རྒྱལ་ཁབ་བཅོས་སྐྱོང་བྱེད་ན་སྔོན་ལ་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། ཏང་དར་རྒྱས་བྱུང་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་ཡོང་ཐུབ། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་རླབས་པོ་ཆེ་བཏང་ཞིང་། ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་ཀྱི་གསར་བརྗེ་དེ་འཐབ་ལམ་གསར་པར་བསྐྱོད་པས། ཏང་གི་རང་ངོས་གསར་བརྗེར་ངེས་པར་དུ་རྣམ་པ་གསར་པ་མངོན་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་དེ་བས་ངོས་འཛིན་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས།
འདས་ཟིན་པའི་ལོ་ངོ་10ཡི་ནང་། ཏང་ནང་གི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་རབ་དང་རིམ་པའི་མདུན་དུ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ནང་བཅུག་སྟེ། གྲི་ཁ་ནང་ལ་གཏད་པ་དང་རུས་འབྲད་དུག་སེལ་བྱས་ཤིང་། སྨན་གཉན་པོས་གཅོང་ནད་འཇོམས་པ་དང་ཁྲིམས་བཙན་པོས་དུས་ཟིང་བཅོས་པ་བརྒྱུད། ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་སྔར་བས་འགྱུར་མེད་སྟོབས་ལྡན་དུ་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་ལོ་ངོ་བཅུའི་རིང་ལ་རལ་གྲི་གཅིག་བརྡར་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འདི་ནི་ང་ཚོའི་ཏང་གིས་རང་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན། མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་བའི་ཁོར་ཡུག་བཅས་ལ་གཞིགས་ཏེ། ཏང་གི་རྩ་བའི་ངོ་བོ་དང་ཏང་གི་གནས་ཚུལ་འཕེལ་རྒྱས་དང་འགྱུར་ལྡོག་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུའི་ཐད་བཏོན་པའི་གལ་ཆེ་བའི་བརྗོད་གཞི་གསར་པ་ཞིག་རེད།
ང་ཚོའི་ཏང་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཀྱི་མཛུབ་སྟོན་འོག་ཏུ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་བཙུགས་པའི་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་ཤིག་ཡིན་ལ། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ཡུན་རིང་སྲིད་བསྐྱངས་ཤིང་། ལོ་རྒྱུས་རིང་བ་དང་། མི་གྲངས་མང་བ། གཞི་ཁྱོན་ཆེ་བ་བཅས་ཡིན་པས། དོན་ཆེན་སྒྲུབ་པ་དང་བྱ་གཞག་རླབས་པོ་ཆེ་སྐྲུན་པའི་དགེ་མཚན་ཆེན་པོ་ལྡན་ལ། ཏང་དང་རྒྱལ་ཁབ་སྐྱོང་བའི་དམིགས་བསལ་གྱི་དཀའ་གནད་ཀྱང་མདུན་དུ་ལྷགས་ཡོད། ངས་བལྟས་ན་མ་མཐའ་ཡང་གཤམ་གསལ་གྱི་དཀའ་གནད་ཆེན་པོ་འགའ་མུ་མཐུད་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བར་བྱེད་པ། ཏང་གི་བྱ་གཞག་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། མི་ལ་ལས་འགྲོ་གིན་འགྲོ་གིན་འགྲོ་དོན་བརྗེད་སོང་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྗེད་པ། རང་ཉིད་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ་བཅས་བརྗེད་པས། གུང་ཁྲན་ཏང་མིའི་རང་བཞིན་ཤོར་བ་རེད། ང་ཚོས་ངེས་པར་དུ་རྨང་འདིང་ལས་གཏོད་སྐབས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས་ལ། ཏང་གི་ཕུགས་བསམ་དད་སེམས་དམིགས་འབེན་གསུམ་བརྟན་སྲུང་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་པ། ཏང་གི་གཞི་ཁྱོན་ཆེ་རུ་ཕྱིན་ཚེ། མི་ཁ་ཤས་ཀྱིས་རི་མགོ་ཆུང་བ་དང་། ཤོག་ཁག་ཆུང་བ། ཚོགས་ཁག་ཆུང་བ་བཅས་འཛུགས་པའི་སྣང་ཚུལ་འབྱུང་སླ་བ་དང་། མགོ་བོ་ཞྭ་ནང་དུ་མི་ཚུད་པ་དང་རང་སྣང་གང་དྲན་གྱི་གནད་དོན་འབྱུང་སླ་བས། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་དང་། ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བསྒྱུར་བཅོས་སྒོ་འབྱེད་རིམ་བཞིན་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཁེ་ཕན་སྣ་མང་ཅན་དང་བསམ་བློ་སྣ་མང་ཅན་དུ་འགྱུར་བ་དེས་ཀྱང་ཏང་ཡོན་དང་ལས་བྱེད་པའི་འདུ་ཤེས་དང་བྱ་སྤྱོད་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། ང་ཚོས་ངེས་པར་དུ་གནད་དོན་གལ་ཆེན་དང་གནས་བབ་དྲག་པོའི་མདུན་དུ་ཐོག་མཐའ་བར་གསུམ་དུ་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ངར་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་ནས། སེམས་ཤུགས་གཅིག་བསྡུས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་བྱ་རྒྱུའི་འགན་ལེན་བྱེད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་སྲིད་སྐྱོང་གི་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་ལྡན་པར་བྱེད་པ། ལོ་བརྒྱའི་ཏང་ཆེན་པོས་ཡུན་རིང་སྲིད་བསྐྱངས་པས་བསམ་གཞིགས་ཀྱི་གོམས་གཤིས་དང་བྱ་སྤྱོད་ཀྱི་ཉོབ་གཤིས་དངོས་སུ་ཡོད་པ་དང་། འདུ་ཤེས་རྙིང་པ་དང་། སྲོལ་ལུགས་རྙིང་པ། ཐབས་ཤེས་རྙིང་པ་བཅས་ཕན་ཚུན་རྒྱུན་འབྱམས་སུ་འགྱུར་སླ། དཔུང་སྡེ་ཟམ་མི་འཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་པ་འདིས་ཀྱང་ལས་བྱེད་པ་བཟང་ངན་མཉམ་གནས་དང་མཐོ་དམན་མི་སྙོམས་པ་བྱུང་ཡོད། ང་ཚོས་ངེས་པར་དུ་དུས་བསྟུན་མདུན་སྐྱོད་ཀྱིས་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། ལས་བྱེད་པའི་དཔུང་སྡེ་ཁྲོད་གནས་པའི་ནུས་པ་མི་འདང་བ་དང་འཇོན་ཐང་གི་འཇིགས་སྣང་ཁྱད་གསོད་བྱས་ཏེ་དུས་རབས་གསར་པའི་བླང་བྱ་དང་འཚམ་པོ་ཡོང་བར་འགན་ལེན་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་པའི་ནུས་པ་ལྡན་དགོས་ལ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེན་པོ་ལྡན་པར་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པ་བྱེད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། སྲིད་དབང་ལོ་བཅུ་ཕྲག་ཁ་ཤས་ནང་བསྐྱངས་ཏེ་བདེ་བར་སྡོད་རྒྱུ་ཡུན་རིང་པས། ཏང་ཡོན་དང་ལས་བྱེད་པ་མང་པོས་ཤི་གསོན་གྱི་ཉམས་སད་ཐེག་མྱོང་མེད་པ་དང་། འཐབ་རྩོད་དྲག་པོ་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་ཞུན་བརྡར་འདང་ངེས་བྱུང་མེད་པས། སྐྱིད་པོ་གཏོང་རྒྱུ་དོན་དུ་གཉེར་ནས་བློ་སྟོབས་ཉམས་པ་དང་ཡར་རྒྱས་བརྩོན་ལེན་བྱེད་འདོད་མེད་པར་འགྱུར་སླ་བ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེའི་མདུན་དུ་བློ་སེམས་མི་བདེ་བ་དང་དཔུང་གདང་འཆོལ་དུ་འཇུག་སླ་བས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་རང་ངོས་ལ་ཡོད་པའི་གནད་དོན་དུས་ཐོག་ཏུ་མཐོང་ཐུབ་པ་དང་ཐག་གཅོད་བྱེད་པ། བཙན་རྫོང་ནི་ནང་ཁུལ་ནས་གཏོར་སླ་ཤོས་ཡིན་པས་རང་ཉིད་ཕམ་ཏུ་འཇུག་མཁན་ནི་རང་ཉིད་ཁོ་ན་མ་གཏོགས་མེད། ང་ཚོའི་ཏང་འདི་འདྲ་ཆེན་པོ་ཞིག་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཡོད་པ་དང་། གྲུབ་འབྲས་རླབས་པོ་ཆེ་ཡོད་པས། མི་ཁ་ཤས་ཤིག་སྲིད་སྐྱོང་བྱས་འབྲས་ཀྱི་འོད་ཟེར་འོག་རང་ངོས་ཀྱི་མི་འདང་ས་དང་རང་ངོས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་ཐོན་སླ་ཞིང་། “གཞན་ལ་གསར་བརྗེ་བྱེད་སླ་རུང་། རང་ངོས་གསར་བརྗེ་བྱེད་དཀའ་བའི་”གནས་སུ་ལྷུང་ཉེན་ཡོད་པས། ང་ཚོས་ངེས་པར་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཕེལ་ཕྱོགས་དང་མཐུན་པ་དང་། དམངས་སེམས་དང་མཐུན་པ། ཉམས་མྱོང་དར་སྤེལ། བསླབ་བྱ་བསྡུ་ལེན་བཅས་བྱས་ཏེ། འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
——ཇི་ལྟར་ཐོག་མཐའ་བར་གསུམ་དུ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་མཐའ་འཁྱོངས་བྱེད་པ། དུས་ཡུན་རིང་པོའི་ནང་། ཏང་གི་སྔོན་ཐོན་རང་བཞིན་ཉམས་དམས་སུ་གཏོང་བ་དང་། ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་དང་རྐྱེན་དེ་དུས་དང་རྣམ་པ་ཀུན་ཏུ་གནས་པ་དང་། ཏང་གི་གཟུགས་གཞི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་སྣ་ཚོགས་གང་སར་གནས་ཡོད། གལ་ཏེ་དོགས་ཟོན་ནན་པོ་དང་དུས་ཐོག་ཏུ་དག་ཐེར་མ་བྱས་པར་དུས་ཡུན་རིང་པོ་འདས་ཚེ་སྤྱོད་ངན་ལང་ཤོར་སྒྱུར་དཀའ་བ་ཆགས་ངེས་ཡིན་པས། ང་ཚོས་ངེས་པར་དུ་རྒྱུན་པར་སེམས་ཁྲལ་གྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིགས་བཅངས་ནས། ཐོག་མཐའ་བར་གསུམ་དུ་གྲི་ཁ་ནང་ལ་གཏོད་པའི་བློ་བརྟན་འགྱུར་མེད་ཀྱི་རང་རྟོགས་མཐའ་འཁྱོངས་བྱེད་དགོས་ལ། ཀལ་གསབ་པ་དང་རུས་པ་སྲ་བར་བྱེད་པ་དང་། དུག་འདོན་དུག་སེལ་བྱེད་པ། ནད་གསོ་སྨན་བཅོས་བྱེད་པ། རྨ་རུལ་བཅད་དེ་ཤ་གསར་རྒྱས་པར་བྱས་ནས། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གསོ་སྐྱོང་བྱེད་དགོས་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་དྭངས་གཙང་བཟོ་བ་དང་། ངན་འགོག་བཟང་སྤེལ་གྱི་དྲང་ནུས་ཆེན་པོ་གཅིག་བསྡུས་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་བྱེད་དགོས།
གོང་གསལ་གྱི་དཀའ་གནད་ཐག་གཅོད་ཡག་པོ་བྱ་རྒྱུ་ནི། དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་དུ་འགྱུར་བར་ངེས་པར་དུ་སྒྲོལ་དགོས་པའི་འགག་སྒོ་ཞིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་དེ་གནས་བབ་གསར་པ་དང་བླང་བྱ་གསར་པ་ལ་འཚམ་པ་བྱེད་དགོས་ན་ངེས་པར་དུ་འབད་འཐབ་བྱེད་དགོས་པའི་དཀའ་གནད་ཅིག་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་ལས་འགན་གྱི་མདུན་དང་། མདུན་སྐྱོད་འགྲོ་ལམ་ཐོག་གི་རླུང་རླབས་དྲག་པོ་ལྡང་ཞིང་རྦ་རླབས་འཇིགས་སུ་རུང་བ་འཕྱུར་བའི་འགྲན་སློང་གལ་ཆེན་གྱི་མདུན། དུས་ཡུན་རིང་པོར་གནས་པའི་“ཉམས་སད་ཆེན་པོ་བཞི་”དང་“ཉེན་ཁ་རིགས་བཞི་”བཅས་ཀྱི་མདུན་དུ། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པ་ལྡོག་མེད་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་སྒྲུབ་བཞིན་པའི་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་ཐག་བཅད་ཡོད། ང་ཚོ་ངེས་པར་དུ་ཏང་གིས་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཇགས། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་དུ་ལངས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཏང་གི་ཡུན་རིང་གི་འཐབ་ཇུས་དང་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ། སྐབས་བསྟུན་གྱི་བྱེད་ཐབས་དང་སྐབས་འཕྲལ་གྱི་བྱེད་ཐབས་སྤྱོད་པའི་བསམ་བློ་མཐའ་གཅིག་ཏུ་དོར་ཞིང་། ལྷོད་གཡེང་ངལ་གསོ་དང་ངལ་དུབ་འཐབ་སུན་གྱི་བསམ་ཚུལ་མཐའ་གཅིག་ཏུ་ཁྱད་གསོད་བྱེད་དགོས་ལ། རླུང་ཕྱོགས་འགྱུར་བ་དང་གདངས་ཉམས་པ་གདངས་འགྱུར་བའི་རེ་སྒུག་ནོར་འཁྲུལ་ཅན་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱེད་དགོས། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་དར་སྤེལ་དང་། ནམ་ཡང་གདོང་མཆོང་དམག་དུང་བུས་ནས། རྩ་བའི་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་རྒྱུན་འཁྱོངས་དང་། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པར་བྱེད་དགོས།
འཐབ་ལམ་གསར་པའི་སྟེང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས་ན། ཏང་ཡོངས་ཀྱིས་“ངེས་པར་དུ་བྱེད་དགོས་པ་གསུམ་”ཡིད་ལ་བརྟན་པོར་བཟུང་རྒྱུ་དང་། ཏང་གི་དམིགས་ཡུལ་ལག་ལེན་བྱ་རྒྱུ་དེ་རྩ་བའི་ཕྱོགས་སྟོན་དུ་འཛིན་པ། དོ་དམ་དང་ལྟ་སྐུལ་ནན་པོ་དང་འགན་འཁྲི་འཁུར་བར་བསྔགས་སྐུལ་བྱ་རྒྱུ་དེ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། དེ་བས་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྟོབས་ཤུགས་དང་དེ་བས་རྒྱ་ཆེ་བའི་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་དམིགས་ཡུལ་ནི་དོ་དམ་ཐལ་དྲགས་པ་བྱས་ནས། མི་རྣམས་ཀྱིས་སྔ་བལྟས་ཕྱི་བསམ་དང་སྔ་སྐྲག་ཕྱི་སྐྲག་བྱས་ཏེ་ཉབ་བེ་ཉོབ་བེ་དང་རེ་མེད་སྤོབས་མེད་ཀྱི་འཁྱིལ་ཆུ་རྫིང་བུ་ལྟ་བུར་འགྱུར་རྒྱུ་མ་ཡིན་པར། ཁ་ཕྱོགས་གསལ་སྟོན་དང་སྒྲིག་སྲོལ་འཛུགས་པ། དར་སྲོལ་ལེགས་སྒྱུར། རིམས་འགོག་སྟོབས་ཆེར་གཏོང་བ་བཅས་ལ་བརྟེན་ནས། ཧུར་བརྩོན་སྐྱོན་བྲལ་དང་ལས་སྒྲུབ་ལས་སྐྲུན་གྱི་ཆབ་སྲིད་སྐྱེ་ཁམས་དང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དེ་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས་ལ། “དབྱེ་བ་འབྱེད་དགོས་པ་གསུམ་”རྒྱུན་འཁྱོངས་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། བསྔགས་སྐུལ་དང་གཅུན་སྡོམ་གཉིས་གལ་ཆེན་མཉམ་བརྩི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་དེ་བས་ལེགས་པའི་སྒོ་ནས་སྐུལ་སློང་བྱས་ཏེ། འཐབ་ལམ་གསར་པའི་སྟེང་། འབད་འབུངས་ཡར་བརྩོན་གྱིས་མདུན་དུ་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཁོར་ཡུག་བཟང་པོ་དང་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱེད་དགོས།
སྒྲོལ་མ་སྐྱབས་ཀྱིས་བསྒྱུར།