བོད་ལྗོངས་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་ནི་མཚོ་བོད་མཐོ་སྒང་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ་བཅས་འབྲེལ་བའི་ས་ཁུལ་ཞིག་ཡིན་པ་དང་། དེ་ནི་གནའ་བོའི་དུས་ཀྱི་མི་རྣམས་འགྲོ་འོང་བྱེད་སའི་བགྲོད་ལམ་ཞིག་ཡིན། རྩྭ་མདའ་གད་རོང་ནི་མངའ་རིས་ས་ཁུལ་གངས་ཏི་སེ་དང་རི་བོ་ཧི་མ་ལ་ཡའི་བར་ལ་གནས་ཤིང་། ས་བབ་མཛེས་སྡུག་ལྡན་པ་དེ་ལ་མི་རྣམས་ཀྱིས་དོ་སྣང་དེ་བས་ཆེན་པོ་བྱེད་བཞིན་ཡོད།
བོད་ལྗོངས་རྩྭ་མདའ་གད་རོང་གི་ལྗོངས་རྣམ་ཧྲིལ་པོ།
ཐུན་མོང་མ་ཡིན་པའི་ས་བབ་དེ་གནའ་བོའི་མཚོ་དང་མཚེའུ་གཞོང་པ་འདྲ་བ་དེ་དག་དང་། དེ་བཞིན་དུ་ཆུ་བོ་ཆེ་གྲས་ཀྱི་ཆུ་ལམ་བརྒྱུད་ཡུན་རིང་བའི་ཆུ་ཤུལ་དོད་པ་ལས་བྱུང་སྟེ། བརྗིད་ཉམས་ལྡན་པའི་གད་རོང་མཛེས་ལྗོངས་འདི་ཆགས་ཡོད། གད་རོང་དེ་དག་ཉི་མ་ཤར་བ་དང་ཉི་མ་ནུབ་པའི་སྐབས་སུ་དེ་བས་ཡིད་དབང་འཕྲོག་པ་དང་། གནམ་གཤིས་དང་དུས་ཚིགས་ཀྱི་འགྱུར་བས་རི་བོའི་མདངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་རྩྭ་མདའ་རྫོང་གི་ཁོར་ཡུག་ལ་ཉམས་འགྱུར་འབུམ་གྱི་ཁྱད་པར་བྱས། སྤྱི་ལེ་ངོས་གྲུ་བཞི་མ་བརྒྱ་ཕྲག་ཁ་ཤས་ཀྱི་གད་རོང་དེས་རྩྭ་མདའ་ལ་ཆུ་བོ་དང་མཚེའུ་ནང་དུ་བརྐོས་གཟུགས་སྣ་ཚོགས་ཀྱིས་ཕྱུར་བུ་གང་བ་ལྟ་བུའི་ཐུན་མོང་མ་ཡིན་པའི་འཛམ་གླིང་ལ་ཆེས་དཀོན་པའི་ས་ཕུང་གི་ནགས་ཚལ་ཞེས་པ་འདི་ཆགས་པ་རེད།
ས་གཤིས་རིག་པའི་ཞིབ་འཇུག་ཚོགས་པས་མངའ་རིས་རྩྭ་མདའི་ས་ཕུང་ནགས་ཚལ་ཞེས་པའམ་གད་རོང་འདི་ལ་ཞིབ་འཇུག་བྱས་པ་ལྟར་ན། ཆུ་རྒྱུན་རིམ་བཞིན་ཇེ་དམའ་རུ་སོང་བ་དང་བསྟུན་ནས། ཤུགས་ཆེ་བའི་ཆུ་རྒྱུན་གྱིས་དྲུས་ཤུལ་དོད་པའི་མིས་བཟོས་ཀྱི་དངོས་པོ་དང་འདྲ་བ་ཞིབ་ཅིང་ཚགས་དམ་པའི་རྣམ་པ་འདྲ་མིན་གྱི་དངོས་གཟུགས་གྲུབ་པ་འདི་དག་ནི། ལོ་ངོ་འབུམ་ཕྲག་འགའི་ཆར་རླུང་གི་སྐྱོན་གྱིས་འགྱུར་བ་ཐེབས་ནས་ད་གཟོད་གཞན་གྱིས་འགྲན་ཟླ་བྲལ་བའི་སྤུས་དག་ཅིང་ཡུན་དུ་གནས་པའི་གད་རོང་འདི་ལྟ་བུ་ཆགས་པ་རེད། ཅེས་གསུངས།
དེ་ལྟར་གད་རོང་འདི་དག་ནི་ས་ངོས་དང་ཐག་ཉེ་བའི་སྲ་མཁྲེགས་ཀྱི་བྲག་རྡོ་ལ་ཉི་མའི་འགྱེད་འཕྲོ་དང་། ཆུ། སྐྱེ་དངོས་སོགས་རང་བྱུང་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འོག །མཚེའུ་བྱེ་མར་ཐིམ་ཞིང་བསགས་པས་བང་རིམ་དུ་གྱུར་པ་ལ་དུས་ཡུན་རིང་པོའི་ཆུ་རྒྱུན་གྱི་བསླད་སྐྱོན་དང་རླུང་ཁམས་ཆེན་མོས་ཤུན་བཤུའི་བྱུང་རིམ་འདི་བརྒྱུད་མཐར། ད་ལྟ་ང་ཚོས་མངོན་སུམ་མཐོང་བའི་ངོ་མཚར་ཆེ་བའི་གད་རོང་གི་ས་བབ་འདིའང་ས་ཆུ་མེ་རླུང་དེ་དག་ལས་འབྲས་བུའི་གཟུགས་རྣམ་མི་འདྲ་བ་བྱུང་བ་དང་། རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་བརྟེན་པ་གཏོས་ཆེ་བ་དང་། གཟུགས་འདུས་པ་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་ཁྱབ་པ་རྒྱ་ཆེ་བ་དང་། གནས་པ་ཐ་གྲུ་ཆེ་བས་ཆེན་པོ་ཆགས་པར་འབྱུང་བ་བཞིའི་ནུས་པ་ལས་གྲུབ་པ་ཡིན་པའང་ཤེས་ཐུབ་པའོ། །
རྩྭ་མདའི་ས་ཕུང་ནགས་ཚལ་ཁྲོད་ཀྱི་གད་རོང་ལྗོན་ཤིང་འདྲ་བ་འདི་རྣམས་ཕན་ཚུན་བསྣོལ་ཅིང་བར་མཚམས་དམ་པ་དང་། མཐོ་ཚད་སྨི་བཅུ་ཕྲག་ཁ་ཤས་ཟིན་པ་དང་། རྣམ་པ་མི་འདྲ་བས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་སྣང་བསྐྲུན་ཡོད་ལ། གད་རོང་དུ་རླངས་འཁོར་བརྒྱུད་ནས་འགྲོ་བའི་སྐབས་སུ་འཁོར་ལོའི་འོག་གི་རི་ཚོགས་མཐོ་དམའ་མི་སྙོམས་པ་ལ་སྐོར་བ་རྒྱག་པ་དང་འདྲ་བར་སྤྲོ་སྣང་གཞན་ཞིག་ཀྱང་བསྐྱེད་ཅིང་། རྩྭ་མདའ་རྫོང་གྲོང་ནས་གུ་གེ་བར་བསྐྱོད་པའི་ལམ་རྒྱུད་དུ་རྩིག་ངོས་འདྲ་བའི་གྱང་ལྡེབས་རེ་རེ་བཞིན་མཐོང་རྒྱུ་ཡོད་པ་ནི། རབ་རིབ་ངང་ཉི་འོད་འོག་གཟུགས་པོ་འཁྲུ་བ་ལྟ་བུ་དེ་དག་ནི་གུ་གེའི་དཔལ་ཡོན་གྱི་རྗེས་ཤུལ་ཡིན་པར་མཚོན། རྒྱང་ལྟ་བྱེད་སྐབས་དེ་དག་གངས་རིའི་འོད་སྣང་གི་རྒྱན་སྤྲས་འོག་གསེར་འོད་རྣམ་པར་བཀྲ་བ་མངོན་ནས་ལྷ་སྒྲུང་གི་འཇིག་རྟེན་ཞིག་ཏུ་གནས་པ་ལྟར་ཡིད་དགའ་བྱས། ཉེ་སར་བཅར་ནས་ལྟ་ཞིབ་བྱས་ན་གླང་ཆེན་ཁ་འབབ་ཀྱི་འགྲམ་གཉིས་སུ་ནགས་ཚལ་གྱིས་བསྐོར་བ་དང་འདྲ་བར་མཛེས་སྡུག་རྨད་དུ་བྱུང་བའི་རི་མོའི་སྒྱུ་རྩལ་ཇི་བཞིན་དུ་མཐོང་བར་ལྟར་བྱས།
བོད་ལྗོངས་རྩྭ་མདའ་གད་རོང་གི་ཟུར་ཞིག
འཛམ་གླིང་ཐོག་གཉིས་སུ་མེད་པའི་རང་བྱུང་ངོ་མཚར་ཆེ་བའི་གད་རོང་དེ་དག་ལ་བརྗིད་ཉམས་ཆེ་ཞིང་བག་ཆགས་ལྡན་པའི་ལྷ་ཁང་དང་། བརྗིད་རྔམ་ལྡན་པའི་བཙན་པོའི་མཁར་རྫོང་། རྟེན་གྱི་ཞིང་དུ་བརྩིགས་པའི་མཆོད་རྟེན་སྤུངས་པ། ཧ་ཅང་རྒྱས་སྤྲོས་ཆེ་བའི་གནའ་བོའི་ཕོ་བྲང་། གནའ་ཉམས་བབ་ཆགས་ཀྱི་ཡོ་རོབ་ལུགས་ཀྱི་མཁར་རྫོང་དང་འདྲ་བའི་རྣམ་པ་དུ་མས་མཛེས་བརྗིད་ལྡན་ཞིང་། སྐབས་ལ་ལ་ནི་སྤྲིན་དཀར་པོ་ལང་ལིང་གཡོ་བ་ན་རྟ་ཁྲི་ལང་ལོང་དུ་རྒྱུག་པ་འདྲ་བ་དང་། སྐབས་ལ་ལ་ནི་ཐལ་མོ་སྙིང་གར་སྦྱར་ནས་ཕྱག་རྒྱས་གུས་འདུད་ཞུ་བཞིན་པ། སྐབས་ལ་ལ་ནི་རྐང་པ་གཉིས་སྐྱིལ་ཅིང་སྐེད་པ་ཀྲོང་ངེར་བཞུགས་ཏེ་ལྷག་བསམ་རྣམ་དག་གིས་སྒོམ་སྒྲུབ་བྱེད་པའི་རྣམ་པ་དང་འདྲ་བ། སྐབས་ལ་ལ་ནི་ཞི་ཞིང་དུལ་བའི་ཉམས་ཁྱད་པར་ཅན་གྱི་གནས་བརྟན་ལྔ་བརྒྱའི་སྐུ་གཟུགས་བསྟར་ཕྲེང་མངོན་པར་དགའ་བ་བཅས། རང་བྱུང་ཁམས་ཀྱི་རྫོགས་མཐའ་མེད་པའི་ཡིད་དབང་འཕྲོག་ཤུགས་དང་གསར་གཏོད་བྱས་པའི་ནུས་པ་སྟོན་པ་དང་འདྲའོ། །
རྩྭ་མདའ་རྫོང་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་གནའ་བོའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དང་། ཕྱི་གཡང་དུང་དཀར་ཕུག་པ། ཁྱུང་ལུང་དངུལ་མཁར་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་ཡོད་ལ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དེར་དོང་ཁང་དང་། དོང་ཕུག་300ལྷག་ཙམ་ཡོད་པ། དེར་མཐོ་ཚད་སྨི་10ལྷག་ཙམ་ཡོད་པའི་མཆོད་རྟེན་3དང་། ལྷ་ཁང་4དང་། ཚོམས་ཆེན་2དང་། དེ་བཞིན་ས་འོག་བགྲོད་ལམ་2ལས་གྲུབ་པ་དང་རྗེས་ཤུལ་ཧྲིལ་པོས་ས་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི་18བཟུང་ཡོད། དེའི་ནང་ལྷ་ཁང་དམར་པོ་དང་། འཁོར་བའི་ལྷ་ཁང་། རྒྱལ་པོའི་ཕོ་བྲང་། མགོན་ཁང་། རྒྱལ་པོའི་རྟ་ར། ཆུ་འཐེན་གྱི་དོང་རིང་བཅས་ཡོད་པ། ལྷག་པར་དུ་ལྷ་ཁང་དཀར་པོ་གཞི་ཁྱོན་ཆེ་ཞིང་ལྡེབས་རིས་ལ་རང་རྒྱལ་གྱི་ནུབ་ཕྱོགས་ཀསྨིར་དང་བལ་པོའི་བཟོ་རྒྱུན་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་མངོན་ཡོད། གཞན་ཡང་བྲག་ཕུག་ནང་གི་འཇིམ་བཟོས་ཚཙྪ་སྣ་ཚོགས་བཅས་ཀྱིས་ཆོས་ལུགས་དད་མོས་བདེན་དཔང་བྱས་ཡོད།
གུ་གེ་ཞེས་པ་ནི། གུ་གེ་རྒྱལ་རབས་ཆགས་ཡུལ་གྱི་ས་གནས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་པ་དང་། མངའ་རིས་ས་ཁུལ་གྱི་ཧ་ཅང་གལ་ཆེའི་གནའ་རབས་འཛུགས་སྐྲུན་གྱི་ཆགས་ཤུལ་གྲས་ཤིག་ཀྱང་ཡིན། གནའ་རབས་ཀྱི་མིང་རྙིང་པར་ཞང་ཞུང་ཟེར་ཞིང་། བོད་ཀྱི་བཙན་པོའི་རྒྱལ་རབས་མ་ཚུགས་གོང་དུ་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུའི་ནང་གི་རྒྱལ་ཕྲན་ཞིག་སྟེ་ཞང་ཞུང་རྒྱལ་རབས་ཀྱང་ས་གནས་འདིར་ཆགས་པ་ཡིན། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྙིང་པའི་ནང་དབྱང་ཐུང་(羊同)ཞེས་འཁོད། སྔར་བོན་ཆོས་དར་རྒྱས་ཆེ་བའི་ཡུལ་ཞིག་ཡིན་པར་ལོ་རྒྱུས་ཡིག་ཆ་ཀུན་དང་མཐུན་པའོ། །དེ་དག་གིས་མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་ས་ཁུལ་ལ་ལོ་ངོ་3500ཡི་གོང་ནས་མི་ཚོགས་ཀྱི་འཕེལ་འགྱུར་གྱི་ལོ་རྒྱུས་མ་ལག་ལྡན་པར་དོན་དངོས་ལས་ར་སྤྲོད་བྱས་ཡོད།
དེ་ལྟར་བོད་ལྗོངས་རྩྭ་མདའ་རྫོང་གད་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ངོ་སྤྲོད་བསྡུས་པ་འདི་ནི། ཁོ་བོ་སྤྱི་ལོ་2009ལོར་ས་གནས་དེ་གར་དངོས་སུ་འགྲོ་བའི་གོ་སྐབས་རྙེད། གོ་སྐབས་རྙེད་ཚེ་མ་བཟུང་ན། དུས་ཚོད་ཕྱིར་ལོག་མི་སྲིད་དོ། །ཞེས་པ་ལྟར་ཕྱིས་སུ་འགྲོ་བའི་གོ་སྐབས་མ་རྙེད་ཀྱང་། དེ་སྐབས་སུ་བླངས་པའི་པར་དང་ཟིན་ཐོ་ལ་བལྟས་ནས་དེང་དུས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བའི་དགོས་མཁོར་བསྟུན་ནས་ཕྱོགས་ཙམ་གྱིས་ངོ་སྤྲོད་བྱེད་པར་ཚང་མས་དགའ་སྣང་སྐྱེད་པའི་རེ་བ་ཞུ།
རྒྱ་སྐད་དུ“札达土林 ”ཞེས་པ་འདི་ལ་རྩྭ་མདའ་གད་རོང་བོང་རྣ་འདྲ་བ་དང་། ཞ་ཡེ་གྲོག་རོང་། རྫ་རོང་། ས་ཕུང་ནགས་ཁྲོད་སོགས་བྲིས་སྲོལ་སྣ་ཚོགས་བྱུང་མྱོང་ཡང་ཁོ་བོས་ནི་གད་རོང་ཞེས་རང་སོར་བཞག་པ་ཡིན། །
གུ་གེའི་དགོན་དཀར་གྱི་ལྡེབས་རིས།