“ཀྲུང་གོ་བ་ཞིག་ཡིན་ན་མི་ཚེ་གང་པོར་ཏུན་ཧོང་ལ་ཐེངས་གཅིག་འགྲོ་དགོས།” ཏུན་ཧོང་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་སྒྱུ་རྩལ་གྱི་བང་མཛོད་དང་རིག་གནས་ཀྱི་ཕོ་བྲང་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་ངང་ནས་“ངས་ཐོག་མཐའ་བར་གསུམ་དུ་ཏུན་ཧོང་ལ་ཡིད་སྨོན་བྱེད་ཀྱི་ཡོད་”ཅེས་གསུངས་མྱོང་ཡོད། 2019ལོའི་ཟླ་8ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཀན་སུའུ་རུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་ས་ཚིགས་དང་པོ་ནི་ཏུན་ཧོང་མོ་ཀའོ་བྲག་ཕུག་རེད། ཏུན་ཧོང་ཞིབ་འཇུག་ཁང་དུ་བཞུགས་མོལ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་“ཏུན་ཧོང་རིག་གནས་ལོ་ངོ་ཉིས་སྟོང་ཙམ་ལ་རྒྱུན་མཐུད་བྱུང་བ་དང་། དེ་ནི་འཛམ་གླིང་གི་ད་ཡོད་གཞི་ཁྱོན་ཆེ་ཤོས་དང་། རྒྱུན་མཐུད་དུས་ཡུན་རིང་ཤོས། ནང་དོན་ཕུན་སུམ་ཚོགས་ཤོས། ཉར་ཚགས་ཆ་ཚང་ཤོས་བཅས་ཀྱི་སྒྱུ་རྩལ་བང་མཛོད་ཅིག་དང་། འཛམ་གླིང་ཤེས་དཔལ་གྱི་ཆུ་རྒྱུན་རིང་མོ་ལས་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་ཅིག་ཡིན་ལ། རང་རྒྱལ་གནའ་རབས་ཀྱི་མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས། སྒྱུ་རྩལ་བཅས་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་དཔྱད་གཞི་རྩ་ཆེན་ཞིག་ཀྱང་ཡིན་”ཞེས་བསྟན་གནང་ཡོད།
ཏུན་ཧོང་ནི་ཅི་འདྲ་ཞིག་ཡིན་ནམ།
ཏུན་ཧོང་ནི་ཀན་སུའུ་ཞིང་ཆེན་གྱི་ཧོ་ཞི་བར་ཁྱམས་ཀྱི་ནུབ་སྣེ་རུ་གནས་ཡོད། ཧན་རྒྱལ་རབས་ནུབ་མའི་དུས་སྐབས་སུ་ཧན་ཝུའུ་ཏིས་ཧོ་ནུབ་ཅུན་བཞི་བཙུགས། དེའི་ནང་ཝུའུ་ཝེ་དང་། ཀྲང་ཡེ། ཅིའུ་ཆོན། ཏུན་ཧོང་བཅས་འདུས་ཡོད། ཏུན་ཧོང་ནི་ཆེས་ནུབ་ཕྱོགས་སུ་གནས་ཤིང་། དེས་ཀྲུང་ཡོན་ས་ཁུལ་དང་ནུབ་ཕྱོགས་ས་ཁུལ་བར་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ལ་ཚོད་འཛིན་བྱེད་བཞིན་ཡོད། གནའ་བོའི་དར་གོས་ཚོང་ལམ་དར་རྒྱས་བྱུང་བ་དང་བསྟུན་ནས་ཏུན་ཧོང་ཉིད་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྤེལ་རེས་བྱེད་པའི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཉོ་ཚོང་བར་བརྒྱུད་ས་ཚིགས་ཤིག་ཡིན་ལ། ཀྲུང་གོ་དང་ཡོ་རོབ་དང་། ཨེ་ཤ་ཡ་ནུབ་མ། ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་དབུས་མ་བཅས་ས་ཁུལ་གྱི་ཆོས་ལུགས་དང་། རིག་གནས། སྒྱུ་རྩལ་བཅས་ཀྱི་འདྲེས་མཚམས་ཤིག་ཀྱང་ཡིན། སངས་རྒྱས་ཆོས་ལུགས་ཀྲུང་གོར་དར་རྗེས། ཏུན་ཧོང་ནི་ནུབ་རྒྱུད་དང་འབྲེལ་ཡོད་པས་སངས་རྒྱས་ཆོས་ལུགས་ཀྱི་བག་ཆགས་ཟབ་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་བྲག་ཕུག་དར་རྒྱས་བྱུང་བ་རེད། ཏུན་ཧོང་བྲག་ཕུག་ནི་ཆིན་རྒྱལ་རབས་སྔོན་མའི་ཅན་ཡོན་སྲིད་ལོ་གཉིས་པར་(སྤྱི་ལོ་366ལོ་)སྐྲུན་འགོ་ཚུགས་པ་དང་། དེ་རྗེས་ལོ་ངོ་1000ལྷག་རིང་མུ་མཐུད་དུ་འཛུགས་སྐྲུན་བྱས་པ་བརྒྱུད་གཞི་ཁྱོན་ཆེ་བའི་བྲག་ཕུག་གི་ཁྱུ་ཚོགས་ཤིག་ཆགས་ཡོད།
ཏུན་ཧོང་རིག་གནས་ཤུལ་བཞག་ལ་ཕྱོགས་གསུམ་གྱི་ནང་དོན་ཚུད་ཡོད་དེ། གཅིག་ནི་ཏུན་ཧོང་ས་ཁུལ་གྱི་གནའ་རབས་རིག་གནས་ཤུལ་བཞག་སྟེ། དཔེར་ན་ཧན་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་དང་། ཁྲམ་བྱང་གི་ཡི་གེ། དུས་རབས་སོ་སོར་ས་འོག་ནས་ཐོན་པའི་རིག་དངོས་སོགས་ཡིན། གཉིས་ནི་མོ་ཀའོ་བྲག་ཕུག་གིས་མཚོན་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནུབ་མ་དང་ཡུས་ལིན་བྲག་ཕུག་སོགས་བྲག་ཕུག་སྣ་ཚོགས་ཡིན། གསུམ་ནི་མོ་ཀའོ་གསུང་རབ་བྲག་ཕུག་ནས་ཐོན་པའི་རིག་དངོས་ཁྲི་ཕྲག་ཁ་ཤས་ཡོད་པ་དེ་ཡིན། ད་ལྟའི་བར་མོ་ཀའོ་བྲག་ཕུག་ཏུ་རིང་ཚད་ལ་སྨི་1700ལྷག་ཙམ་ཡོད་པའི་བྲག་ངོས་སུ་སྤྱི་ལོ་དུས་རབས་4པ་ནས་14པའི་བར་བརྐོས་པའི་བྲག་ཕུག་700ལྷག་ཉར་ཚགས་བྱས་ཡོད་པ་དང་། ལྡེབས་རིས་སྨི་གྲུ་བཞི་མ་45000ལྷག་དང་ཚོན་སྐུ་2000ལྷག་ཉར་ཚགས་བྱས་ཡོད། ཏུན་ཧོང་མོ་ཀའོ་བྲག་ཕུག་གིས་སྤྱི་ལོའི་དུས་རབས་4པ་ནས་14པའི་བར་གྱི་ཀྲུང་གོའི་ནང་བསྟན་སྒྱུ་རྩལ་གྱི་གྲུབ་འབྲས་མཐོ་ཤོས་མཚོན་ཞིང་། དེར་རང་སའི་མི་རིགས་མང་པོའི་ཁྱད་ཆོས་འདུས་ཡོད་པར་མ་ཟད། ཕྱི་ལོགས་ཀྱི་མི་རིགས་ཁྱད་ཆོས་ཀྱང་བསྡུ་ལེན་བྱས་ཏེ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁ་གསལ་ཞིང་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་མཐོ་བའི་ཏུན་ཧོང་ནང་བསྟན་སྒྱུ་རྩལ་གྱི་མ་ལག་ཅིག་གྲུབ་ཡོད་ལ། བརྗིད་ཉམས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཤིག་དང་ཀྲུང་གོའི་ཉམས་འགྱུར་ཞིག་མངོན་ཡོད། དེ་ནི་རང་རྒྱལ་གྱིས་འཛམ་གླིང་ནང་བསྟན་སྒྱུ་རྩལ་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་དང་འཛམ་གླིང་གི་མཛེས་རྩལ་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་ཟིན་ཡོད་པ་རེད།
ཏུན་ཧོང་ལྡེབས་རིས་ལས་ཕུན་སུམ་ཚོགས་ལ་ཞིབ་ཚགས་ལྡན་པའི་ནང་དོན་དང་རྙོག་འཛིང་ཆེ་བའི་རྣམ་པ་མངོན་ཡོད། དེ་ཉིད་བརྗོད་བྱའི་ནང་དོན་ལྟར་ཏུན་ཧོང་གི་ལྡེབས་རིས་ནི་སྐུ་བརྙན་དང་། ནང་བསྟན་གྱི་གཏམ་རྒྱུད་རི་མོ། ཆོས་འགྱུར་རི་མོ། ཀྲུང་གོའི་སྲོལ་རྒྱུན་ལྷ་རིས། ནང་བསྟན་གྱི་ལོ་རྒྱུས་རྗེས་ཤུལ་རི་མོ། ཡོན་བདག་གི་རི་མོ། མཛེས་རྒྱན་རི་མོ་སོགས་རིགས་7ལ་དབྱེ་ཡོད། སྒྱུ་རྩལ་གྱི་ཐད་ནས་མི་སྣའི་རི་མོ་དང་། རི་ཀླུང་རི་མོ། བཟོ་བཀོད་རི་མོ། མཛེས་རྒྱན་རི་མོ་སོགས་ཡོད། སྤྱི་ལོའི་དུས་རབས་4པ་ནས་14པའི་བར་གྱི་ཀྲུང་གོའི་རི་མོའི་རྗེས་ཤུལ་ཟོལ་མེད་མ་ལག་ལྡན་པའི་སྒོ་ནས་ཉར་ཚགས་བྱས་ཡོད། རྒྱལ་ཁབ་བཅུ་དྲུག་དང་རྒྱལ་རབས་བྱང་མའི་དུས་འགོར། ཏུན་ཧོང་ལྡེབས་རིས་ལ་ནུབ་རྒྱུད་ནང་བསྟན་སྒྱུ་རྩལ་ཁྱད་ཆོས་ཀྱི་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཤིང་། རྒྱལ་རབས་བྱང་མའི་དུས་མཇུག་ཏུ་སླེབས་སྐབས་ཀྲུང་ཡོན་གྱི་ཁྱད་ཆོས་མངོན་གསལ་བྱུང་བ་དང་། ཐང་རྒྱལ་རབས་སྐབས་སུ་ཀྲུང་ཡོན་དང་ནུབ་རྒྱུད་ཀྱི་རི་མོའི་དགེ་མཚན་འདྲེས་ནས་མི་སྣའི་རི་མོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དཔེར་ན་མོ་ཀའོ་བྲག་ཕུག་ལས་དར་རྒྱས་ཆེ་བའི་ཐང་གི་བྲག་ཕུག་ཨང་103པའི་《ཝེ་མོ་ཅེ་ཆོས་འགྱུར་》ཞེས་པའི་ནང་རི་མོ་མཁས་ཅན་གྱིས་དྲང་ཞིང་གསལ་ལ་འགྱུར་ལྡོག་གིས་ཕྱུག་པའི་ཐིག་རིས་བྲིས་ནས་ཝེ་མོ་ཅེ་ཆོས་པའི་གྱོན་གོས་ལྷུག་པོ་དང་རྩོད་ལ་མཁས་པའི་བསམ་བློའི་ཉམས་འགྱུར་མཚོན་པ་དེ་ནི་ཐང་རྒྱལ་རབས་ཀྱི་“རི་མོའི་མཁས་མཆོག་”ཝུའུ་ཏོ་ཙིའི་ཕྱོགས་ཁག་གི་“ཝུའུ་ཡི་དར་དཔྱངས་ལྷགས་ཁྱེར་”གྱི་ཁྱད་ཆོས་ཤིག་ཡིན། ཏུན་ཧོང་གི་ལྡེབས་རིས་ནང་ད་དུང་གནའ་རབས་ཀྱི་སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་ཀྱི་གནས་ཚུལ་མང་པོ་མཚོན་ཡོད་པ་སྟེ། ཞིང་ལས་ཐད་དཔེར་ན་ཡུས་ལིན་བྲག་ཕུག་ཨང་25པའི་ནང་ཞིང་ལས་རྨོ་འདེབས་དང་ལོ་ཏོག་བརྔ་བསྡུ་འབྲུ་འཕྱར་སོགས་ཀྱི་ལྡེབས་རིས་ཡོད། ལག་ཤེས་བཟོ་ལས་དང་ཚོང་ལས་ཐད་དཔེར་ན་ཡུས་ལིན་བྲག་ཕུག་ཨང་3པའི་ནང་ལྕགས་རྡུང་བ་དང་ཆང་བསྙལ་བའི་ལྡེབས་རིས་ཡོད། ཡུལ་སྲོལ་གོམས་གཤིས་ཐད་དཔེར་ན་མོ་ཀའོ་བྲག་ཕུག་ཨང་156པའི་ནང་ཨ་མས་ཕྲུ་གུ་དམར་འབྱར་གྱི་འཁོར་ལོ་བཞི་ལྡན་འདེད་པའི་རི་མོ་ཡོད་པ་ལྟ་བུ་སོགས་ཡིན། དེ་ལ་གྱང་ངོས་རྟེན་རྫས་བཤམས་སྟོན་ཁང་དང་ཤེས་བྱ་ཀུན་བཏུས་རྣམ་པའི་ལྡེབས་རིས་ཞེས་བརྗོད་ཀྱི་ཡོད།
ཏུན་ཧོང་ཚོན་སྐུ་ནི་ཏུན་ཧོང་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏུན་ཧོང་གི་ཚོན་སྐུའི་ནང་དུ་སངས་རྒྱས་ཀྱི་སྐུ་བརྙན་ཡོད་ལ། བྱང་ཆུབ་སེམས་དཔའ་དང་དགེ་སློང་གི་སྐུ་བརྙན་ཡོད་པ་དང་། ད་དུང་རྒྱལ་ཆེན་དང་གྱད་མི་སོགས་ཀྱི་སྐུ་བརྙན་ཡང་ཡོད། དུས་སྐབས་སོ་སོའི་ཉམས་འགྱུར་མི་འདྲ་བའི་ཚོན་ཁྲ་ཅན་གྱི་འཇིམ་བརྐོས་ལས་གནའ་བོའི་རྒྱ་གར་དང་ཨེ་ཤ་ཡ་དབུས་མ་དང་། ཐ་ན་གནའ་བོའི་ཀེ་རི་སེའི་འཇིམ་བརྐོས་ཀྱི་ཁྱད་ཆོས་ཀྱང་མཐོང་ཐུབ་ལ། ཀྲུང་ཡོན་གྱི་ཁྱད་ཆོས་ཀྱང་མཐོང་ཐུབ་པས། ཀྲུང་གོའི་འཇིམ་བརྐོས་ཀྱིས་ཕྱི་ནས་ཡོང་བའི་རིག་གནས་བསྡུ་ལེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གསར་གཏོད་བྱས་པའི་བརྒྱུད་རིམ་མཚོན་ཡོད། དཔེར་ན། ཏུན་ཧོང་བྲག་ཕུག་གི་སྔ་དུས་ཀྱི་སྐུ་བརྙན་གྱི་བརྗོད་བྱ་དང་། བཞུགས་སྟངས། སྣང་བརྙན། གྱོན་ཆས་ཀྱི་རི་མོ་སོགས་ཀྱིས་སྔར་བཞིན་ནུབ་རྒྱུད་ཀྱི་རྣམ་པ་སོར་འཇོག་བྱས་ཡོད་མོད། འོན་ཀྱང་མི་སྣའི་བཞིན་རས་དང་། གཟུགས་པོ། གྱོན་ཆས་བཅས་ཀྱིས་རིམ་བཞིན་ཝེ་ཅིན་དུས་ཀྱི་མཛེས་ཉམས་དང་བརྗིད་ཉམས་མངོན་ཡོད། མོ་ཀའོ་བྲག་ཕུག་ཨང་259པའི་ཝེ་བྱང་མའི་སྒོམ་སྒྲུབ་སྐུ་བརྙན་གྱི་བཞིན་རས་ཞི་འཇགས་སུ་མངོན་པ་དང་། མིག་མདངས་བྱམས་བརྩེ་ཡིས་ཕྱུག་ལ། མཆུ་ཞལ་དུ་འཛུམ་མདངས་རྣམ་དག་ཅིག་མངོན་ཡོད། དེར་ཀན་ཐོ་ལོ་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་པར་མ་ཟད། ཀྲུང་གོའི་སྲོལ་རྒྱུན་གྱི་མཛེས་དཔྱོད་འདུ་ཤེས་ཀྱང་འདུས་ཡོད། དེ་ནི་ཏུན་ཧོང་སྔ་དུས་ཀྱི་ཚོན་སྐུའི་བརྩམས་ཆོས་སྤུས་ལེགས་ཤིག་ཡིན། ཏུན་ཧོང་ཚོན་སྐུའི་ནང་སྤུས་ལེགས་མང་པོ་ཡོད་པ་དང་། ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་ཀྱང་སྔར་བཞིན་མཛེས་སྡུག་ལྡན་པ་ཞིག་ལགས། གནའ་བོའི་དར་གོས་ཚོང་ལམ་ཐོག་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་སྤེལ་རེས་དང་མཉམ་འདྲེས་བྱུང་བ་དང་། དེས་རང་རྒྱལ་གྱི་གནའ་བོའི་བརྐོས་རིས་མཁས་ཅན་གྱི་ཁྱད་དུ་འཕགས་པའི་ལག་རྩལ་དང་གསར་གཏོད་ནུས་པ་མཚོན་ཡོད་ལ། དེ་ནི་ཏག་ཏག་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་གི་ལོ་རྒྱུས་ལྡན་པའི་ཤེས་དཔལ་ཉིད་ཉམས་པ་མེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན།
ཏུན་ཧོང་གསུང་རབ་བྲག་ཕུག་ནི་རང་རྒྱལ་གྱི་གནའ་རབས་རིག་གནས་གསུང་རབ་ཀྱི་གཏེར་མཛོད་ཅིག་ཡིན། 1900ལོར་མོ་ཀའོ་བྲག་ཕུག་ནས་ནང་བསྟན་གསུང་རབ་རྙེད་དེ། ཡིག་རིགས་སྣ་ཚོགས་པའི་གནའ་བོའི་ལག་བྲིས་དཔེ་ཆ་ཁྲི་ཕྲག་ཁ་ཤས་དང་དེ་བཞིན་དར་གོས་རི་མོ་འཚེམ་དྲུབ་སོགས་རིག་དངོས་སྣ་ཚོགས་རྙེད་ཡོད། གཅིག་ནི་ནང་བསྟན་གྱི་གསུང་རབ་ཡིན། དེའི་ནང་ཏུན་ཧོང་ཡིག་ཆའི་90%ནི་ནང་བསྟན་གྱི་གསུང་རབ་ཡིན། དཔེར་ན་བསམ་གཏན་པའི་མེས་པོ་དྲུག་པ་ཧུའེ་ནེང་གིས་གསུངས་པའི་《མེས་དྲུག་མཆོད་པའི་མདོ་》ལྟ་བུ་ཡིན། གཉིས་ནི་རུའུ་ལུགས་ཀྱི་གསུང་རབ་སྟེ། དཔེར་ན་《སྤོར་ཐང་》དང་། 《ཁུང་ཙིའི་གསུང་སྒྲོས་》སོགས་ལྟ་བུ་ཡིན། གསུམ་ནི་ལོ་རྒྱུས་ས་ཁམས་ཀྱི་ཡིག་ཆ་སྟེ། དཔེར་ན་《ཧྲ་ཀྲོའུ་དམག་སྤྱི་གཞུང་ཤག་གི་རི་མོའི་བསྟན་བཅོས་》ཀྱི་ནང་དུ་ཏུན་ཧོང་རྫོང་གི་གཙང་པོ་དང་། ཡུར་ཆུ། འགྲོ་ལམ། སློབ་གྲྭ། ལྷ་ཁང་། གནའ་ཤུལ་གྲགས་ཅན་སོགས་བཀོད་ཡོད། དེ་ནི་ཐང་རྒྱལ་རབས་ཀྱི་ཏུན་ཧོང་ས་ཁམས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། བཞི་ནི་ཚན་རྩལ་སྐོར་གྱི་ཚད་ལྡན་ཡིག་ཆ་སྟེ། དཔེར་ན་གནམ་རིག་ལ་ཐང་རྒྱལ་རབས་ཀྱི་《ཉིན་གང་སྐར་རིས་》ཡོད་པ་དང་། གསོ་རིག་ལ་ཐང་རྒྱལ་རབས་ཀྱི་ཁབ་བཙའི་གསོ་བཅོས་ཀྱི་ཆེད་རྩོམ་《ཁབ་བཙའི་རི་མོ་》ཡོད་ལ། ད་དུང་ཐང་རྒྱལ་རབས་ཀྱི་བརྐོས་རིས་ཀྱང་ཡོད། ལྔ་ནི་རྩོམ་རིག་གི་བསྟན་བཅོས་ཏེ། དེའི་ནང་སྲོལ་རྒྱུན་གྱི་རྩོམ་རིག་བརྩམས་ཆོས་ཡོད་པར་མ་ཟད། ད་དུང་གོ་བདེའི་རྩོམ་རིག་གི་དཔེ་ཆའང་མང་པོ་ཡོད། དྲུག་ནི་དཔོན་གཞུང་གི་ཡིག་ཆ་སྟེ། དཔེར་ན་《ཀྲང་ཅུན་དབྱི་གཟེངས་སུ་བསྟོད་པ་》ཞེས་པ་ནི་ཐང་རྒྱལ་རབས་ཀྱི་སྲིད་གཞུང་གིས་ཀྲང་ཅུན་དབྱི་སོགས་བྱས་རྗེས་ཅན་གྱི་འཐབ་འཛིང་པ་263ལ་གནང་བའི་བསྐོ་གཞག་ཡི་གེ་ཡིན། བདུན་ནི་རྒྱ་ཡིག་མ་ཡིན་པའི་ཚད་ལྡན་ཡིག་ཆ་སྟེ། དཔེར་ན་སུའུ་ཐེའི་ཡི་གེ་《དགེ་སྡིག་རྒྱུ་འབྲས་ཀྱི་བསྟན་བཅོས་》དང་། ཡུ་གུར་ཡི་གེའི་གསོལ་སྨོན། བོད་ཡིག་གི་《བཙན་པོའི་གདུང་རབས་ལོ་རྒྱུས་》བཅས་དང་། ད་དུང་ཡུས་ཐེན་དང་གྲུ་གུའི་ཡི་གེས་བྲིས་པའི་ཚད་ལྡན་ཡིག་ཆ་སོགས་ཡོད། བརྒྱད་ནི་དར་གོས་དང་། ཤོག་བུ། སོ་རས་བཅས་ཀྱི་རི་མོ་དང་། འཚེམ་དྲུབ་སོགས་སྒྱུ་རྩལ་ཐོན་རྫས་ཏེ། དཔེར་ན་དར་གོས་རི་མོའི་བྱང་ཆུབ་ལམ་ཁྲིད་དང་། འཚེམ་དྲུབ་ཀྱི་ལིའང་ཀྲོའུ་བརྙན་བཟང་སོགས་ལྟ་བུ་ཡིན། གསུང་རབ་བྲག་ཕུག་ལས་ཡིག་ཆ་མི་ཉུང་བ་ཞིག་ནི་དཔེ་རྒྱུན་ཤིན་ཏུན་དཀོན་པོ་ཡིན། དེ་དག་ནི་གནའ་རབས་སྤྱི་ཚོགས་ཀྱི་གདོད་མའི་ཟིན་བྲིས་འབའ་ཞིག་ཡིན་པས་གནའ་རབས་སྤྱི་ཚོགས་ཀྱི་ཕྱོགས་མང་པོ་གསལ་པོར་མཚོན་ཡོད།
ཏུན་ཧོང་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་རྒྱུ་མཚན་ནི་དེ་ལ་ཡིད་དབང་འཕྲོག་པའི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པས་རེད། ལོ་ངོ་སྟོང་ཕྲག་ལ་ཕྱིར་མིག་བལྟས་ཚེ། རྒྱ་རིགས་དང་། ཆའང་རིགས། ཞུང་ནུའུ། ཞན་པེ། འ་ཞ། བོད། ཧུའེ་ཧོ། ཏང་ཞང་། སོག་པོ་སོགས་མི་རིགས་རྣམས་དེ་གར་འདྲེས་སྡོད་བྱས་ནས་འོད་སྟོང་འཕྲོ་ཞིང་རང་སོ་སོའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་གསར་གཏོད་བྱས་པ་དང་། མི་རིགས་རིག་གནས་དེ་དག་མཐར་ཀྲུང་ཧྭའི་རིག་གནས་ཀྱི་རྒྱ་མཚོར་འདྲེས་པས་ཏུན་ཧོང་རིག་གནས་ཀྱང་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་ཏུ་གྱུར་པ་དང་གསར་གཏོད་གསར་སྤེལ་བྱས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། ཏུན་ཧོང་རིག་གནས་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་ཤེས་དཔལ་རྨང་གཞིར་བྱས་པ་དང་། དར་གོས་ཚོང་ལམ་འབྲེལ་ཐག་ཏུ་བྱས་ཏེ་སྒོ་འབྱེད་ཀྱི་རྣམ་འགྱུར་ཐོག་ནས་རིག་གནས་སྣ་ཚོགས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དོན་ལྡན་ཡོད། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་བརྗེ་རེས་བྱེད་སའི་ས་ཚིགས་ཤིག་ཡིན་པའི་ཆ་ནས་ཤེས་དཔལ་སྣ་ཚོགས་གནས་འདིར་མཉམ་དུ་འདུས་ཏེ། ཏུན་ཧོང་བྲག་ཕུག་ལ་གནའ་བོའི་རྒྱ་གར་དང་། ཨེ་ཤ་ཡ་དབུས་མ། སྟག་གཟིག། ཀེ་རི་སེ་བཅས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་རྣམ་པར་བཀྲ་ཞིང་། གསུང་རབ་བྲག་ཕུག་གི་ཚད་ལྡན་ཡིག་ཆའི་ནང་དུ་བོན་གྱི་ཆོས་ལུགས་དང་། མོ་ཉི་ཆོས་ལུགས། ཅིན་གྱི་ཆོས་ལུགས་བཅས་དད་མོས་སྣ་མང་ལྡན་པ་དེའི་ཐོག་ནས་ཀྲུང་ཧྭའི་རིག་གནས་ཀྱིས་འཛམ་གླིང་ཤེས་དཔལ་མཉམ་གསོག་དང་། སྒོ་འབྱེད། ཁོང་ཡངས་བཅས་ཀྱི་བློ་རྒྱ་ཆེན་པོ་མཚོན་ཐུབ་ཀྱི་ཡོད། སྐུ་ཞབས་ཅི་ཞན་ལིན་གྱིས་“འོད་སྟོང་འབར་བའི་ཏུན་ཧོང་རིག་གནས་ནི་འཛམ་གླིང་མི་རིགས་ཁག་གི་རིག་གནས་ཀྱི་སྙིང་བཅུད་མཉམ་འདྲེས་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་ཆད་མེད་པར་མཉམ་འདྲེས་བྱུང་པའི་དཔེ་མཚོན་ཞིག་ཀྱང་ཡིན་”ཞེས་གསུངས་མྱོང་ཡོད།
ཏུན་ཧོང་སྲུང་སྐྱོབ་བྱེད་པ།
རིག་དངོས་ཀྱིས་འོད་སྟོང་འཕྲོ་བའི་ཤེས་དཔལ་མཚོན་པར་མ་ཟད། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་སྲུང་འཛིན་བྱེད་ཀྱི་ཡོད་པས་དེ་ནི་མེས་པོ་ཚོས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག་ཅིག་ཡིན། ཏུན་ཧོང་རིག་གནས་ལ་བཟོ་བཀོད་སྒྱུ་རྩལ་དང་། ཚོན་སྐུའི་སྒྱུ་རྩལ། ལྡེབས་རིས་སྒྱུ་རྩལ། ནང་བསྟན་རིག་གནས་བཅས་གཞི་གཅིག་ཏུ་འདུས་ཤིང་། ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ལྡན་པ་དང་རིག་གནས་ཀྱི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཡོད། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ཏུན་ཧོང་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“མོ་ཀའོ་བྲག་ཕུག་སྲུང་སྐྱོབ་ཡག་པོ་དང་ཏུན་ཧོང་རིག་གནས་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ཤེས་དཔལ་ཡར་ཐོན་ཡོང་བར་འཁུར་དགོས་ངེས་ཀྱི་འགན་འཁྲི་ཡིན་”ཞེས་ནན་གསུངས་གནང་བ་རེད།
1944ལོའི་ཟླ་དང་པོའི་ཚེས་1ཉིན། རྒྱལ་བཙུགས་ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ཁང་དངོས་སུ་ཚུགས་པ་དང་། ཏུན་ཧོང་བྲག་ཕུག་ལ་ཉེ་བའི་ལོ་ངོ་400རིང་དོ་དམ་བྱེད་མཁན་མེད་པ་དང་། གང་བྱུང་དུ་གཏོར་བརླག་བཏང་བ། གཏོར་བཤིག་དང་རྐུ་འཕྲོག་ཐེངས་མང་ཐེབས་པ་བཅས་ཀྱི་ལོ་རྒྱུས་མཇུག་རྫོགས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ཁང་གི་མིང་དེ་ཏུན་ཧོང་རིག་དངོས་ཞིབ་འཇུག་ཁང་དུ་བསྒྱུར་ཞིང་། ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་གནང་སྟེ། དེར་“སྲུང་སྐྱོབ་དང་། ཞིབ་འཇུག། དར་སྤེལ་”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱས། དུས་རབས་20པའི་ལོ་རབས་60པའི་དུས་འགོར། རྒྱལ་ཁབ་ཀྱི་ནོར་སྲིད་ལ་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་མ་དངུལ་འབོར་ཆེན་བཏང་ནས་གཞི་ཁྱོན་ཆེ་བའི་བརྟན་བཟོ་ཞིག་གསོ་ལས་གྲྭ་བརྒྱུད་དེ་སྟོངས་ཉེར་ཡོད་པའི་མོ་ཀའོ་བྲག་ཕུག་ལ་གང་ལ་གང་འཚམ་གྱི་སྲུང་སྐྱོབ་བྱས་པར་མ་ཟད། མོ་ཀའོ་བྲག་ཕུག་གི་ལྡེབས་རིས་སྲུང་སྐྱོབ་བྱེད་པར་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་སྔོན་ཐོན་གྱི་ཉམས་གསོའི་ལག་རྩལ་ནང་འདྲེན་བྱས་ནས་མོ་ཀའོ་བྲག་ཕུག་གི་ལྡེབས་རིས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱས། སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཏུན་ཧོང་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་སྤྱིའི་མཉམ་ལས་དང་། ཚན་རིག་དང་མཐུན་པའི་སྲུང་སྐྱོབ། དར་སྤེལ་ཁྱབ་སྤེལ་བཅས་ཀྱི་དུས་མཚམས་གསར་རྐྱང་དུ་སླེབས་ཡོད། དུས་རབས་20པའི་ལོ་རབས་80པར། ཏུན་ཧོང་རིག་དངོས་ཞིབ་འཇུག་ཁང་དེ་ཏུན་ཧོང་ཞིབ་འཇུག་ཁང་དུ་རྒྱས་སྐྲུན་བྱས་ཏེ། སྒྲིག་ཁོངས་རྒྱ་སྐྱེད་པ་དང་། སྡེ་ཁག་མང་དུ་གཏོང་བ། ཤེས་ལྡན་མི་སྣ་བསྡུ་རུབ་བཅས་བྱས། 2003ལོར་《ཀན་སུའུ་ཏུན་ཧོང་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་སྲོལ་ཡིག་》ཅེས་པའི་ཆེད་སྤྱོད་ཁྲིམས་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་ཤིང་། མོ་ཀའོ་བྲག་ཕུག་གི་སྲུང་སྐྱོབ་དང་། བེད་སྤྱོད། དོ་དམ་བཅས་ལ་བཅའ་ཁྲིམས་ཀྱི་འདེགས་སྐྱོར་དང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། 2011ལོར་《ཏུན་ཧོང་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་བྱེད་པའི་སྤྱིའི་འཆར་འགོད་(2006ལོ་-2025ལོ་)》ཅེས་པ་དངོས་སུ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། “སྤྱི་ཡོངས་སྲུང་སྐྱོབ་”ཀྱི་དམིགས་འབེན་བཏོན་པ་དང་ཤུལ་བཞག་ས་ཁུལ་གྱི་ཤུལ་བཞག་སྲུང་སྐྱོབ་དང་། སྐྱེ་ཁམས་སྲུང་སྐྱོབ། ཡུལ་སྐོར་འཕེལ་རྒྱས་བཅས་གཅིག་འདོམས་འཆར་འགོད་བྱས་ནས་མོ་ཀའོ་བྲག་ཕུག་སྲུང་སྐྱོབ་དང་། བེད་སྤྱོད། དོ་དམ་བཅས་བྱེད་པར་ཆེད་ལས་རང་བཞིན་དང་། དབང་གྲགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག། ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཏུན་ཧོང་བྲག་ཕུག་གིས་མཚོན་པའི་“ཀྲུང་གོའི་ཁྱད་ཆོས་•ཏུན་ཧོང་ཉམས་མྱོང་”ཞེས་པའི་རིག་དངོས་སྲུང་སྐྱོབ་བྱེད་སྟངས་གཞི་རྩའི་ཆ་ནས་ཆགས་པར་མ་ཟད། རིམ་བཞིན་འཛམ་གླིང་དུ་བསྐྱོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏུན་ཧོང་དུ་སྐུ་དངོས་སུ་ཡུལ་དངོས་རྟོག་ཞིབ་ཕེབས་ཤིང་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཏུན་ཧོང་རིག་གནས་ཞིབ་འཇུག་ཐད་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དཔེ་མཚོན་འཛུགས་སྐྲུན་བྱས་པ་ནས་ཏུན་ཧོང་རིག་པའི་ཞིབ་འཇུག་གི་བཙན་ས་གཏོད་པའི་བར་དང་། མོ་ཀའོ་ཡི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ནས་ཏུན་ཧོང་རིག་གནས་དར་རྒྱས་གོང་འཕེལ་བཏང་བའི་བར།……ཐུགས་བརྩེ་ཟབ་མོ་བཅངས་པ་དང་མངགས་བཅོལ་ནན་ཏན་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྱི་བརྩེ་སེམས་ཟབ་མོ་དང་བསམ་གཞིགས་ནན་མོ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་མང་པོའི་རྒྱབ་སྐྱོར་འོག་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་ཏུན་ཧོང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་རྒྱལ་ནང་གི་རིག་དངོས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཟུང་སྦྱོར་ཚོད་ལྟ་ཁང་ཐོག་མ་དེ་བསྐྲུན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་པ་དང་གཅིག། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་མ་ལག་རགས་ཙམ་བཙུགས་ནས་མོ་ཀའོ་བྲག་ཕུག་དང་དེའི་ལྡེབས་རིས། ཚོན་སྐུ་བཅས་ཡུན་རིང་ཉར་ཚགས་ཧུར་ཐག་བྱས་པ་དང་གཉིས། གྲངས་གཞིའི་ལག་རྩལ་སྤྱད་དེ་ཏུན་ཧོང་བྲག་ཕུག་གི་རིག་དངོས་ལ་གྲངས་གཞིའི་ཡིག་ཚགས་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་འབྲེལ་གྲངས་གཞིའི་ལག་རྩལ་གྱི་བྱ་ཐབས་གསར་པ་སྣ་ཚོགས་སྤྱད་དེ་ཏུན་ཧོང་སྒྱུ་རྩལ་ལ་གསལ་འགྲེལ་དང་། ཞིབ་འཇུག། ཉར་ཚགས། སྲུང་སྐྱོབ། དར་སྤེལ་བཅས་བྱེད་ཀྱི་ཡོད་པ་དང་གསུམ་བཅས་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མོ་ཀའོ་བྲག་ཕུག་རང་གཟུགས་སྲུང་སྐྱོབ་བྱེད་པ་དང་། བྲག་ངོས་སྲ་བརྟན་དུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་རིག་དངོས་སྲུང་སྐྱོབ་རྣམ་གྲངས་51ལག་བསྟར་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་ཡོད་པ་རེད། ད་ལྟའི་བར་ཏུན་ཧོང་ཞིབ་འཇུག་ཁང་གིས་རིམ་རྩིས་བྱས་ན་བྲག་ཕུག་86ལ་སྤྱིའི་ཆ་ནས་སྲུང་སྐྱོབ་ཉམས་གསོ་བྱས་ཏེ། གནའ་བོའི་ལྡེབས་རིས་སྲུང་སྐྱོབ་དང་། བྱེ་རིལ་བྲག་གཟུགས་བརྟན་དུ་གཏོང་བ། བྱེ་རླུང་གནོད་འཚེ་ཕྱོགས་བསྡུས་འགོག་སྲུང་བྱེད་པ། བྲག་ཕུག་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་སོགས་འགག་རྩའི་ལག་རྩལ་མ་ལག་ཆ་ཚང་ཞིག་ཆགས་ནས་རིག་དངོས་སྲུང་སྐྱོབ་དང་རིག་གནས་ཤུལ་བཞག་བྱ་གཞག་འཕེལ་རྒྱས་གཏིང་ཟབ་གཏོང་བར་རྨང་གཞི་བཏིང་ཡོད་པ་རེད།
ལོ་ངོ་80ཡི་རིང་ལ། ཐོག་མར་ལག་ཟུང་གིས་བྱེ་མ་གཙང་སེལ་དང་། ཆུ་དྲངས་ནས་བྱེ་མ་འདེད་པ། “ས་ཕག་བྱེ་འགོག་གྱང་”བཟོ་བ་བཅས་ནས་བྲག་རི་བརྟན་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དེ་ནས་ཀྱང་ཟུང་སྦྱོར་ཚོད་ལྟའི་སྲུང་སྐྱོབ་ཞིབ་འཇུག་ཐེངས་མང་བྱས་པ་དང་གཅིག། ཐོག་མའི་དུས་ཀྱི་རང་བྱུང་སྒོ་འབྱེད་བྱེད་པ་ནས་ཁ་ཆད་ལྟ་སྐོར་བྱེད་པ་དང་གཉིས། ཐོག་མའི་ལྟ་སྲུང་སྲུང་སྐྱོབ་ནས་ད་ལྟའི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་དང་གསུམ། གྲངས་འཛིན་འགྲེམས་སྟོན་ལྟེ་གནས་ལས་གཉེར་བྱེད་འགོ་ཚུགས་པ་ནས་“གྲངས་འཛིན་ཏུན་ཧོང་”ཐོན་ཁུངས་གྲངས་མཛོད་སྒོ་འབྱེད་བྱེད་པ་དང་དེ་ནས་གོ་ལ་ཧྲིལ་པོའི་ཡུལ་དུས་ལས་བརྒལ་བའི་ཐེ་ཞུགས་རྣམ་པའི་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་“གྲངས་འཛིན་གསུང་རབ་བྲག་ཕུག་”དྲ་ཐོག་ཏུ་ཞུགས་པའི་བར།……དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཏུན་ཧོང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱེད་ཕྱོགས་དང་། ལག་རྩལ། ཐབས་ཤེས། མ་ལག་བཅས་རྒྱུན་ཆད་མེད་པར་རིམ་སྤོར་འཐུས་ཚང་དུ་ཕྱིན་ནས་ཏུན་ཧོང་བྲག་ཕུག་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད།
ལོ་ངོ་80ཡི་རིང་ལ། ཏུན་ཧོང་རིག་དངོས་ཡུན་རིང་ཉར་ཚགས་དང་ཏུན་ཧོང་རིག་གནས་མུ་མཐུད་རྒྱུན་འཛིན་བྱེད་ཆེད། ཁྲང་ཧྲུའུ་ཧུང་དང་། ཏོན་ཝུན་ཅེ། ཧྥན་ཅིན་ཧྲི་བཅས་ཀྱིས་མཚོན་པའི་མོ་ཀའོ་བྲག་ཕུག་གི་མི་རབས་ཁ་ཤས་ཀྱིས་དཀའ་ཚེགས་ཆེན་པོས་འགོ་བཙུགས་པ་དང་། ཀྱག་ཀྱོག་འཚོལ་ཞིབ་བྱས་པ་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། བྱེ་ཐང་དུ་འཚོ་སྡོད་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཏུན་ཧོང་གི་ངོ་མཚར་གཏམ་རྒྱུད་བརྩམས་ཤིང་། ལོ་ངོ་སྟོང་རིང་ཉམས་དམས་སུ་བྱུང་བའི་མོ་ཀའོ་བྲག་ཕུག་དར་རྒྱས་སུ་བཏང་། མོ་ཀའོ་བྲག་ཕུག་གི་མི་རབས་ཁ་ཤས་ཀྱིས་ལང་ཚོ་དང་རྔུལ་ཆུ་ལ་བརྟེན་ནས་བྱེ་ཐང་ཆེན་མོ་བརྟན་སྲུང་དང་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་“བྱེ་ཐང་ཆེན་མོ་བརྟན་སྲུང་དང་། ལེགས་སྐྱེས་འབུལ་འདོད་པ། འགན་འཁྲི་འཁུར་ཕོད་པ། གསར་གཏོད་བརྩོན་ལེན་བྱེད་པ་”བཅས་ཀྱི་མོ་ཀའོ་སྙིང་སྟོབས་གྲུབ་པ་རེད། ཏུན་ཧོང་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ཧྥན་ཅིན་ཧྲིས་“སྐུ་ཞབས་ཁྲང་ཧྲུའུ་ཧུང་ནས་འགོ་བཙུགས་ཏེ་མོ་ཀའོ་བྲག་ཕུག་གི་མི་རྣམས་ཀྱིས་མིའི་རིགས་ཀྱི་རིག་གནས་གཅེས་ནོར་འདི་སྲུང་སྐྱོབ་ཡག་པོ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་”ཅེས་དང་། “མོ་ཀའོ་བྲག་ཕུག་དེ་མི་རབས་རྗེས་མར་བདེ་བླག་ངང་སྤྲད་ནས་མེས་པོ་དང་མི་རབས་རྗེས་མར་ངོ་གནོངས་མི་དགོས་པ་བྱ་རྒྱུ་དེ་ནི་འཁུར་ལེན་དང་འགན་འཁྲི་ཡིན་”ཞེས་གསུངས་པ་རེད།
ཏུན་ཧོང་དར་སྤེལ་གཏོང་བ།
ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ལོ་རྒྱུས་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུད་འདུས་ཡོད་པ་དང་། དེ་ཉིད་ང་ཚོའི་མི་རབས་འདིར་དབང་བར་མ་ཟད། བུ་རབས་ཁྲི་ཕྲག་ལའང་དབང་བ་ཡིན་”ཞེས་བསྟན་གནང་བ་རེད། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་ང་ཚོས་སྔར་བས་འབད་བརྩོན་ཆེན་པོས་ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ནས་དེའི་རིན་ཐང་དང་ནང་དོན་ལ་ཞིབ་འཇུག་དང་། སྔོག་འདོན། འགྲེལ་བཤད། རྒྱུན་འཛིན། དར་སྤེལ་བཅས་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱ་ཆེད་གསོ་བཅུད་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱས་ཏེ་ཏུན་ཧོང་རིག་གནས་ལ་དུས་རབས་ཀྱི་གཟི་བརྗིད་ལྡན་པར་བྱེད་དགོས།
ཚན་རྩལ་གསར་གཏོད་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་ཏུན་ཧོང་ཞིབ་འཇུག་ཁང་གི་ལས་འགན་ཨང་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ལོ་རྒྱུས་རིག་གནས་ཤུལ་བཞག་ནི་མེས་པོས་ང་ཚོར་བཞག་པ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་མི་རབས་རྗེས་མར་ཆ་ཚང་སྤྲོད་དགོས།” ལོ་མང་རིང་། ཏུན་ཧོང་ཞིབ་འཇུག་ཁང་གིས་རིག་དངོས་སྲུང་སྐྱོབ་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་པ་དང་། རིག་དངོས་ཚན་རྩལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། འགག་རྩའི་སྲོག་ཤིང་ལག་རྩལ་རབ་དང་རིམ་པ་ཐོད་བརྒལ་བྱས་ནས་ལྡེབས་རིས་སྲུང་སྐྱོབ་དང་། ས་ཤུལ་སྲུང་སྐྱོབ། རིག་དངོས་གྲངས་གཞི་ཅན་ཞིབ་འཇུག་སོགས་ཁྱབ་ཁོངས་སུ་“ཏུན་ཧོང་ཉམས་མྱོང་”ཆ་ཚང་ཞིག་ཕྱོགས་བསྡོམས་བྱས་ཡོད། མིག་སྔར། ཏུན་ཧོང་ཞིབ་འཇུག་ཁང་གིས་རང་རྒྱལ་གྱི་བྲག་ཕུག་དང་། ལྡེབས་རིས། ས་ཤུལ་སོགས་རིག་དངོས་ཐོན་ཁུངས་གལ་ཆེན་གྱི་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག། ལག་རྩལ་ཞིབ་སྤེལ་བཅས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོར་ཁ་ཕྱོགས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཤེས་ལྡན་མི་སྣ་རྩེ་གྲ་བསྡུ་འགུག་བྱས་ཤིང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མདུན་གྲལ་ཁྱབ་ཁོངས་ཀྱི་ཚན་རིག་གནད་དོན་གལ་ཆེན་དང་ལག་རྩལ་དཀའ་གནད་ཐག་གཅོད་བྱས་ཏེ་རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་ལ་ཞབས་འདེགས་ཞུ་བཞིན་ཡོད། རིག་དངོས་སྲུང་སྐྱོབ་ཀྱི་ཚན་ཞིབ་རྣམ་གྲངས་གལ་ཆེན་མུ་མཐུད་སྤེལ་བ་དང་། རིག་དངོས་ཚན་རྩལ་སྲུང་སྐྱོབ་ཀྱི་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། ཏུན་ཧོང་བྲག་ཕུག་དང་དེ་བཞིན་ཞིབ་འཇུག་ཁང་ཁོངས་གཏོགས་ཀྱི་བྲག་ཕུག་དྲུག་གི་གྲངས་ཀ་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་ཁུལ་དུམ་སྦྲེལ་ཐག་ལ་བརྟེན་པའི་“གྲངས་འཛིན་ཏུན་ཧོང་•སྒོ་འབྱེད་རྒྱུ་ཆའི་མཛོད་”ཐོག་མ་དང་“གྲངས་འཛིན་གསུང་རབ་བྲག་ཕུག་”རྟེན་རྫས་བཤམས་སྟོན་ཁང་དྲ་ཐོག་ཏུ་ཞུགས་པའི་རྨང་གཞིའི་སྟེང་། ཐོན་ཁུངས་མཛོད་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་གྲངས་ཀ་ཐོན་ཁུངས་གྲུང་འགྱུར་བེད་སྤྱོད་དང་སྣ་མང་ཅན་གྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས།
ཏུན་ཧོང་རིག་གནས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་གདེང་ཚོད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། ཏུན་ཧོང་བྲག་ཕུག་དང་གསུང་རབ་བྲག་ཕུག་ནས་ཐོན་པའི་རིག་དངོས་སོགས་ནང་དོན་གཙོ་བོར་བྱས་པའི་ཏུན་ཧོང་རིག་གནས་ལ་ལོ་རྒྱུས་ཀྱི་ནང་དོན་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད་པས་རང་རྒྱལ་གྱི་གནའ་རབས་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་ལོ་རྒྱུས་དཔྱད་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། “ཏུན་ཧོང་རིག་གནས་ལ་ཞིབ་འཇུག་དང་དེ་ཉིད་དར་སྤེལ་གཏོང་བར་ཏུན་ཧོང་རིག་གནས་དང་ལོ་རྒྱུས་ཤུལ་བཞག་གི་རྒྱབ་ཏུ་གནས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་སྙིང་སྟོབས། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་གཞི་སོགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། དེའི་ནང་དུ་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྙིང་སྟོབས་དང་། རིག་གནས་ཁོག་རྒྱ། རིག་གནས་གདེང་ཚོད་བཅས་ལ་གསལ་འགྲེལ་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་བསམ་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།” ཏུན་ཧོང་གི་རིག་ཚན་སོ་སོའི་ཞིབ་འཇུག་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་ཞིབ་འཇུག་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ཞིང་། ལྷག་པར་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་བརྗེ་རེས་ལོ་རྒྱུས་དང་དར་གོས་ཚོང་ལམ་གྱི་མི་རིགས་རིག་གནས་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལ་སྐུལ་འདེད་བཏང་ནས་ཏུན་ཧོང་བྲག་ཕུག་གི་གནའ་རྫས་རྟོག་ཞིབ་སྙན་ཞུ་རྩོམ་འབྲི་མགྱོགས་སུ་གཏོང་བ་དང་། ཏུན་ཧོང་རིག་པའི་ཞིབ་འཇུག་ལ་དཔྱད་གཞིའི་ཡིག་རིགས་དང་པོ་འདོན་སྤྲོད་བྱེད་དགོས། ཏུན་ཧོང་གི་གནའ་རྫས་རྟོག་དཔྱད་ཞིབ་འཇུག་གི་མ་ལག་ཧུར་ཐག་བཙུགས་ནས་བྲག་ཕུག་དགོན་པའི་གནའ་རྫས་རྟོག་ཞིབ་སྙན་ཞུ་རྩོམ་སྒྲིག་བྱེད་རྒྱུ་ཚད་ལྡན་དུ་གཏོང་བ་དང་ཚད་གཞི་ཆགས་པར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་གཤིས་ལུགས། ཀྲུང་གོའི་ཉམས་འགྱུར་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་དངོས་འབྲེལ་ཆགས་པར་བྱས་ནས་རྒྱལ་ནང་གི་བྲག་ཕུག་དགོན་པའི་གནའ་རྫས་རྟོག་ཞིབ་ལས་དོན་ལ་སྣེ་ཁྲིད་བྱེད་དགོས།
གྲུང་འགྱུར་བེད་སྤྱོད་ལ་ཤུགས་བརྒྱབ་སྟེ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས། རིག་དངོས་ནི་ལོ་རྒྱུས་ཀྱི་དཔང་པོ་དང་རིག་གནས་ཀྱི་གཞི་རྟེན་ཡིན། ལོ་ངོ་སྟོང་ལྷག་གི་དུས་ཡུན་རིང་པོའི་ནང་ཏུན་ཧོང་དུ་སྣ་མང་ཕུན་སུམ་ཚོགས་ཤིང་རྩ་ཆེ་བའི་རིག་གནས་ཤུལ་བཞག་གསོག་འཇོག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདུས་པའི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་དོ་དམ་ཡག་པོ་བྱེད་པའི་དུས་མཚུངས་སུ་ཞིབ་འཇུག་དང་བེད་སྤྱོད་ལ་ཤུགས་བརྒྱབ་སྟེ། ལོ་རྒྱུས་ལ་སྐད་ཆ་བཤད་དུ་འཇུག་པ་དང་རིག་དངོས་ལ་སྐད་ཆ་བཤད་དུ་འཇུག་དགོས་ཞེས་ཐེངས་མང་བསྟན་ཡོད། སྲོལ་རྒྱུན་རིག་གནས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། བཙན་མཁར་ཕོ་བྲང་ནང་དུ་ཉར་བའི་རིག་དངོས་དང་། ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་ནོར། གཙུག་ལག་དཔེ་ཆའི་ནང་གི་ཡི་གེ་བཅས་གསར་སྐྱེས་ཡོང་དུ་འཇུག་དགོས། ཉེ་བའི་ལོ་ཤས་རིང་ཏུན་ཧོང་ཞིབ་འཇུག་ཁང་གིས་ཏུན་ཧོང་སྒྱུ་རྩལ་དང་དེའི་ཞིབ་འཇུག་གྲུབ་འབྲས་སྔོག་འདོན་དང་འགྲེམས་སྟོན་གཏིང་ཟབ་བྱས་ནས་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་20ལྷག་དང་དེ་བཞིན་ཨ་རི་དང་། ཧྥ་རན་སི། དབྱི་ཐ་ལི། ཐུར་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཏུ་“ཏུན་ཧོང་སྒྱུ་རྩལ་འགྲེམས་སྟོན་”དང་“གྲངས་གཞིའི་ཏུན་ཧོང་འགྲེམས་སྟོན།” “ཏུན་ཧོང་སྒྱུ་རྩལ་རྩེ་གྲའི་མཐོ་སློབ་སྤྱི་ཕན་སྐོར་སྐྱོད་འགྲེམས་སྟོན་”བཅས་གཉེར་བ་དང་། དར་གོས་ཚོང་ལམ་(ཏུན་ཧོང་)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་སྟེགས་བུ་ལ་བརྟེན་ནས་རིག་གཞུང་བྱེད་སྒོ་དང་སྒྱུ་རྩལ་འགྲེམས་སྟོན་ཁག་20ལྷག་གཉེར་བ་དང་། “ཏུན་ཧོང་རིག་གནས་གོ་ལ་ཧྲིལ་པོའི་སྦྲེལ་ཐིག་——གཞུང་ཚབ་ཁང་ཏུ་སྐྱོད་པའི་བྱེད་སྒོ་”10ལྷག་གཉེར་བ་རེད། རྒྱལ་ཁབ་ཕྱི་ནང་དུ་རྣམ་པ་མི་འདྲ་བའི་ཏུན་ཧོང་སྒྱུ་རྩལ་འགྲེམས་སྟོན་རྒྱུན་ཆད་མེད་པར་སྤེལ་ནས་མི་རྣམས་ཀྱིས་གོ་བདེ་ཉན་སྤྲོའི་རྣམ་པའི་ཐོག་ནས་ཏུན་ཧོང་གི་གཏམ་རྒྱུད་ཡག་པོ་བཤད་པར་སྔར་བས་ཤུགས་བརྒྱབ་ཡོད།
ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས། ཤེས་དཔལ་ནི་སྣ་མང་གི་དབང་གིས་སྤེལ་རེས་དང་། སྤེལ་རེས་ཀྱི་དབང་གིས་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་དཔྱད་གཞིར་འཛིན་པའི་དབང་གིས་འཕེལ་རྒྱས་འགྲོ་བ་བཅས་རེད། ཏུན་ཧོང་ནི་ཀྲུང་གོ་ནུབ་རྒྱུད་དུ་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། གནའ་བོའི་ཀྲུང་གོའི་ཤེས་དཔལ་དེ་ཉིད་གནའ་བོའི་རྒྱ་གར་དང་། གནའ་བོའི་ཀེ་རི་སེ། གནའ་བོའི་སྟག་གཟིག་སོགས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་ནས་ཡོང་བའི་བསམ་བློ་དང་། ཆོས་ལུགས། སྒྱུ་རྩལ། རིག་གནས་བཅས་དང་གནས་དེ་གར་གཅིག་ཏུ་འདྲེས་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱིས་རྒྱ་མཚོས་ཆུ་བོ་ཐམས་ཅད་བསྡུ་བ་ལྟ་བུའི་སྒོ་འབྱེད་དང་ཁོང་ཡངས་ལ་བརྟེན་ནས་ས་ཁོངས་ཕྱི་རོལ་གྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་རྒྱུན་ཆད་མེད་པར་བསྡུ་ལེན་དང་དཔྱད་གཞིར་བཟུང་བས། ཐུན་མོང་མ་ཡིན་པའི་ཏུན་ཧོང་རིག་གནས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཏུན་ཧོང་ཞིབ་འཇུག་ཁང་གིས་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གླིང་དང་རིག་གནས་དངོས་མང་སྟོན་ཚོགས་སྒྲིག་གཞི་མཉམ་སྐྲུན་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་དང་སྤེལ་རེས་མཉམ་ལས་བྱས་ཏེ། ཆེད་ལས་མཁས་དབང་སྐོར་ཁག་6སྒྲིག་འཛུགས་བྱས་ནས་རྒྱ་གར་དང་། ཁེར་གྷི་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན། དབྱི་རན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་ཡོད། ཏུན་ཧོང་དང་དར་གོས་ཚོང་ལམ་དང་། དར་གོས་ཚོང་ལམ་གྱི་འཕེལ་རྒྱས་དང་འཕོ་འགྱུར། རྒྱལ་ཁབ་དང་ས་ཁུལ་གྱི་མི་རིགས་དང་། ཆོས་ལུགས། སྤྱི་ཚོགས། རིག་གནས་བཅས་མཉམ་སྐྲུན་བྱེད་པ་སོགས་བརྗོད་བྱ་གཙོ་བོར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་རིག་གཞུང་གི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། རང་ངོས་ཀྱི་དགེ་མཚན་སྔར་བས་འདོན་སྤེལ་བྱས་ཤིང་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཏུན་ཧོང་རིག་པའི་ཞིབ་འཇུག་སྒྲིག་གཞི་དང་དེ་བཞིན་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་དོ་དམ་སྒྲིག་གཞི་དང་རིག་གཞུང་སྤེལ་རེས་ལ་མུ་མཐུད་ཤུགས་བརྒྱབ་སྟེ་ཏུན་ཧོང་རིག་གནས་ཕྱི་རྒྱལ་དུ་ཁྱབ་སྤེལ་བྱེད་ཤུགས་དང་དེའི་ཤུགས་རྐྱེན་ཆེ་རུ་གཏོང་དགོས།
ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ལ། ཏུན་ཧོང་ཞིབ་འཇུག་ཁང་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཡང་ཡིན། ལོ་ངོ་བརྒྱད་ཅུར་འབད་བརྩོན་བྱས་ནས་འཐབ་ལམ་གསར་པའི་ཐོག་ཏུ་བསྐྱོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་བཟུང་ནས་ཏུན་ཧོང་གི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་འདིར་སེམས་ཤུགས་བཀོལ་ནས་གཅེས་སྐྱོང་བྱས་ཏེ། ཏུན་ཧོང་གི་རིག་གནས་ལ་དུས་རབས་ཀྱི་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་དུ་འཇུག་དགོས།
རྟ་མགྲིན་སྐྱབས་ཀྱིས་བསྒྱུར།