རླུང་བུ་གཡུག་སྟངས་ཤིག་གིས་སེམས་པ་འཁྱག།
རི་བོ་མཐོང་ཚུལ་ཞིག་གིས་དྲན་པ་སྨྲེང་། །
ཡིད་ཀྱི་ཉེ་ས་དེ་རུ་ཆར་པ་འབབ། །
དེ་ནི་སྟོན་ཟླ་དང་པོའི་སྨྲེ་སྔགས་ཡིན། །
རྩྭ་སྔོ་སྒུར་ལུགས་དེ་ཡིས་ན་ཟུག་བྱིན། །
ལོ་མ་འཐོར་སྟངས་ཤིག་གིས་ངལ་བ་གནང་། །
དུས་ཀྱི་མགྱོགས་ཚད་དེ་ལ་མགོ་བོ་འཁོར། །
དེ་ནི་སྟོན་ཟླ་དང་པོའི་མིག་ཆུ་ཡིན། །
གཙང་བོ་བཞུར་ཕྱོགས་ཤིག་གིས་སེམས་པ་གྲང་། །
མཚོ་བྱ་འཕུར་ཚུལ་དེ་ཡིས་དྲན་པ་འཕག།
ཞེ་སེམས་དགུན་གྱི་སྟ་གོན་འདྲེས་པ་ན། །
དེ་ནི་སྟོན་ཟླ་དང་པོའི་སྙན་ངག་ཡིན། །
དར་ལྕེ་རྡེབ་ཕྱོགས་ཤིག་གིས་དྲན་གཏིང་སློག།
ཁ་བ་འབབ་སྟངས་ཤིག་གིས་རྨ་ཁ་བཟོས། །
ཚིག་གི་ངག་རིག་གྲོལ་བའི་སྨྲ་བ་ཉིད། །
དེ་ནི་སྟོན་ཟླ་དང་པོའི་སྐྱོ་གཞས་ཡིན། །