་དོར་གཉིས་ཀྱང་ག་ཤེད་ལ་ཕུད་ཟིན་པ་ཉམས་སུ་ཆུད།
(སྒྲུང་གཏམ་སྐུར་སའི་ཡིག་ཟམ། 3334392847@qq.com)