1959ལོར། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག། བོད་ལྗོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་དམངས་གཙོའི་བཅོས་བསྒྱུར་སྤེལ་བ་དང་། གངས་ལྗོངས་ས་མཐོར་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་ལོ་རྒྱུས་ཀྱི་དུས་རབས་གསར་པར་སླེབས། ལོ་ངོ་65རིང་ལ། བོད་ལྗོངས་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་བཅས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་དེ། བོད་ལྗོངས་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་སུ་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་མངོན་འགྱུར་བྱུང་བ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་དེ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་དུ་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བས། རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོ་དང་བོད་ལྗོངས་མི་དམངས་ལ་བརྩེ་སེམས་བཅངས་ནས་བོད་ལྗོངས་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་བ་བྱེད་དགོས་”ཞེས་པའི་འཐབ་ཇུས་ཀྱི་དགོངས་པ་བཏོན་ཏེ་“བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་”ཞེས་པའི་དོན་ཆེན་བཞི་ཁ་གསལ་བཏོན་གནང་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་གཏན་འཁེལ་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་སྲུང་བྱ་མཁོ་འདོན་བྱས་ཤིང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་ཁྲིད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ལག་བསྟར་གཏིང་ཟབ་བྱས་ཏེ། དོན་དངོས་ལ་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་ཁ་གསལ་གནང་བའི་“དོན་ཆེན་བཞི་”དེ། བྱེ་བྲག་ཏུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས། རྒྱལ་ཁབ་ཀྱི་མཐའ་སྲུང་དང་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་གཏོད་པའི་“གསར་གཏོད་བཞིའི་”འབད་འཐབ་དམིགས་འབེན་དུ་བཀོད་ནས་བཀོད་སྒྲིག་ཞིབ་ཕྲ་གནང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་བསམ་བློ་གཅིག་གྱུར་དང་དོན་གཉེར་ཏན་ཏིག་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་འཆད་པར་ཐོབ་པར་སྐུལ་འདེད་བཏང་ཡོད། ད་ལྟའི་བོད་ལྗོངས་ནི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་ལེགས་པ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་ཡོད།
མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་རྒྱུ་དེ་བོད་ལྗོངས་ལས་དོན་གྱི་འགོ་རྩོམ་ས་དང་དོན་ལ་འབབ་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་བརླིང་དང་། ཡུན་རིང་བརྟན་བརླིང་། ཕྱོགས་ཡོངས་ནས་བརྟན་བརླིང་བཅས་ཡོང་བར་འགན་ལེན་ཧུར་ཐག་བྱེད་དགོས།
བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་བོད་ལྗོངས་ལས་དོན་གྱི་དམིགས་བསལ་གོ་གནས་ནན་གསུང་ཐེངས་མང་གནང་བ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་མཐོང་རྒྱ་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་བརླིང་དེ་རྒྱལ་ཁབ་དར་རྒྱས་དང་བདེ་འཇགས་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་གསལ་དོད་དུ་གཏོང་བ་དང་། བོད་ལྗོངས་ལས་དོན་གྱི་འགོ་རྩོམ་ས་དང་དོན་ལ་འབབ་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་པའི་སྟེང་དུ་འཇོག་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཉེན་བརྡ་ཡུན་རིང་གཏོང་བ་དང་། དོགས་ཟོན་རྒྱུན་དུ་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་ཀྱི་འདུ་ཤེས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་བསྒྲུབས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་རྡོ་སྔར་བས་བརྟན་པོ་དང་སྔར་བས་ནན་པོ་རྒྱུན་ཆད་མེད་པར་འདིང་དགོས། གཞི་རིམ་བཅོས་སྐྱོང་གི་གནད་དོན་ལ་དམིགས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། “གོང་འོག་འབྲེལ་མཐུད་དང་། དཀྱུས་གཅིག་ཏུ་འཛིན་པའི་”གཞི་རིམ་བཅོས་སྐྱོང་གི་སྒྲོམ་གཞི་ཆགས་ཡོད། བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་བློ་ལ་འབབ་ཚད་ལོ་མང་རིང་བསྟུད་མར་99%ཡན་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་བརྟན་པོ་དང་བློ་ཐག་ཆོད་པོ་ཡིན།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་ནི་རང་རྒྱལ་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ་བོད་ལྗོངས་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཀྱང་ཡིན། 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་སྐོར་གནང་སྐབས་བསྟན་གནང་དོན། བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་དང་། བོད་ལྗོངས་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བྲིས་པ་ཞིག་ཡིན། བོད་རིགས་དང་མི་རིགས་གཞན་དག་ཁག་བར་གྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་གཟིགས་རྒྱང་ཐོག་ནས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་མི་རིགས་ཁག་གིས་ཐོན་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་གནང་བ་དང་། ང་ཚོས་དུས་རབས་གསར་པར་སྔ་འཛིན་ཕྱི་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་ལྕག་ཟབ་མོ་བཏང་ཡོད། བོད་ལྗོངས་སུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ལྷོ་པ། མོན་པ་སོགས་མི་རིགས་40ལྷག་ཙམ་འཚོ་བ་སྐྱེལ་གྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཤུགས་ཆེན་གཏོད་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སེམས་གཏིང་དུ་ཟུག་རྒྱུ་ལག་བསྟར་གཏིང་ཟབ་བྱེད་པ་སོགས་“ལས་གྲྭ་ཆེན་པོ་བཞི་”དང་ང་ཚོའི་ཀྲུང་ཧྭ་ལ་གཅེས་པའི་“སོན་འདེབས་”བྱ་སྤྱོད་སོགས་“བྱ་སྤྱོད་ཁག་དྲུག་”ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་པའི་གླེང་སྟེགས་ཐོག་མ་གཉེར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་བྱེད་སྣང་བརྙན་གཏོད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་སེ་འབྲུའི་རྡོག་བུ་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཞིང་། “མཐུན་སྒྲིལ་བརྟན་བརླིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་”འདུ་ཤེས་མིའི་སེམས་གཏིང་ལ་ཟུག་པ་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཡོད།
བོད་བརྒྱུད་ནང་བསྟན་ནི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཐོན་དངོས་ཤིག་ཡིན་པ་དང་། རང་རྒྱལ་གྱི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཆགས་པའི་བརྒྱུད་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ལ་ཧ་ཅང་མཐོང་ཆེན་གནང་གི་ཡོད། 2015ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་ཞུ་དང་ལེན་གནང་བ་དང་། ཁོང་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་། མེས་རྒྱལ་ཡིད་ལ་བཅངས་པ། མི་དམངས་སེམས་ནང་འཇོག་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་གནང་བ་རེད། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་བོད་ལྗོངས་སུ་རྟོག་ཞིབ་གནང་རིང་ཆེད་དུ་འབྲས་སྤུངས་དགོན་པར་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ། ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི་“ཞི་མཐུན་”ལ་ཐུག་ཡོད་ཅེས་ནན་གསུང་གནང་བ་དང་། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་འགྲོ་བ་དེས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཕན་ཐོགས་དགོས། ཆོས་ལུགས་འགྲིག་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་དགོས། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། 2022ལོའི་ཟླ་5པ་ནས་བཟུང་ཆོས་ལུགས་ལས་རིགས་སུ་“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་འབྲེལ་སྤྱི་ཚོགས་ཡོངས་ལ་རྒྱ་སྐྱེད་བཏང་བས། རྒྱ་ཆེའི་དགེ་འདུན་པ་ཚོས་“རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནི་ཆོས་ལུགས་ཀྱི་འདུལ་ཁྲིམས་ལས་ཆེ་བ། ཆོས་དམངས་ནི་ཐོག་མར་སྤྱི་དམངས་ཡིན་པའི་”འདུ་ཤེས་ཟམ་མི་འཆད་པར་ཆེ་རུ་བསྐྱེད་ཡོད། ལོ་ལྟར་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། བོད་བརྒྱུད་ནང་བསྟན་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་པ་དང་། གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་། སྨན་ཡོན་མི་དགོས་པར་ལུས་པོར་ཞིབ་བཤེར་བཅས་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བས། དགོན་སྡེའི་རྒྱ་ཆེ་བའི་གྲྭ་བཙུན་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་བ་དང་། རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་སྤྲོ་སེམས་སྔར་ལས་ལྷག་པར་རྒྱས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་བཀྲ་ཤིས་ལྷུན་པོ་དགོན་གྱིས་ཏང་ཀྲུང་དབྱང་ལ་“པཎ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཁ་བཏགས་འབུལ་བ་”ཞེས་བརྗོད་བྱ་གཙོ་བོར་བྱས་པའི་ཐང་ཁ་ཕུལ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་། མི་དམངས་གཙོ་འཛིན་ལ་སྙིང་ཐག་པ་ནས་བརྩི་བཀུར་བྱེད་པ། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་བཅས་མཚོན་ཡོད།
ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཁམས་ཀྱི་ཁོངས་གཏོགས་ཡིན། ལྷ་ས་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཁག་དང་པོ་ཡིན་པའི་ངོས་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག། གཙུག་ལག་ཁང་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ཡོད་པ་དང་། བར་སྐོར་ཁྲོམ་གཞུང་ནི་ལྷ་སའི་གནའ་གྲོང་སྲུང་སྐྱོབ་བྱེད་པའི་བསྡུས་རིས་ཤིག་རེད། 2021ལོའི་ཟླ་7ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཐང་དུ་བར་སྐོར་ཁྲོམ་གཞུང་གི་རྣམ་པར་གཟིགས་ཞིབ་གནང་བ་དང་། ཁྱད་ལྡན་ཚོང་ཟོག་ཚོང་ཁང་དུ་བསྐྱོད་དེ་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་འདྲི་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་“ལོ་ངོ་སྟོང་གི་བར་སྐོར་ཁྲོམ་གཞུང་ནི་ང་ཚོའི་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་ཁྲོམ་གཞུང་རེད། མི་རིགས་ཁག་གི་རིག་གནས་དེ་གར་སྤེལ་རེས་དང་འགྲོ་འོང་དང་མཉམ་འདྲེས་བཅས་བྱེད་པ་དང་། ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་དེ་གར་ཞི་མཐུན་ངང་མཉམ་དུ་གནས་ཡོད་”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་གསུངས། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་གཏིང་ཟབ་ཤོས་ཀྱི་ངོས་འཛིན་གཅིག་མཐུན་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཡིན། རང་སྐྱོང་ལྗོངས་ཏང་ཨུས་རིག་གནས་ཀྱིས་སེམས་རྒྱུད་འདུལ་བ་དང་བློ་སྒྲིམ་སེམས་སྐྱེད་རྒྱུན་འཁྱོངས་དང་དམར་པོའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ཀྱི་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་བཅས་དྲིལ་བསྒྲགས་སློབ་གསོར་ཤུགས་བརྒྱབ་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ཏེ་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་”མཛུབ་སྟོན་གལ་ཆེན་རང་རྟོགས་ངང་ལག་ལེན་བསྟར་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་བྱས་ཏེ་ལྗོངས་ཡོངས་སུ་ད་ལྟ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་3དང་། ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་5དང་། ལོ་རྒྱུས་རིག་གནས་གྲོང་ཚོ་གྲགས་ཅན་4དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་70བཅས་ཡོད། 《གསོ་རིག་རྒྱུད་བཞི་》འཛམ་གླིང་དྲན་ཤེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོའི་ནང་ཚུད་ཡོད། 《གེ་སར་》དང་། བོད་ཀྱི་ཟློས་གར། བོད་ལུགས་སྨན་ལུམས་སོགས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི་ནང་ཚུད་ཡོད།
དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་རྩོམ་ས་དང་དོན་ལ་འབབ་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཡར་ཐོན་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་མོས་བསྟན་གནང་དོན། མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་འགག་རྩ་ཡིན། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་སྩོལ་བ་དང་། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་སྩོལ་བ། ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་མཐོར་འདེགས་བྱེད་པར་ཕན་ཐོགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཡི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་རྩེ་གཅིག་ཏུ་གཏོད་རྒྱུའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག། དཔལ་འབྱོར་ནི་ངོས་བཅས་ཡིན་པ་རྒྱུན་འཁྱོངས་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཐོན་ལས་གྲུབ་ཚུལ་བཀོད་སྒྲིག་ལེགས་སུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། 2023ལོར་ལྗོངས་ཡོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9.5%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་31.7%འཕར་བ། གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9.4%འཕར་བ། འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་བཅས་རེད།
རྨང་གཞིའི་སྒྲིག་བཀོད་དང་ལྷག་པར་དུ་འགྲིམ་འགྲུལ་སྒྲིག་བཀོད་རྗེས་སུ་ལུས་པ་ནི་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བུམ་སྐེ་རེད། བུམ་སྐེའི་ཚོད་འཛིན་དེ་སེལ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཇུས་འགོད་དང་། བཀོད་སྒྲིག། སྐུལ་འདེད་བཅས་བཏང་གནང་བ་དང་། བོད་ལྗོངས་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་རིང་ཆེད་དུ་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་སུ་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དེ་ལེགས་པར་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུས་རྣམ་གྲངས་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བསམ་བློ་བརྟན་པོར་བསྐྱེད་ནས། ཐབས་བརྒྱ་ཇུས་སྟོང་གིས་ནུས་ལྡན་གྱི་དངུལ་འཇོག་དང་རྣམ་གྲངས་གལ་ཆེན་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། 2022ལོ་ནས་བཟུང་ལྗོངས་ཡོངས་སུ་རྣམ་གྲངས་གལ་ཆེན་གྱི་འགོ་ཁྲིད་འགན་ལེན་ལམ་སྲོལ་ལག་བསྟར་བྱས་ནས། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་པ་དེས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཤིང་། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། གྲངས་ཀའི་དཔལ་འབྱོར། ཀུན་སྤྱོད་མཁའ་འགྲུལ། ཁྱད་ལྡན་ཞིང་ལས་འབྲོག་ལས་སོགས་དགེ་མཚན་ལྡན་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཐོན་ལས་གྲུབ་ཚུལ་ཉིན་བཞིན་ལུགས་མཐུན་དུ་ཕྱིན་པ་དང་། ཐོན་ལས་འབྲེལ་ཐག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཤིང་། རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ནང་ལོགས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གོམ་སྟབས་གསར་པ་སྤོས་ནས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་ཞེས་ནན་གསུང་ཡང་ཡང་གནང་ཡོད། དམངས་འཚོ་ནི་དམངས་སེམས་དང་འབྲེལ་བ་ཡོད་པས། དམངས་འཚོ་བརྟན་པོ་ཡིན་ན། མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་པོ་ཡོང་ཐུབ། རང་སྐྱོང་ལྗོངས་ཏང་ཨུས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བསྐྱེད་ནས། བློ་གཅིག་སེམས་གཅིག་དང་ལྷག་བསམ་ཟོལ་མེད་དང་ནུས་ཤུགས་ཡོད་རྒུ་ལ་བརྟེན་ནས་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོ་དོན་དངོས་སྒྲུབ་པ་དང་། དམངས་འཚོ་བདེ་རྩ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་སྒོས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པའི་གསོས་སུ་སྒྲུབ་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་སུ་ཐོག་མར་ལོ་ངོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མ་ལག་དང་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཙུགས་ནས། རྨང་གཞིའི་སློབ་གསོ་ལེགས་པོ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས། ལས་རིགས་སློབ་གསོ་སྤུས་ཚད་མཐོར་འདེགས་དང་ལེགས་པོ་གསོ་སྐྱོང་གི་བྱ་སྤྱོད་འཆར་གཞི་དང་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བའི་འཆར་གཞི་བཅས་ལག་བསྟར་ཤུགས་ཆེན་བྱས་ཏེ། བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་གང་ཐུབ་བྱས་ཡོད། རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་གསལ། བོད་ལྗོངས་ཀྱི་མི་ཁྲི་10རེའི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་11019ཟིན་ཡོད་ཅིང་། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཀར་ཞུགས་ཚད་ལོ་མང་རིང་བསྟུད་མར་95%ཡན་མཐའ་འཁྱོངས་བྱས་ཐུབ་ཡོད།
རང་སྐྱོང་ལྗོངས་ཏང་ཨུས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཆུང་དེ་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད། བོད་ལྗོངས་ཀྱི་ས་བབ་མཐོ་བ་དང་རླུང་གནོན་དམའ་བས། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སྤྱོད་པའི་ཐབ་ཆས་ཀྱི་ནུས་པ་རྐྱང་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་འགག་སྒྲོལ་བྱས་ཏེ་ས་མཐོར་བེད་སྤྱོད་འཚམ་པའི་ཐབ་ཆས་ཐོན་རྫས་གསར་པ་ཞིབ་བཟོ་དང་ཐོན་སྐྱེད་བྱས་ནས་ས་བབ་སྨི་4000ཡོད་པའི་ས་ཆར་ཡང་ཆུ་ཚ་མོ་100℃བཟོ་ཐུབ་པས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་མཐོའི་ཡང་བའི་བཟོ་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཡང་འཚོལ་ཞིབ་བྱུང་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ་དེ་ནི་བོད་ལྗོངས་དམངས་འཚོའི་ལས་དོན་གྱི་ཆད་སྐྱོན་དང་ཞན་ཆ་རེད། མང་ཚོགས་ཀྱིས་སྨན་བསྟེན་དཀའ་བ་དང་སྨན་གོང་མཐོ་བའི་གནད་དོན་ལ་དམིགས་ཏེ། ལྗོངས་ཡོངས་ཀྱི་སྨན་བཅོས་མ་ལག་འཛུགས་སྐྲུན་དང་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་བཅོས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ས་མཐོའི་རླུང་གནོན་དམའ་བ་དང་། དབྱང་མི་འདང་བ། གྲང་ཟུག་ཆེ་བ། འགྱེད་འཕྲོ་ཆེ་བ་སོགས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བའི་དོན་དངོས་ལ་དམིགས་ཏེ། ལོ་ལྟར་མང་ཚོགས་ལ་རིན་མི་དགོས་པའི་ལུས་པོ་བདེ་ཐང་ཞིབ་བཤེར་ཐེངས་རེ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ས་གནས་ཀྱི་ནད་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ལ་སྐྱ་འགྲིབ་འབྱུང་མང་བའི་གནས་ཚུལ་ལ་དམིགས་ཏེ། ས་ཁོངས་སྨན་བཅོས་མཉམ་འབྲེལ་གྱི་ནུས་པ་འདོན་སྤེལ་བྱས་ནས་སྨན་བཅོས་བྱེད་འདོད་མཁན་ཚང་མ་ལ་སྨན་བཅོས་པ་དང་། སྨན་བཅོས་བྱེད་དགོས་མཁན་ཚང་མ་ལ་སྨན་བཅོས་པའི་རྩ་དོན་ལྟར། ནད་པར་སྨན་བཅོས་ལེགས་པོ་བྱས་ཡོད། བོད་ལྗོངས་སུ་ས་མཐོའི་ནད་ཕོག་སླ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་འདེབས་གསོ་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། ཚན་རིག་དང་མཐུན་པའི་བཟའ་བཏུང་འཚོ་བཅུད་ཕྱོགས་སྟོན་བཟོས་པ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ལ་བཟའ་བཏུང་གི་གོམས་གཤིས་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས་བདེ་ཐང་གི་བྱང་ཚད་མཐོ་རུ་བཏང་ཡོད། མང་ཚོགས་ཀྱིས་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་གྱི་དོན་དངོས་ཁྲོད་ནས་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་བས་ཟབ་མོ་ཚོར་ཐུབ་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་དམ་པོར་འབྲངས་ནས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་དུ་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་སོགས་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།
མཚོ་བོད་ས་མཐོ་ནི་“འཛམ་གླིང་གི་ཡང་རྩེ་”དང་། “ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག།” “སའི་གོ་ལའི་སྣེ་གསུམ་པ་”བཅས་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་རེད།” “བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཚེ་ཕན་འབྲས་སྐལ་བརྒྱར་གནས་ཤིང་གནམ་འོག་ཀུན་ལ་དགེ་རྩ་བསྐྲུན་ཐུབ།” སྤྱི་ཁྱབ་ཧྲུའུ་ཅི་ཡི་རྒྱས་བཤད་གལ་ཆེན་ནང་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་དང་རིན་ཐང་རྩ་ཆེན་ལ་གསལ་བཤད་གཏིང་ཟབ་གནང་སྟེ། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་བྱ་བ་སྒྲུབ་ཕོད་པར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱི་རི་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ་ལག་ལེན་བསྟར་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་》ལག་ལེན་གཏིང་ཟབ་བསྟར་ཞིང་། 《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག་》བཏོན་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྲུང་སྐྱོབ་ལ་མཐོང་ཆེན་བྱས་པ་ནས་རང་འགུལ་གྱི་བྱ་སྤྱོད་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། བོད་ལྗོངས་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་གཏོད་ཀྱི་ཚད་གཞི་ལོན་པའི་ཞིང་ཆེན་ཉག་ཅིག་ཏུ་གྱུར་ཡོད། རང་སྐྱོང་ལྗོངས་ཏང་ཨུས་གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བྱེད་པ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ནས་ཚན་རིག་དང་མཐུན་པར་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་སྤེལ་ཏེ། 2022ལོའི་དཔྱིད་ཀ་ནས་བཟུང་ལྷ་སའི་ལྷོ་བྱང་རི་ཁུལ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པས་གྲོང་ཁྱེར་མཐའ་འཁོར་དུ་ནགས་ཚལ་མང་པོ་མཐོང་ཐུབ་པ་དང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ནས། ཞིང་འབྲོག་མང་ཚོགས་ལའང་དེའི་ཁྲོད་ནས་ཕན་འབྲས་ཐོབ་སྟེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་དང་ཆེས་ཀུན་ཕན་གྱི་དམངས་འཚོ་བདེ་སྐྱིད་རེད་ཅེས་བསྟན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུས་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག། སྐྱེ་ཁམས་བཟང་པོ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་ཐོགས་པ་དང་། སྐྱེ་ཁམས་ཀྱིས་དམངས་ལ་ཁེ་ཕན་སྐྲུན་པ། སྐྱེ་ཁམས་ཀྱིས་དམངས་དོན་དུ་འབད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་ཐོན་ཁུངས་བཟང་པོར་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་པར་ཁྲིད་སྟོན་བྱས་ཡོད། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་སྐོར་གནང་མྱོང་བའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྟ་སྐོར་དང་མཉམ་དུ་ཤིང་ཏོག་འཐུ་ཆོག་པའི་ལྡུམ་ར་བསྐྲུན་པ། ཞིང་འབྲོག་མི་དམངས་ཀྱི་སྐྱེལ་འདྲེན་རུ་ཁག་འཛུགས་པ་བཅས་ཀྱིས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་འཕེལ་རྒྱས་བརྒྱུད་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། རྣམ་པ་བཀྲ་བའི་ཁམ་བུའི་མེ་ཏོག་གིས་ཀ་ལ་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་བཏིང་བ་དང་། ཞིང་འབྲོག་མང་པོ་ཞིག་དེ་སྔའི་ཤིང་གཅོད་མཁན་ནས་ཤིང་འདེབས་མཁན་དང་ཤིང་སྲུང་མཁན་དུ་གྱུར་ཏེ། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་སྲུང་ཐུབ་པའི་“བདེ་སྐྱིད་ཀྱི་བརྟན་ནོར་”ཞིག་ཏུ་གྱུར་ཡོད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། བོད་ལྗོངས་སུ་ད་ལྟ་རིམ་པ་ཁག་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་47ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་41.22ཟིན་པ་དང་། ནགས་ས་དང་། རྩྭ་ས། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་ལེགས་པའི་ས་རིགས་སྤྱི་ལེ་གྲུ་བཞི་མ་ཁྲི་108.11བར་མང་དུ་འཕར་ཡོད། 2023ལོར་བོད་ལྗོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པ་དང་། གཙང་པོ་དང་མཚེའུ་གལ་ཆེན་གྱི་ཆུའི་སྤུས་ཚད་Ⅲལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཡོད། ས་རྒྱུའི་ཁོར་ཡུག་སྤུས་ཚད་དེ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་ཡོད་པས་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་ཞིག་རེད།
མཐའ་བརྟན་དང་མཐའ་དར་གཉིས་གལ་ཆེན་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས། མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
བོད་ལྗོངས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། མཐའ་མཚམས་རིང་པོ་ཡོད་པས་ས་སྲུང་མཐའ་བརྟན་གྱི་འགན་འཁྲི་གཟི་བརྗིད་ལྡན་ལ་ལས་འགན་ལྗིད་པོ་ཡིན། དུས་རབས་20པའི་དུས་ཡུན་རིང་པོ་ཞིག་ལ། བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཞང་དུ་སངས་རྒྱས་ཆོས་པ་ཁྱིམ་ཚང་གཅིག་ལས་མེད་པས། ཕྱི་རོལ་ནས་“མི་གསུམ་ཞང་”ཞེས་འབོད་ཀྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་ཡུལ་སྨད་དུ་རྒྱུན་མཐུད་བརྟན་སྲུང་བྱས་ནས་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད། 2017ལོའི་ཟླ་10པར་ཞི་ཅིན་ཕིང་སྐུ་ངོ་མས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་བསྐུར་ནས་ཁོང་ཚོར་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་པ་དང་། འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་བཞིན་དུ་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ། མཆོག་ཏུ་གྱུར་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་སྐུལ་ལྕག་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ཡིག་འབྲུ་རེ་རེ་བཞིན་ལྷག་བསམ་རྣམ་པར་དག་ཅིང་ཐུགས་སེམས་ཟབ་མོ་མཚོན་པས། མང་ཚོགས་དེ་བས་མང་བ་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། མཐའ་མཚམས་འཛུགས་སྐྲུན་བྱེད་ཅིང་། མཐའ་མཚམས་སྲུང་སྐྱོང་བྱེད་པར་སྐུལ་མ་གཏོང་གི་ཡོད། 2023ལོར་ཡུལ་སྨད་ཞང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.8ཡན་ཟིན་པ་དང་། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་40ཟིན་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་རང་ཁྱིམ་གྱི་ཁང་པ་སྤྱད་དེ་ཁྱིམ་ཚང་གི་མགྲོན་ཁང་དང་། ཚོང་ཁང་ཆུང་གྲས། མྱུར་སྐྱེལ་ས་ཚིགས་སོགས་བཙུགས་པས་འཚོ་བ་སྔར་བས་ཇེ་ཡག་ཏུ་ཕྱིན་ཡོད།
“རྒྱལ་ཁབ་ཡོད་ན་ད་གཟོད་ཁྱིམ་ཚང་ཡོད་ཅིང་། རྒྱལ་མཚམས་ཀྱི་ལྷིང་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་གི་བདེ་འཇགས་མེད་”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོས་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐའ་དར་བརྟན་སྲུང་གི་ལས་འགན་ལྗིད་པོ་འཁུར་བར་སྐུལ་མ་གཏོང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཀྱི་ཁ་ཕྱོགས་དེད་དེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་ཧུར་ཐག་བཏོད་དེ། མཐའ་བརླིང་བརྟན་སྲུང་དང་རྨང་བརྟན་མཐའ་བརྟན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། མཐའ་མཚམས་ཏང་འཛུགས་སྐྲུན་གྱི་བར་ཁྱམས་དམར་པོའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཁྲོད་རང་སྐྱོང་ལྗོངས་ཏང་ཨུས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཐའ་མཚམས་ས་ཁུལ་དུ་ཡུལ་སྐོར་དང་། ཇ། གཏེར་ཆུ་སོགས་ཚད་གཞི་མཐོ་བའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་རིན་ཐང་དང་སྐད་གྲགས་ཆོད་ཚད་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་ནས། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ། མཐའ་མཚམས་མང་ཚོགས་ལ་ཕན་ཐོགས་དེ་བས་མང་བ་ཐོབ་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་དང་མཉམ་དུ་མཐའ་མཚམས་ཀྱི་རྫོང་ལ་དམིགས་བཙུགས་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་དང་འཚོ་བ་ཕྱུག་པོར་གྱུར་ཅིང་། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཀྱང་སྔར་བས་ཆེ་རུ་བསྐྱེད་པས། མང་ཚོགས་སྔར་བས་མང་བ་ཞིག་རང་མོས་ངང་མཐའ་མཚམས་སུ་བསྐྱོད་དེ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་འཛིན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཀྱི་ཡོད།
ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་། ཏང་ནི་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་། ལས་བྱེད་པ་ཤེས་ལྡན་མི་སྣའི་དཔུང་སྡེ། གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྲུན་ལེགས་པོ་བྱེད་པར་ཤུགས་བརྒྱབ་སྟེ། ཏང་གི་གསར་སྐྲུན་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩིས་ནས། ནུས་པར་དམིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་བའི་མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་བཙུགས་ཏེ། བློ་དཀར་བ་དང་ལས་གཙང་བ། འགན་འཁུར་བའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་བརྒྱབ་སྟེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླུང་རླབས་ཀྱི་ཉམས་སེག་ལ་ཁ་གཏད་འཇལ་བ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བཙན་རྫོང་བརྟན་པོ་དང་ཆབ་སྲིད་ཀྱི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ། ཏང་གིས་བོད་ལྗོངས་སུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པར་འགན་ལེན་ཏན་ཏིག་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་མོར་བསྟན་གནང་དོན། སྤྱོད་ཚུལ་གྱི་གནད་དོན་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་། མི་དམངས་ཀྱི་བློ་ཁ་གཏད་ཕྱོགས། བྱ་གཞག་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་ནས་འགོ་རྩོམ་པ་དང་ཁ་བྱང་བཏོན་ཏེ་2021ལོའི་ལོ་མཇུག་ནས་བཟུང་། ལོ་གསུམ་རིང་བསྟུད་མར་སྤྱོད་ཚུལ་ལེགས་བཅོས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ཏེ། སྤྱོད་ཚུལ་ལེགས་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ལས་དོན་ཁག་དོན་འཁྱོལ་དམ་འཛིན་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཕན་འབྲས་མིག་མཐོང་ལག་ཟིན་ཐོབ་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་སྒྲུབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དོན་འཁྱོལ་དམ་འཛིན་གྱི་ངར་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། བསམ་པའི་ཉམས་འགྱུར་གསར་རྐྱང་དུ་འགྱུར་བ། ལྗོངས་ཡོངས་གོང་འོག་ཀུན་ཏུ་སེམས་པ་མཐུན་ཞིང་། བློ་ཁ་བདེ་བ། ངར་ཤུགས་ཆེ་བ། ལས་ཀ་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྤྱོད་ཚུལ་འགན་སྲུང་མཁོ་སྤྲོད་ནུས་ལྡན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ལ་ཐུགས་ཁུར་ཆེན་པོ་གནང་སྟེ། “མཐོ་སྒང་དུ་ལས་དོན་སྒྲུབ་སྐབས་དཀོན་ཤོས་ནི་དབྱང་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན།” “དུས་ཡུན་རིང་པོའི་ནང་མི་རབས་ནས་མི་རབས་བར་གུང་ཁྲན་ཏང་ཡོན་གྱིས་མི་ཕལ་བ་ཞིག་བྱེད་པའི་དབང་ཆ་དོར་བ་དང་མི་ཕལ་བ་བྱེད་རྒྱུ་བསྐྱུར་ཏེ་གངས་ལྗོངས་ཀྱི་ས་མཐོར་རྩ་བ་ཚུགས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ཡོད།” ཚང་མས་“སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་’ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་རྒྱུའི་རེ་བ་ཡོད་”ཅེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་གནང་བས་རྒྱ་ཆེའི་ཏང་ཡོན་ལས་བྱེད་ལས་པ་དང་ལས་བཟོ་པ་རྣམས་ལ་དྲོ་སྐྱིད་དང་སྐུལ་མ་ཆེན་པོ་ཐེབས། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་དང་འཚོ་བ་གཞིར་བཟུང་སྟེ་དམིགས་བསལ་གྱི་གླ་ཕོགས་དང་འབྲེལ་ཡོད་ཕན་བདེའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ལས་བྱེད་པ་དང་ལས་བཟོའི་བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ནས། ལས་བྱེད་པ་དང་ལས་བཟོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུས་དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་དང་། སྐུལ་ལྕག་དང་ཚོད་འཛིན་གཉིས་གལ་ཆེན་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཡག་པོ་བེད་སྤྱོད་དང་། ལས་བྱེད་པ་དང་ལས་བཟོའི་གླ་ཕོགས་ཡོང་འབབ་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་གྲྭར་ཞུགས་པ། ལས་འཁྱུར་ངལ་གསོ་བཀོད་སྒྲིག་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་དང་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་བློ་བདེ་ཡོང་བ་དང་། གནས་བཅའ་བདེ་བ། ལས་ཀ་གཏན་འཇགས་ཡོང་བ་བཅས་བྱུང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པས་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་དང་གཅེས་སྐྱོང་བློ་ལ་བརྟན་པོར་བཅངས་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་“ལམ་གཉིས་”ཀྱི་སྙིང་སྟོབས་དང་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”དར་སྤེལ་བཏང་སྟེ། དབྱང་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ཏེ། ལས་ཀའི་ཁྲོད་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ནུས་པ་མཐོར་འདེགས་དང་སྤྱོད་ཚུལ་སྦྱོང་བརྡར་བྱས་ཡོད།
ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཡང་མེད། ད་ལྟ་བོད་ལྗོངས་ལ་ཐོབ་པའི་གྲུབ་འབྲས་ནི་རྩ་བའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་ལམ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པ་ལ་ཐུག་ཡོད། བོད་ལྗོངས་ལས་དོན་གྱི་ལག་ལེན་དངོས་ནས་བདེན་དཔང་གང་ལེགས་བྱུང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་“ཕྱོགས་སྟོན་འཁོར་ལོ་”དང་། “རྒྱ་མིག།” “གསེར་གྱི་ལྡེ་མིག་”བཅས་ཡིན་ལ། བོད་ལྗོངས་ལས་དོན་བདེན་སྲུང་གསར་གཏོད་དང་། བརྟན་བགྲོད་རྒྱང་འཁྱོལ། རྒྱལ་ཁའི་མདུན་སྐྱོད་བཅས་ཡོང་བར་སྣེ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཀྱང་ཡིན།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་། ང་ཚོས་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ཆ་ཚང་དང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ཏེ་བོད་ལྗོངས་ཀྱི་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཟམ་མི་འཆད་པར་གཏོད་དགོས།
ལྷག་པ་ཚེ་རིང་གིས་བསྒྱུར།