གཅིག།
ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་རྒྱག་དགོས། དམངས་གཙོའི་ཏང་ཤོག་ཁག་ནི་ཀྲུང་གོའི་གུང་ཁྲན་ཏང་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཡིན་པ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྩ་བའི་ཁ་ཕྱོགས་སུ་བརྩིས་ནས། སྲིད་ཞུགས་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ། མཉམ་ལས་ཀྱི་ནུས་པ་བཅས་ཆེ་རུ་གཏོང་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དང་འགན་འཁྲི་སྒྲུབ་ནུས་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ཆབ་སྲིད་བརྟན་པོ་དང་། ཁྱད་ཆོས་གསལ་པོ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་ཚོགས་པ་དང་ཚོང་ཚོགས་རྩ་འཛུགས་ཤིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས།
(2013ལོའི་ཟླ་2ཚེས་6ཉིན་ཏང་ཕྱིའི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་བསུ་སྐབས་ཀྱི་གསུང་བཤད།)
གཉིས།
གྲོས་མོལ་དམངས་གཙོ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་དམིགས་བསལ་གྱི་དགེ་མཚན་ཞིག་ཡིན་ལ། ཆབ་སྲིད་ཁྱབ་ཁོངས་ནང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་བཏང་ན། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་པ་དང་། ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་དུ་གཏོང་བ། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་ལ་ཕན་ཐོགས་ཡོད།
(2013ལོའི་ཟླ་11ཚེས་9ཉིན་《ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》སྐོར་གྱི་གསལ་བཤད།)
གསུམ།
མི་དམངས་སྲིད་གྲོས་ཀྱི་ལོ་ངོ་65རིང་གི་འཕེལ་རྒྱས་བྱུང་རིམ་ལ་ཕྱིར་མིག་བལྟས་ཚེ། མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། ཉེ་རབས་ཚུན་གྱི་ཀྲུང་གོའི་མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་རླབས་པོ་ཆེ་ལས་བྱུང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་ལག་ལེན་ཁྲོད་ནས་འཕེལ་རྒྱས་བྱུང་བ། ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་བཅས་ལ་ང་ཚོར་ངོས་ཟིན་སྔར་ལས་གཏིང་ཟབ་བྱུང་། མི་དམངས་སྲིད་གྲོས་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསར་སྐྲུན་བྱས་པ་དང་། སྔར་ལས་འོད་སྟོང་འབར་བའི་འབྱུང་འགྱུར་གསར་སྐྲུན་བྱེད་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཞི།
མི་དམངས་སྲིད་གྲོས་ནི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་བྱེད་ཀྱི་མཆོག་ནོར་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་ཀྱང་ཡིན།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
ལྔ།
དམངས་གཙོ་མངོན་འགྱུར་བྱེད་པའི་རྣམ་པ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། འགྱུར་མེད་མཁྲེགས་བཟུང་གི་མ་དཔེ་བྱེད་མི་རུང་ལ། འཛམ་གླིང་ཡོངས་ལ་འཕྲོད་པའི་ཤན་འབྱེད་ཚད་གཞི་གཅིག་ཁོ་ན་ལས་མེད་ཅེས་དེ་བས་ཀྱང་བཤད་མི་རུང་། མི་དམངས་ལ་དམངས་གཙོའི་ཁེ་དབང་ཡོད་མེད་དེ་མི་དམངས་ལ་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་འཕེན་པའི་ཁེ་དབང་ཡོད་མེད་ལ་བལྟ་དགོས་པ་མ་ཟད། མི་དམངས་ལ་རྒྱུན་ལྡན་ཆབ་སྲིད་འཚོ་བའི་ནང་རྒྱུན་མཐུད་དུ་ཞུགས་པའི་ཁེ་དབང་ཡོད་མེད་ལའང་བལྟ་དགོས། མི་དམངས་ལ་དམངས་གཙོ་འདེམས་བསྐོ་བྱེད་པའི་དབང་ཆ་ཡོད་མེད་ལ་བལྟ་དགོས་ལ། མི་དམངས་ཀྱིས་དམངས་གཙོས་ཇུས་ཐག་གཅོད་པ་དང་། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བྱེད་ཀྱི་ཡོད་མེད་ལའང་བལྟ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ལ་ལམ་ལུགས་ཐད་གོ་རིམ་ཆ་ཚང་ཞིག་དགོས་པ་མ་ཟད། དེར་ཞུགས་པའི་ལག་ལེན་ཆ་ཚང་ཞིག་ཀྱང་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་འཛིན་པ་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཐོག་ནས་བྱེ་བྲག་དང་དངོས་སུ་མཚོན་ཐུབ་དགོས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་གི་ལས་ཀའི་ཐོག་ནས་བྱེ་བྲག་དང་དངོས་སུ་མཚོན་ཐུབ་དགོས་པ། མི་དམངས་ཀྱིས་རང་ངོས་ཀྱི་ཁེ་ཕན་མངོན་འགྱུར་དང་འཕེལ་རྒྱས་གཏོང་བའི་ཐོག་ནས་བྱེ་བྲག་དང་དངོས་སུ་མཚོན་ཐུབ་དགོས།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
དྲུག།
ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དོན་དག་ཡོད་ཚེ་གྲོས་བསྡུར་བྱེད་པ་དང་། མང་ཚོགས་ཀྱི་དོན་དག་ཚང་མས་གྲོས་མོལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་བླང་བྱའི་སྤྱིའི་མཐུན་ཆ་ཆེ་ཤོས་རྙེད་ཐུབ་པ་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་དོན་སྙིང་ཡིན། མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་ཡིན་ཕྱིན། མི་དམངས་ནང་ཁུལ་དུ་ཇི་ལྟར་བྱ་རྒྱུ་གྲོས་བསྡུར་བྱེད་དགོས་པ་ལས། གྲོས་བསྡུར་མ་བྱས་པའམ་ཡང་ན་གྲོས་བསྡུར་འདང་ངེས་མ་བྱས་ཚེ། དོན་དག་ཡག་པོ་ཞིག་ལེགས་འགྲུབ་ཡོང་དགོས་བསམས་ན་ཧ་ཅང་སྒྲུབ་ཁག་པོ་ཞིག་རེད། ང་ཚོས་དོན་དག་ཡོད་ན་གྲོས་བསྡུར་མང་ཙམ་བྱེད་པ་དང་། དོན་དག་དང་འཕྲད་ན་གྲོས་བསྡུར་མང་ཙམ་བྱེད་པ། དོན་དག་སྒྲུབ་སྐབས་གྲོས་བསྡུར་མང་ཙམ་བྱེད་པ། གྲོས་བསྡུར་ཇི་ཙམ་མང་བ་དང་གཏིང་ཟབ་པ་བྱས་ན་དེ་ཙམ་ལེགས་པ་ཡོད་པ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་རྣམས་མི་དམངས་ཡོངས་རྫོགས་དང་སྤྱི་ཚོགས་ཡོངས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་དགོས། ས་གནས་ཤིག་གི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་ཡིན་ཕྱིན། ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་དགོས། མང་ཚོགས་ཁག་ཅིག་གི་ཁེ་ཕན་དང་དམིགས་བསལ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་རྣམས་མང་ཚོགས་དེ་དག་གི་ཁྲོད་དུ་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་དགོས། གཞི་རིམ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་རྣམས་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་དགོས། མི་དམངས་ནང་ཁུལ་དུ་ཕྱོགས་གང་ཅིའི་ཐད་རྒྱ་ཁྱབ་ཏུ་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ནི་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱི་བརྒྱུད་རིམ་ཞིག་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བའི་བརྒྱུད་རིམ་ཞིག། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་དམངས་གཙོས་ཇུས་ཐག་གཅོད་པའི་བརྒྱུད་རིམ་ཞིག། མི་དམངས་ཀྱིས་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཞིག་བཅས་རེད། འདི་ལྟར་བྱས་ན། ད་གཟོད་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ལ་རྨང་གཞི་བརྟན་པོ་ཡོད་ལ། ད་གཟོད་སྟོབས་ཤུགས་ཆེན་པོ་གོང་བུར་འགྲིལ་ཐུབ།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བདུན།
ཀྲུང་གོ་གསར་པའི་མི་དམངས་དམངས་གཙོ་ལག་ལེན་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག། ང་ཚོའི་མི་འབོར་མང་ཞིང་མངའ་ཁོངས་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འདིའི་ནང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱ་ཁྱབ་ཏུ་གྲོས་མོལ་བྱ་རྒྱུ་དེས་དམངས་གཙོ་དང་གཅིག་སྡུད་གཅིག་གྱུར་ཡིན་པ་མཚོན་པ་དང་། མི་དམངས་ཀྱིས་འདེམས་བསྐོ་དང་འདེམས་ཤོག་འཕེན་པར་བརྟེན་ནས་དབང་ཆ་སྤྱོད་པ་དང་། མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོས་ཇུས་ཐག་མ་བཅད་གོང་ལ་གྲོས་མོལ་གང་ལེགས་བྱས་ཏེ། ཐུན་མོང་རང་བཞིན་གྱི་གནད་དོན་ལ་བསམ་འཆར་གཅིག་མཐུན་ཡོང་གང་ཐུབ་བྱེད་པ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཡི་རྣམ་པ་གལ་ཆེན་གཉིས་ཡིན། ཀྲུང་གོ་རུ་དམངས་གཙོའི་རྣམ་པ་དེ་གཉིས་ཕན་ཚུན་ཚབ་བྱེད་པ་དང་ཕན་ཚུན་ཁས་མི་ལེན་པ་ཞིག་མིན་པར་ཕན་ཚུན་ཁ་གསབ་དང་ཕན་ཚུན་སྤེལ་རེས་བྱེད་པ་ཞིག་ཡིན་པས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་ཐུན་མོང་ཐོག་གྲུབ་ཡོད་ཅེས་ང་ཚོས་གསལ་པོར་བཏོན་ཡོད།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བརྒྱད།
གྲོས་མོལ་དམངས་གཙོ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དམངས་གཙོའི་རྣམ་པ་ཁྱད་པར་ཅན་དང་ཁོ་ནར་ཡོད་པ་ཅན་དང་དམིགས་བསལ་ཅན་བཅས་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ནང་ཆགས་པའི་གནམ་འོག་སྤྱི་ལ་དབང་བ་དང་། ཁོག་ཡངས་ཀུན་ཤོང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་སོགས་ཕུལ་དུ་བྱུང་བའི་ཆབ་སྲིད་རིག་གནས་ལས་བྱུང་བ་དང་། ཉེ་རབས་ཚུན་གྱི་ཀྲུང་གོའི་ཆབ་སྲིད་འཕེལ་རྒྱས་ཀྱི་མངོན་སུམ་འཕེལ་རིམ་ལས་བྱུང་བ། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་བྱས་པའི་དུས་ཡུན་རིང་པོའི་ལག་ལེན་ལས་བྱུང་བ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་ཤོག་ཁག་དང་། ཚོགས་པ་ཁག། མི་རིགས་ཁག། རིམ་གྲས་ཁག། ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ཆབ་སྲིད་ཀྱི་ལམ་ལུགས་ཐད་ཐུན་མོང་ཐོག་མངོན་འགྱུར་བྱས་པའི་གསར་གཏོད་རླབས་པོ་ཆེ་ལས་བྱུང་བ། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཀྲུང་གོས་ཆབ་སྲིད་ལམ་ལུགས་ཐད་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་ལས་བྱུང་བ་བཅས་ཡིན་པས། དེ་ལ་རིག་གནས་ཀྱི་རྨང་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། ལག་ལེན་གྱི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི་བཅས་གཏིང་ཟབ་མོ་ལྡན་ཡོད།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
དགུ།
བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ནི་ང་ཚོས་གྲོས་མོལ་དམངས་གཙོ་ལག་བསྟར་བྱེད་ཐུབ་པ་དང་གོང་འཕེལ་གཏོང་ཐུབ་པའི་གལ་ཆེའི་སྔོན་འགྲོ་དང་རྨང་གཞི་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་དོན། ཀྲུང་གོའི་གུང་ཁྲན་ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད། ཀྲུང་གོའི་གུང་ཁྲན་ཏང་དང་དེས་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་བྱེད་ཡིན་པ་དང་། དེའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་མཐའ་དག་དང་ལས་དོན་བཀོད་སྒྲིག་དང་ལས་ཀའི་བཀོད་སྒྲིག་མཐའ་དག་མི་དམངས་ཀྱི་ཁྲོད་ནས་འབྱུང་དགོས་པ་དང་། ཚང་མ་མི་དམངས་ཀྱི་ཁེ་ཕན་གྱི་དོན་དུ་གཏན་འཁེལ་དང་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཆེན་པོ་འདིའི་འོག་ཏུ་ང་ཚོས་མི་དམངས་ནང་ཁུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་དགོས་ལ་ཉན་ཡང་ཐུབ་པ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་གཅིག་གྱུར་འགོ་ཁྲིད་འོག། གྲོས་མོལ་སྣ་ཚོགས་བྱས་པ་བརྒྱུད་དེ་བསམ་འཆར་དང་གྲོས་འགོ་ཁྱབ་ཆེན་པོར་ཉན་པ་དང་། སྐྱོན་བརྗོད་དང་ལྟ་སྐུལ་ཁྱབ་ཆེན་པོར་དང་ལེན་བྱས་ཚེ། འཐབ་ཇུས་དང་ལས་ཀའི་ཐད་ཀྱི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ཁྱབ་ཆེན་པོར་འབྱུང་ཐུབ་པ་དང་། ཏང་ཤོག་དང་ཁེ་ཕན་ཚོགས་པ་ཁག་གིས་རང་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཕན་ཚུན་འགྲན་རྩོད་དང་ཐ་ན་གཅིག་མགོ་གཅིག་གནོན་བྱེད་པའི་སྐྱོན་ཆ་ནུས་ལྡན་ངང་སེལ་ཐུབ་པ་དང་། ཁེ་ཕན་གྱི་རེ་བ་དང་དགོས་འདོད་སྣ་ཚོགས་ཇུས་ཐག་གཅོད་པའི་ལས་རིམ་དུ་འཇུག་པའི་ཐབས་ལམ་རྒྱ་ཁྱབ་ཏུ་ཤར་བགྲོད་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་སྟོབས་ཤུགས་མི་འདྲ་བ་ཁག་གིས་རང་སོ་སོའི་ཁེ་ཕན་སྲུང་སྐྱོབ་དང་བརྩོན་ལེན་བྱེད་ཆེད་རང་ཤེད་ཨུ་ཚུགས་བྱེད་པ་དང་མི་མཐུན་པའི་ཕྱོགས་ཟུར་འབུད་བྱེད་པའི་སྐྱོན་ཆ་ནུས་ལྡན་ངང་སེལ་ཐུབ་པ། ནོར་འཛོལ་དང་ལས་ཉེས་ཤེས་རྟོགས་དང་ཡོ་བསྲང་བྱེད་པའི་ལམ་སྲོལ་ཁྱབ་ཆེན་པོར་ཆགས་ནས་ཇུས་ཐག་གཅོད་སྐབས་གནས་ཚུལ་གསལ་པོ་མ་བྱུང་བ་དང་རང་རློམ་ཁེངས་དྲེགས་བྱེད་པའི་སྐྱོན་ཆ་ནུས་ལྡན་ངང་སེལ་ཐུབ་པ། མི་དམངས་མང་ཚོགས་རིམ་པ་ཁག་གི་དོ་དམ་དང་བཅོས་སྐྱོང་བྱེད་སྒོར་ཐེ་ཞུགས་བྱེད་པའི་ལམ་སྲོལ་ཁྱབ་ཆེན་པོར་ཆགས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་མི་དམངས་མང་ཚོགས་ཀྱིས་སྐད་ཆ་བཤད་ཐབས་མེད་པ་དང་ཐེ་ཞུགས་བྱེད་དཀའ་བའི་སྐྱོན་ཆ་ནུས་ལྡན་ངང་སེལ་ཐུབ་པ། སྤྱི་ཚོགས་ཡོངས་ནས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་ཁྱབ་ཆེན་པོར་གཅིག་སྒྲིལ་བྱས་ཏེ། སྲིད་ཇུས་ཁག་དང་ལས་དོན་ཁག་གི་ངོས་འཛིན་གཅིག་མཐུན་ཆེན་པོ་མེད་པ་དང་དོན་འཁྱོལ་བྱེད་དཀའ་བའི་སྐྱོན་ཆ་སེལ་ཐུབ་པ་བཅས་ཡིན། འདི་དག་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོར་ལྡན་པའི་དམིགས་བསལ་གྱི་དགེ་མཚན་ཡིན།
(2014ལོའི་ཟླ་9ཚེས་21ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅུ།
སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་རང་རྒྱལ་དུ་རྩ་བ་དང་། འབྱུང་ཁུངས། སྐྱེ་སྟོབས་བཅས་ལྡན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་ལ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་དམིགས་བསལ་གྱི་དགེ་མཚན་ཞིག་དང་། ཆབ་སྲིད་ཁྱབ་ཁོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན། གཞི་རྩའི་ངོ་བོ་གཏན་འཁེལ་དེར་ང་ཚོས་གོ་བ་གཏིང་ཟབ་བླངས་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ཏེ་ལམ་ལུགས་འཛུགས་སྐྲུན་འདི་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ང་ཚོས་དོན་དག་ཡོད་ཚེ་གྲོས་བསྡུར་མང་ཙམ་དང་། དོན་དག་དང་འཕྲད་ཚེ་གྲོས་བསྡུར་མང་ཙམ། དོན་དག་སྒྲུབ་སྐབས་གྲོས་བསྡུར་མང་ཙམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོས་བསྡུར་ཇི་ཙམ་མང་བ་དང་གཏིང་ཟབ་པ་བྱས་ཚེ་དེ་ཙམ་གྱིས་ཡག་པ་ཡོད་པ་དང་གྲོས་བསྡུར་བྱས་པ་བརྒྱུད་ཐབས་ཤེས་དང་། ངོས་འཛིན་གཅིག་མཐུན། བརྩེ་བ། མཐུན་སྒྲིལ་བཅས་འདོན་དགོས།
(2014ལོའི་ཟླ་10ཚེས་27ཉིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད།)
བཅུ་གཅིག།
ང་ཚོར་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་ལམ་ལུགས་ཆ་ཚང་ཞིག་ཡོད་པ་དང་། དུས་མཚུངས་སུ་ང་ཚོས་ཀྱང་སྒོ་འབྱེད་པའི་རྣམ་འགྱུར་བཅངས་ཡོད་དེ། སྲོལ་རྒྱུན་དང་ཕྱི་ནས་ཡོང་བ་གང་ཡིན་རུང་ཚང་མས་ཉིང་བཅུད་ཚུར་ལེན་པ་དང་སྙིགས་རོ་ཕར་བསྐྱུར་དགོས། འོན་ཀྱང་གཞི་རྩར་གྱུར་པ་ནི་ངེས་པར་དུ་ང་ཚོ་རང་ཉིད་ཀྱི་ཡིན་དགོས་ཤིང་། ང་ཚོ་རང་ཉིད་ཀྱི་ལམ་དུ་བསྐྱོད་རྒྱུ་ལས་ཐབས་གཞན་མེད། ང་ཚོ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་སྐྱོང་བ་དང་། དམངས་གཙོའི་ཏང་ཤོག་ཁག་སྲིད་ཞུགས་བྱེད་པ། ངོ་རྒོལ་ཏང་མེད་པ་དང་། དབང་གསུམ་ཁ་གཏད་དུ་ལངས་པ་དང་ཏང་མང་རེས་མོས་བྱས་ནས་སྡོད་ཀྱི་མེད་པས། རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་དེ་ལམ་ལུགས་འདི་དང་ཕན་ཚུན་ཆ་འགྲིག་བྱེད་དགོས།
(2015ལོའི་ཟླ་2ཚེས་2ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད།)
བཅུ་གཉིས།
སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། བྱ་བ་ཐམས་ཅད་གྲོས་མོལ་བྱས་ནས་བསྒྲུབ་དགོས་པ་དང་། མི་མང་གི་བྱ་བ་མི་མང་གིས་གྲོས་མོལ་བྱས་ནས་བསྒྲུབ་དགོས་པ་འདི་ནི་མི་དམངས་དམངས་གཙོའི་བདེན་ལུགས་མཐར་ཐུག་དེ་རེད། གྲོས་མོལ་དམངས་གཙོ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་རྣམ་པ་ཁྱད་པར་ཅན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པས། གྲོས་མོལ་དམངས་གཙོ་ཁྱབ་ཆེ་བ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་སུ་གཏོང་བ་དང་། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལམ་ལུགས་ཀྱི་གོ་རིམ་དང་ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་ཆགས་པར་བྱས་ཏེ་མི་དམངས་དུས་རྒྱུན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཐེ་ཞུགས་བྱེད་པའི་ཁེ་དབང་ཡོངས་ཁྱབ་དང་། རྒྱུན་མཐུད། གཏིང་ཟབ་བཅས་ཡོང་བ་འགན་ལེན་བྱེད་དགོས།
(2017ལོའི་ཟླ་10ཚེས་18ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་བའི་སྙན་ཞུ།)
བཅུ་གསུམ།
ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་གོའི་མི་དམངས་དང་དམངས་གཙོའི་ཏང་ཤོག་ཁག། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཆབ་སྲིད་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་པ་དང་། ཀྲུང་གོའི་ས་གཞིའི་ཐོག་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཀྱང་ཡིན། དེ་ནི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཡིན་ཞེས་པའི་གསར་པ་དེ་གང་ལ་ཟེར་ཞེ་ན། གཅིག་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། དེ་བདེན་པ་དང་། ཁྱབ་རྒྱ་ཆེ་བ། རྒྱུན་རིང་པོ་བཅས་ཀྱི་སྒོ་ནས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་རྩ་བའི་ཁེ་ཕན་མཚོན་པ་དང་མངོན་འགྱུར་བྱེད་ཐུབ་པ་དང་། སྲིད་ཏང་ལམ་ལུགས་རྙིང་པའི་འཐུས་ཚབ་མི་ཉུང་ཤས་དང་ཁེ་ཕན་ཚོགས་པ་ཉུང་ཤས་ཀྱི་སྐྱོན་ཆ་ནུས་ལྡན་གྱིས་གཡོལ་ཡོད། གཉིས་ནི་དེས་སྲིད་ཏང་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་རྣམས་མཐུན་སྒྲིལ་དམ་ཟབ་དང་ཐུན་མོང་གི་དམིགས་ཡུལ་གྱི་ཆེད་དུ་འབད་འཐབ་བྱས་ནས། ཏང་གཅིག་ཅན་ལ་ལྟ་སྐུལ་མེད་པའམ་ཡང་ན་ཏང་མང་པོས་རེས་མོས་ཀྱིས་སྲིད་སྐྱོང་བ་དང་འགྲན་རྩོད་ངན་པ་བྱེད་པའི་སྐྱོན་ཆ་ནུས་ལྡན་གྱིས་གཡོལ་ཡོད། གསུམ་ནི་དེ་ལམ་ལུགས་ཅན་དང་། གོ་རིམ་ཅན། ཚད་ལྡན་ཅན་བཅས་ཀྱི་བཀོད་སྒྲིག་བྱས་པ་བརྒྱུད། བསམ་འཆར་དང་གྲོས་འགོ་སྣ་ཚོགས་གཅིག་སྡུད་བྱེད་པ་དང་། ཐབས་ཇུས་ཚན་རིག་དང་མཐུན་པ་ཅན་དང་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྲིད་ཏང་ལམ་ལུགས་རྙིང་པའི་ནང་ཏང་ཤོག་གི་ཁེ་ཕན་དང་། གྲལ་རིམ་གྱི་ཁེ་ཕན། ས་ཁོངས་དང་ཚོགས་ཁག་གི་ཁེ་ཕན་བཅས་ཀྱི་ཐབས་ཇུས་ལག་ལེན་བསྟར་བར་བརྟེན་ནས་སྤྱི་ཚོགས་ཐོར་བཤིག་ཏུ་འགྲོ་བའི་སྐྱོན་ཆ་ལས་ནུས་ལྡན་གྱིས་གཡོལ་ཡོད། དེ་ནི་དེང་རབས་ཀྲུང་གོའི་དོན་དངོས་དང་མཐུན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱིས་སྔ་ཕྱི་བར་གསུམ་དུ་དར་སྤེལ་གཏོང་བའི་གནམ་འོག་སྤྱི་ལ་དབང་བ་དང་། མཉམ་སྡུད་མཉམ་གནས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་སོགས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཐུན་ཡོད་པས། དེ་ནི་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད།
(2018ལོའི་ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་དམངས་གཙོ་མནའ་མཐུན་དང་། ཀྲི་ཀུང་ཏང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཨུ་ཡོན་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་ཀྱི་གསུང་བཤད།)
བཅུ་བཞི།
མི་དམངས་སྲིད་གྲོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་འགོ་ཁྲིད་བྱས་ཏེ་ཆབ་སྲིད་ཀྱི་ལམ་ལུགས་སྟེང་གི་གསར་གཏོད་རླབས་པོ་ཆེ་ཞིག་རེད། ལོ་ངོ་70ཡི་རིང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུས་ཤིང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད།
(2019ལོའི་ཟླ་9ཚེས་20ཉིན་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅོ་ལྔ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་གཙོ་བོ་གཤམ་གསལ།
གཅིག་ནི་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་རྒྱག་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་དམངས་གཙོའི་ཏང་ཤོག་ཁག་དང་། ཚོགས་པ་ཁག། མི་རིགས་ཁག། རིམ་གྲས་ཁག། ལས་རིགས་ཁག་གི་མི་སྣ་བཅས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་གདམ་ག་དང་། སྲིད་གྲོས་དབུ་བརྙེས་སྐབས་ཀྱི་ཐོག་མའི་བསམ་འདུན་གཏད་ས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་བཅས་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཧྲིལ་པོའི་ནང་དཀྱུས་གཅིག་ཏུ་བསྟར་ཏེ་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས།
གཉིས་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ངེས་ཤེས་རྟོགས་འཁྲུལ་མེད་བྱེད་དགོས། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི། མི་དམངས་དམངས་གཙོ་མངོན་འགྱུར་བྱེད་སྟངས་གལ་ཆེན་བཅས་ཡིན་པའི་ཆ་ནས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དམིགས་གྲོས་མོལ་སྒྲིག་གཞི་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་བཅས་ཡིན། མི་དམངས་སྲིད་གྲོས་ཀྱིས་ངོ་བོ་དང་གནས་ངེས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་སྤེལ་གྱི་འགྲོ་ལམ་ཐོག་སྐྱོད་དགོས།
གསུམ་ནི་མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། གྲོས་མོལ་དམངས་གཙོ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། གྲོས་མོལ་དམངས་གཙོ་དེ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་བ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་སྤེལ་བྱ་རྒྱུ་ཕན་ཚུན་སྣ་སྦྲེལ་དང་། བློ་འདོན་སྲིད་འདྲི་དང་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས་ཕྱོགས་གཉིས་ཐད་ནས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ཧུར་བརྩོན་སྒོས་དམངས་གཙོའི་ལྟ་སྐུལ་བྱེད་དགོས།
བཞི་ནི་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་དཔེ་གསར་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་དང་། ཀྲུང་གོའི་ས་གཞིའི་སྟེང་དུ་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་དཔེ་གསར་ཅན་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་སྲིད་གྲོས་ནང་དུ་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ལ་ནུས་པ་འདོན་སྤེལ་སྔར་ལས་ཡག་པོ་བྱེད་པར་ཆ་རྐྱེན་སྐྲུན་དགོས།
ལྔ་ནི་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་རྒྱུན་འཁྱོངས་བཅས་བྱས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། བསམ་བློ་དང་ཆབ་སྲིད་ཐོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ངོས་འཛིན་གཅིག་མཐུན་ཁྱབ་ཆེན་པོའི་ངང་ཕྱོགས་བསྡུས་བྱེད་པ། མཐུན་ཆ་ཆེ་ཤོས་རྙེད་པ་དང་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་བྲིས་ཏེ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
དྲུག་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དེ་རང་འགན་སྒྲུབ་པའི་ཁ་ཕྱོགས་བྱེད་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དེ་གཙོ་གནད་ལས་དོན་བྱེད་པ། ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་པ་དང་། གཙོ་གནད་དམ་འཛིན་དང་། ཆད་སྐྱོན་ཁ་གསབ། ཞན་ཆ་ཁ་སྐོང་བཅས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས། གྲོས་མོལ་ཟབ་སྤེལ་དང་གཅིག་སྡུད་སྲིད་མོལ་བྱེད་པའི་ཐོག་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།
བདུན་ནི་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་དོན་དུ་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་རྒྱུ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱིས་ཤུགས་རྒྱག་ས་གལ་ཆེན་དུ་བརྩིས་ནས་མང་ཚོགས་ཀྱི་སྐད་སྒྲར་ཉན་པ་དང་། མང་ཚོགས་ཀྱི་བསམ་འདུན་མཚོན་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་དངོས་བཟུང་ནས་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།
བརྒྱད་ནི་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་ནས་འགན་འཁྲི་སྒྲུབ་ནུས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་བསྒྱུར་བཅོས་དང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་སྟངས་འཛིན་བྱེད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཤུགས་བརྒྱབ་ནས་ཆེ་རུ་གཏོང་དགོས། ཨུ་ཡོན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཨུ་ཡོན་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་སྲིད་གྲོས་རྟོགས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་མོལ་བྱེད་མཁས་པ། སྒྲིག་ཁྲིམས་བརྩི་བ། སྒྲིག་ལམ་སྲུང་བ། སྤྱོད་ལམ་ལ་དང་དོད་ཆེ་བ་བཅས་བྱེད་དགོས།
(2019ལོའི་ཟླ་9ཚེས་20ཉིན་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅུ་དྲུག།
ལོ་ངོ་70ཡི་ལག་ལེན་དངོས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོའི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཡོད་པ་ར་སྤྲོད་བྱུང་ཡོད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་“དམངས་གཙོ་ནི་ཅི་ཞིག་ཡིན་ནམ་ཞེ་ན། དེར་ངེས་པར་དུ་དོན་སྙིང་ངེས་ཅན་ཞིག་ལྡན་དགོས། དེ་འདྲ་མ་བྱས་ན་དེ་ཉིད་གནས་མི་ཐུབ། དེར་བརྟེན་གནད་དོན་ཚང་མ་ནི་དམངས་གཙོ་ཞེས་པའི་དོན་སྙིང་ངོ་མ་དེ་གཏན་འཁེལ་བྱ་རྒྱུར་ཐུག་ཡོད་”ཅེས་གསུངས་ཡོད། དམངས་གཙོའི་ཆབ་སྲིད་མངོན་འགྱུར་བྱེད་པའི་རྣམ་པ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་འགྱུར་མེད་ཀྱི་དཔེ་སྲོལ་མཁྲེགས་འཛིན་བྱེད་མི་རུང་། ཀྲུང་གོའི་ལུགས་ཀྱི་དམངས་གཙོ་ནི་ཀྲུང་གོར་སྤྱད་འཐུས་པ་དང་སྤྱོད་གོ་ཆོད་པོ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། གནས་བབ་གསར་པའི་འོག་ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་བའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་སྔར་བས་མང་པོ་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱེད་དགོས།
(2019ལོའི་ཟླ་9ཚེས་20ཉིན་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅུ་བདུན།
དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སྒྱུར་བྱེད་པའི་སྤྱིའི་བླང་བྱ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་གཞི་རྐང་བྱེད་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་ཐིག་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་རྒྱག་པ་དང་ངོས་འཛིན་གཅིག་མཐུན་ཁྱབ་ཆེན་པོའི་ངང་ཕྱོགས་བསྡུས་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་བྱེད་པ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ངོས་འཛིན་གཅིག་མཐུན་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་མངའ་ཁོངས་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དེ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
(2019ལོའི་ཟླ་9ཚེས་20ཉིན་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅོ་བརྒྱད།
ངས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུག་འོག་ཏུ་བྱ་བ་ཐམས་ཅད་གྲོས་མོལ་བྱས་ནས་བསྒྲུབ་དགོས་པ་དང་། མི་མང་གི་བྱ་བ་མི་མང་གིས་གྲོས་མོལ་བྱས་ནས་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་ཀྱི་བསམ་འདུན་དང་བླང་བྱའི་མཐུན་ཆ་ཆེ་ཤོས་འཚོལ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་དོན་མཐར་ཐུག་དེ་རེད་ཅེས་བཤད་མྱོང་ཡོད། གྲོས་མོལ་དམངས་གཙོ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་དོན་ལྡན་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན་ཞིང་། འདེམས་བསྐོའི་དམངས་གཙོ་དང་ཕན་ཚུན་ཁ་གསབ་དང་ཆར་པ་ཆུ་གྲོགས་ཡིན། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་བྱེད་རིང་མཐུན་སྒྲིལ་རྒྱ་ཆེར་བྱེད་པར་སྐུལ་སྤེལ་དང་ཏང་མང་མཉམ་ལས་ལ་སྐུལ་འདེད། མི་དམངས་དམངས་གཙོ་ལག་ལེན་བཅས་བྱེད་པ་དང་། ལོ་རྒྱུས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱང་མཚོན་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོར་ཡོད་པའི་དོན་དག་གང་ཡོད་གྲོས་བསྡུར་མང་ཙམ་བྱེད་པ་དང་། དོན་དག་གང་འཕྲད་གྲོས་བསྡུར་མང་ཙམ་བྱེད་པ། བྱ་བ་གང་སྒྲུབ་གྲོས་བསྡུར་མང་ཙམ་བྱེད་པ་བཅས་ཀྱི་ཁྱད་ཆོས་དང་དགེ་མཚན་སྒོ་ཀུན་ནས་མཚོན་ཡོད།
(2019ལོའི་ཟླ་9ཚེས་20ཉིན་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།)
བཅུ་དགུ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དམངས་གཙོའི་ཆབ་སྲིད་ཀྱི་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གནད་ཆེའི་འདུ་ཤེས་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལ་ལམ་ལུགས་ཀྱི་ལས་རིམ་ཆ་ཚང་ཞིག་ལྡན་ཡོད་པར་མ་ཟད། ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་ཞིག་ཀྱང་ལྡན་ཡོད་པ་ཡིན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་གཞི་རྩའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་བའི་ཐོག་ནས་ཕྱོགས་ཡོངས་དང་རྒྱ་ཆེ་ལ་འབྲེལ་མཐུད་དམ་ཚགས་ཡོང་བའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་ཆགས་ཡོད་པ་དང་། སྣ་མང་ཤར་བགྲོད་རིམ་ཡོད་བཅས་ཀྱི་དམངས་གཙོའི་ཐབས་ལམ་བསྐྲུན་ཡོད། མི་དམངས་ཡོངས་རྫོགས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་ལྟར་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་ཀྱི་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལས་གོ་རིམ་དམངས་གཙོ་དང་འབྲས་བུ་དམངས་གཙོ་དང་། ལས་རིམ་དམངས་གཙོ་དང་དོན་དངོས་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་ཕན་ཚུན་གཅིག་གྱུར་བྱུང་ཡོད་པ་དང་། དེ་ནི་འབྲེལ་ཐག་ཡོངས་དང་། ཕྱོགས་མཐའ་ཡོངས། ཀུན་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཡིན་པ་དང་། ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། གོ་ཆོད་ཤོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་ཐབས་བཀོད་ཀྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ལས་དོན་གྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས་ཤིང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་པའི་ལས་དོན་གྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས།
(2021ལོའི་ཟླ་10ཚེས་13ཉིན་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
ཉི་ཤུ།
ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་དགོས། གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན། གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་བཏང་ནས་སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཅན་གྱི་གྲོས་མོལ་ལས་སྟེགས་སྣ་ཚོགས་ཆ་ཚང་དུ་བཏང་སྟེ། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་སྤེལ་བྱ་རྒྱུ་ཕན་ཚུན་སྣ་སྦྲེལ་དང་། བློ་འདོན་སྲིད་འདྲི་དང་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས་ལ་ཕྱོགས་གཉིས་ཐད་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་སོགས་ཀྱི་བྱེད་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྐུལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཕྱོགས་བསྡུས་བྱེད་པ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་གཏུག་ཞུ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
(2022ལོའི་ཟླ་10ཚེས་16ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་ཞུ།)
ཉེར་གཅིག།
“ཟུང་འབྲེལ་གཉིས་པ་”ཡིས་ང་ཚོར་བསམ་བློ་དང་རིག་གནས་ཀྱི་རང་འགུལ་ཁོང་དུ་ཆུད་དུ་བཅུག་པར་མ་ཟད། འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ནུས་ལྡན་ངང་བྱེད་ནུས་ཀྱང་ཐོན་ཡོད། ཕྱོགས་འདི་ནས་བལྟས་ན། ང་ཚོའི་ཏང་གིས་གསར་དུ་བཏོད་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་དམངས་རྩ་བར་འཛིན་པའི་བསམ་བློ་དང་། གནམ་འོག་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་བསམ་བློ། “སྤྱི་མཐུན་”དང་“གྲོས་མོལ”གྱི་སྲིད་ཇུས་ལག་བསྟར་སྲོལ་རྒྱུན། “མཉམ་སྡུད་མཉམ་གནས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་”གི་ཆབ་སྲིད་བློ་གྲོས་བཅས་ཚང་མར་འབྲེལ་བ་ཟབ་མོ་ཡོད། ང་ཚོས་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས། རྒྱལ་ཁབ་མཉམ་འབྲེལ་ལམ་ལུགས་སྤྱོད་ཀྱི་མེད་པར། ལམ་ལུགས་སྣ་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་རྣམ་པ་གཏན་འཁེལ་བྱས་ཤིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེ་ནང་དུ་གོང་བུར་འགྲིལ་བ་དང་ཕྱོགས་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཀུན་ནས་མཐུན་པར་མ་ཟད། ཀྲུང་གོ་ཡོངས་སུ་མཉམ་གྲགས། ཡུལ་ཀུན་སྲོལ་ལུགས་གཅིག་མཐུན། ཕྱོགས་བཞི་མཚམས་བརྒྱད་ཁྱིམ་གཅིག་བཅས་ཀྱི་ཀྲུང་གོའི་རིག་གནས་གཅིག་གྱུར་ཆེན་པོའི་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་ཡིན། དེ་བས་གལ་འགངས་ཆེ་བ་ཞིག་ནི་“ཟུང་འབྲེལ་གཉིས་པ་”ནི་ཡང་བསྐྱར་བསམ་བློ་བཅིངས་འགྲོལ་བྱས་པ་ཞིག་ཡིན་ཞིང་། ང་ཚོས་སྔར་ལས་རྒྱ་ཆེ་བའི་རིག་གནས་ཀྱི་བར་སྟོང་ནང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་ཆེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པའི་རིགས་པའི་གཞུང་ལུགས་དང་ལམ་ལུགས་ཐད་ཀྱི་གསར་གཏོད་འཚོལ་ཞིབ་བྱེད་དགོས།
(2023ལོའི་ཟླ་6ཚེས་2ཉིན་རིག་གནས་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར།