“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་དགོས་ན། ཅི་ཞིག་ལ་བརྟེན་ནས་དོ་དམ་དང་བཅོས་སྐྱོང་བྱེད་དགོས་སམ་ཞེ་ན། སྒྲིག་ཁྲིམས་ནན་པོ་ཡོང་བར་བརྟེན་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་མཐོང་ཆེན་ཆེན་པོ་དང་དམ་འཛིན་ནན་པོ་གནང་གི་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་སྟེ། ད་ལོའི་ཟླ་4པ་ནས་ཟླ་7པའི་བར་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ང་ཚོའི་ཏང་གིས་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲིའི་འཁུར་སེམས་མཚོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་ཧ་ཅང་མཐོང་ཆེན་གནང་སྟེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ད་ལོའི་ཟླ་1ཚེས་8ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་“གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཐེངས་གཅིག་སྤེལ་དགོས་”ཞེས་བཏོན་གནང་བ་དང་། ཟླ་1ཚེས་31ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་མཛད་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་སྙན་ཞུ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བརྟན་པོ་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་གནང་སྐབས། “རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ལེགས་པར་སྤེལ་དགོས་”ཞེས་བླང་བྱ་བཏོན་གནང་བ། ཟླ་3པར་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ངེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་”ཞེས་ནན་གསུང་གནང་བ། ཟླ་4པར་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། མུ་མཐུད་དུ་“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ནས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་དངོས་འབྲེལ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས་”ཞེས་བླང་བྱ་བཏོན་གནང་བ་སོགས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ངེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་ཡར་ཐོན་གསར་པ་དང་མཐོར་འདེགས་གསར་པ་ཡོང་བར་འབད་བརྩོན་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཉིད་གཏིང་ཟབ་ས་དང་དོན་དངོས་སུ་བསྐྱོད་དེ་ཕན་འབྲས་ངོ་མ་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་སྐོར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་མོར་བྱེད་དགོས། བློ་མཐུན་མའོ་ཙེ་ཏུང་གིས་《མི་དམངས་ཀྱི་སྲིད་དབང་སྒེར་འཛིན་སྐོར་གླེང་བ་》ཞེས་པའི་ནང་ཏང་གི་ལོ་ངོ་28རིང་གི་གསར་བརྗེའི་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གནང་སྐབས་ང་ཚོའི་ཏང་ལ་“དགྲ་བོ་ལས་རྣམ་པར་རྒྱལ་བའི་མཚོན་ཆ་གཙོ་བོ་”གསུམ་ཡོད་པ་ལས། དང་པོ་ནི་“སྒྲིག་ཁྲིམས་ཡོད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ། རང་སྐྱོན་རང་བརྗོད་ཀྱི་བྱེད་ཐབས་སྤྱོད་པ། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པ་བཅས་ཀྱི་ཏང་ཞིག་ཡིན་”ཞེས་གསུངས་ཡོད། བློ་མཐུན་ཀྲོའུ་ཨེན་ལའེ་ཡིས་“བློ་མཐུན་མའོ་ཙེ་ཏུང་གིས་སྒྲིག་ཁྲིམས་དམིགས་སུ་བཀར་ནས་མདུན་དུ་བཞག་པ་ནི་སྟེས་དབང་ཞིག་མ་རེད། གང་ལགས་ཤེ་ན། དེ་ནི་ཏང་གིས་གསར་བརྗེ་རྒྱུན་འཁྱོངས་དང་། དགྲ་བོ་ལས་རྣམ་པ་རྒྱལ་བ། རྒྱལ་ཁ་བརྩོན་ལེན་བྱེད་པ་བཅས་ཐུབ་མིན་ཐག་གཅོད་བྱེད་པའི་ཆ་རྐྱེན་ཨང་དང་པོ་ཡིན་པའི་རྐྱེན་གྱིས་རེད་”ཅེས་འགྲེལ་བཤད་གནང་ཡོད།
ང་ཚོའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱི་ཐོག་ནས་སྒྲིག་འཛུགས་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ལ། སྒྲིག་ཁྲིམས་ནན་པོ་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན། 1920ལོར་ཚའེ་ཧོ་སེན་གྱིས་བློ་མཐུན་མའོ་ཙེ་ཏུང་ལ་འཕྲིན་ཡིག་ཕུལ་ནས་ཀྲུང་གོའི་གུང་ཁྲན་ཏང་འཛུགས་རྒྱུའི་སྐོར་དཔྱད་བསྡུར་བྱེད་སྐབས། “ཏང་གི་སྒྲིག་ཁྲིམས་ནི་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཡིན་”ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གཏན་འབེབས་བྱས་པའི་ཏང་གི་སྒྲིག་ཡིག་དང་པོའི་ནང་ཆེད་དུ་“སྒྲིག་ཁྲིམས་”དེ་ལེའུ་གཅིག་ཏུ་བཀོད་པ་ནས་ཏང་གི་ཚོགས་ཆེན་ལྔ་པའི་སྟེང་ཏང་གི་ལོ་རྒྱུས་ཐོག་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་དང་པོ་སྟེ་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པའི་བར་དང་། ཅིན་ཀང་ཧྲན་གྱི་དུས་སྐབས་སུ་“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་དོན་ཚན་བརྒྱད་”བཏོན་པ་ནས་ཡན་ཨན་གྱི་དུས་སྐབས་སུ་“སྒྲིག་ཁྲིམས་ནི་ལམ་ཕྱོགས་ལག་བསྟར་བྱེད་པའི་འགན་ལེན་ཡིན་”ཞེས་ནན་བཤད་བྱས་པའི་བར། ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ཉེར་ཡོད་པའི་སྐབས་སུ་“སྒྲིག་ཁྲིམས་རང་བཞིན་ལ་ཤུགས་བརྒྱབ་ན་གསར་བརྗེ་ལ་རྒྱལ་ཁ་མི་ཐོབ་པ་མེད་”ཅེས་བཏོན་པ་ནས་ཏང་ཀྲུང་དབྱང་གིས་“པེ་ཅིན་དུ་རྒྱུགས་ལེན་དུ་བསྐྱོད་པའི་”སྔོན་དུ་“བྱེད་དགོས་ངེས་གཉིས་”བཏོན་པ་དང་“སྒྲིག་ལམ་དྲུག་”གཏན་འཁེལ་བྱས་པའི་བར།……ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ནས། ང་ཚོའི་ཏང་ལ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།
“གནད་དོན་འདི་ངས་‘ཁ་མང་པོ་’བྱས་ནས་ཡང་ཡང་བཤད་ཀྱི་ཡོད།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་དམིགས་ནས་ཏང་ཡོན་ལས་བྱེད་པར་གནས་ལུགས་བཤད་པ་དང་། ཉེན་བརྡ་གཏོང་བ། དམར་ཐིག་བཀོད་པ་སོགས་ཐེངས་མང་གནང་ཡོད། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་གལ་ཆེའི་རང་བཞིན་སྐོར་གླེང་བ་སྟེ། “མིས་སྒྲིག་ལམ་མ་བསྲུང་ན་བེད་མེད་དུ་འགྱུར་བ་དང་། ཏང་གིས་སྒྲིག་ལམ་མ་བསྲུང་ན་ཟང་ཟིང་དུ་འགྱུར་ངེས།” “སྒྲིག་ཁྲིམས་ནན་པོ་མ་བསྲུང་ན་ཏང་ནན་སྐྱོང་བྱ་རྒྱུ་ནི་གླེང་ཐབས་བྲལ་བ་ཞིག་རེད་”ཅེས་ནན་གསུང་གནང་། སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ནང་དོན་སྐོར་གླེང་བ་སྟེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལ་བྱེ་བྲག་གི་བླང་བྱ་བཏོན་ཏེ། “ཆབ་སྲིད་སྒྲིག་ཁྲིམས་ནི་གལ་ཆེ་ཤོས་དང་། རྩ་བ་ཡིན་ཤོས། གནད་འགག་ཆེ་ཤོས་ཀྱི་སྒྲིག་ཁྲིམས་ཡིན་”ཞེས་ནན་གསུང་གནང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་བར་གྱི་འབྲེལ་བའི་སྐོར་གླེང་བ་སྟེ། “ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་ནན་པ་”དང་། “སྒྲིག་ཁྲིམས་སྔོན་ལ་འཇོག་དགོས་”ཞེས་གསལ་པོར་བཏོན། སྒྲིག་ལམ་དང་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུའི་སྐོར་གླེང་བ་སྟེ། “ཏང་ཡོན་གྱིས་ཁྲིམས་འགལ་བྱེད་པ་ནི་“སྒྲིག་ཁྲིམས་གཏོར་བ་”ནས་འགོ་བཙུགས་པ་ཞིག་ཡིན་པས། “དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྒྱུད་ཐག་འདི་དམ་པོར་འཛིན་དགོས་”ཞེས་བསླབ་བྱ་ཟབ་མོ་གནང་། སྒྲིག་ཁྲིམས་ནན་པོ་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ་སྟེ། “སྒྲིག་ཁྲིམས་ནི་‘ཐོ་ཡོར་’རུ་འགྱུར་མི་རུང་ལ། འོན་པའི་རྣ་བ་སྟེ་མཛེས་ཆས་སུའང་འགྱུར་མི་རུང་བར།” “སྒྲིག་ཁྲིམས་ནི་གློག་ལྡན་གྱི་མཐོ་གནོན་སྐུད་པ་ཞིག་ཏུ་དངོས་འབྲེལ་འགྱུར་དགོས་”ཞེས་ནན་གསུང་གནང་བ་ལྟ་བུ་སོགས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བཅོས་ཐབས་ཇུས་སུ་བརྩིས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བཀོད་པའི་ནང་བཅུག་སྟེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱས་ཏེ་ཏང་ཉིད་གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་སྔར་བས་སྲ་བརྟན་དང་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།
ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། སྒྲིག་ཁྲིམས་ནི་“དམ་པའི་སྔགས་”ཡིན་ལ། “ཉེན་སྲུང་སྐེ་རགས་”ཀྱང་ཡིན། ཚད་གཞི་ནན་པོའི་སྒོ་ནས་ལས་བྱེད་པར་བླང་བྱ་འདོན་པ་དང་སྒྲིག་ཁྲིམས་ནན་པོའི་སྒོ་ནས་ལས་བྱེད་པར་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན། གཞི་ནས་ཏང་ཡོན་ལས་བྱེད་པའི་སེམས་ནང་ལ་གུས་ཞུམ་ཡོད་པ་དང་། སྐད་ཆ་ལ་གཟབ་གཟབ་བྱེད་པ། བྱ་སྤྱོད་ལ་བཀག་སྡོམ་ཡོད་པ་བཅས་བྱུང་བ་དང་། གཞི་ནས་ནོར་འཁྲུལ་ཆུང་ཆུང་གིས་ནོར་འཁྲུལ་ཆེན་པོ་མི་བཟོ་བ་དང་སྒྲིག་འགལ་དེ་ཁྲིམས་འགལ་དུ་མི་འགྱུར་བར་སྔོན་འགོག་བྱེད་ཐུབ། ཏང་གི་རྩ་འཛུགས་ལ་མཚོན་ན། སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་“དོགས་ཟོན་ཁྲེ་ཙེ་”ཞིག་ཡིན། སྒྲིག་ཁྲིམས་བཙུགས་ནས་དམ་པོ་དང་ནན་པོ་སྲུང་ན། གཞི་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་ཐུབ་ལ། གཞི་ནས་ཏང་གི་གསར་གཏོད་ནུས་པ་དང་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་གི་ཆབ་སྲིད་གཅིག་གྱུར་དང་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་འགན་ལེན་བྱེད་ཐུབ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དགོས་ངེས་རང་བཞིན་ལ་གོ་བ་གཏིང་ཟབ་མོར་ལེན་དགོས། 2023ལོའི་“བདུན་པའི་ཚེས་གཅིག་”ཉིན་གྱི་སྔ་ནུབ་ཏུ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་གསལ། 2022ལོའི་ཟླ་12ཚེས་31ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་9804.1ཟིན་ཡོད་པ་རེད། “ང་ཚོ་སྲིད་ཏང་ཆེན་པོ་འདི་འདྲ་ཞིག་གིས་ཅི་ཞིག་ལ་བརྟེན་ནས་རང་ཉིད་ཀྱི་དཔུང་སྡེ་ལ་དོ་དམ་ཡག་པོ་བྱེད་དགོས་པ་དང་། ཅི་ཞིག་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་དགོས་སམ་ཞེ་ན། ཡང་དག་པའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཕུད། ངེས་པར་དུ་ཚད་གཞི་དང་སྒྲིག་ཁྲིམས་ནན་པོ་ལ་བརྟེན་དགོས།” ཞི་ཅིན་ཕིང་གི་བསམ་གཞིགས་གཏིང་ཟབ་གནང་བ་དེའི་ཐོག་ནས་ཏང་གི་མདུན་དུ་ལྷགས་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཉམས་སད་ལ་ངོས་འཛིན་གསལ་པོ་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་ཆོད་སེམས་བརྟན་པོ་མཚོན་ཡོད།
ཏང་གི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་གྱི་ངོས་ནས་བལྟས་ན། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་ནི་ཏང་ཡོངས་ཀྱི་བསམ་བློ་དང་འདོད་བློ་དང་བྱ་སྤྱོད་གཅིག་གྱུར་དང་། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན། “གནམ་འོག་འགྲུབ་དགོས་ན་ཐོག་མར་རང་ཉིད་འགྲུབ་པར་བྱེད་དགོས། གནམ་འོག་སྐྱོང་དགོས་ན་ཐོག་མར་རང་ཉིད་བཅོས་སྐྱོང་བྱེད་དགོས།” ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་ལས་འགན་ཕྲག་ཏུ་འཁུར་ཡོད། ཏང་གི་འགོ་ཁྲིད་སྟོབས་ལྡན་ཡིན་མིན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་ལས་དབང་། མཐའ་མའི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། མདུན་སྐྱོད་ཀྱི་འཐབ་ལམ་ཐོག་རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་དང་བརྟན་བརླིང་ལ་གཏིང་ཟབ་པའི་འགལ་བ་མི་ཉུང་བ་ཞིག་འཕྲད་པ་ནི་གཡོལ་ཐབས་མེད་པ་དང་འགོག་ཐབས་མེད་པ་ཞིག་རེད། ཕྱི་རོལ་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་ཐོག་མཐའ་བར་གསུམ་དུ་གནས་པ་མ་ཟད་ཉིན་རེ་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད། དུས་རབས་ཀྱི་འགྱུར་ལྡོག་དང་ལོ་རྒྱུས་ཀྱི་འགན་འཁྲི་ཡིས་ཏང་གི་འགོ་ཁྲིད་ནུས་པར་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། སྒྲིག་ཁྲིམས་ནན་པོ་མེད་ན་ཏང་གི་མཐུན་སྒྲིལ་གཅིག་གྱུར་མེད་པ་དང་། ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དཀའ་ཞིང་། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འཐབ་རྩོད་རླབས་པོ་ཆེ་སྤེལ་བ་དང་། བྱ་གཞག་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་བ། ཕུགས་འདུན་རླབས་པོ་ཆེ་མངོན་དུ་འགྱུར་བ་བཅས་བྱེད་དཀའ་བ་རེད།
ཏང་གི་རང་ངོས་འཛུགས་སྐྲུན་གྱི་ངོས་ནས་བལྟས་ན། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་“ལྕགས་རུས་”བཞུན་བརྡར་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་“ལྕགས་རི་”བརྟན་པོ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོ་བརྒྱུད། ཏང་ནང་ཁུལ་དུ་གནས་པའི་སྒྲིག་ཁྲིམས་ལྷོད་བ་དང་སྤྱོད་ཚུལ་ནན་པོ་མིན་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་སྟེ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཡིན་ན་ཡང་ཏང་རྩ་འཛུགས་ཁ་ཤས་ཀྱིས་སྒྲིག་ཁྲིམས་འཛུགས་སྐྲུན་ལ་མཐོང་ཆེན་མི་བྱེད་པ་དང་ཐབས་བཀོད་ནུས་ལྡན་མ་བྱུང་བས། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་“མིག་ལམ་དུ་སྒྲིག་ཁྲིམས་མེད་པ་”དང་། ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་སེམས་ནང་མི་འཛིན་པ་དང་། རྒྱུས་ལོན་མི་བྱེད་པ། ཁོང་དུ་མི་ཆུད་པ་བཅས་དང་། སྒྲིག་ཁྲིམས་དང་ཁྲིམས་ལུགས་སློབ་གསོ་དེ་“རྣ་ཟུར་”དུ་གཏོང་བ། སྒྲིག་ཁྲིམས་ལ་གུས་ཞུམ་མེད་པ། རང་འདོད་གང་སྒྲུབ་དང་། ཡ་མེད་སྒྲིག་འགལ་གྱི་སྣང་ཚུལ་སྔར་བཞིན་རྟག་ཏུ་ཐོན་གྱི་ཡོད་པ་སོགས་གསལ་པོར་མཐོང་དགོས། གནད་དོན་དེ་དག་གིས་ཏང་ཡོན་ལས་བྱེད་པ་མི་སྒེར་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཐེབས་པར་མ་ཟད། ཏང་གི་སྣང་བརྙན་ལ་གནོད་འཚེ་གཏོང་བ་དང་ཏང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་འགལ་རྐྱེན་དེ་བས་ཀྱང་བཟོ་ཡོང་གི་རེད།
མཐའ་ཚད་གསལ་པོར་ཤེས་ན་གཞི་ནས་གུས་ཞུམ་བྱེད་ཤེས་པ་རེད། སྒྲིག་ཁྲིམས་སློབ་གསོར་ཤུགས་རྒྱག་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཡིན། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ནི་སྒྲིག་ཁྲིམས་སློབ་སྦྱོང་ནས་འགོ་བཙུགས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་གལ་ཆེའི་རང་བཞིན་དང་ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་བཞག་པ་དང་། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་མོར་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ནན་པོ་ལ་བརྟེན་ནས་ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱས་ཏེ། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་ཅིང་། སྤང་བླང་འཛོལ་མེད་དང་གང་གསུང་དེ་སྒྲུབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་དོན་དངོས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཟླ་4པ་ནས་བཟུང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏང་ཡོངས་སུ་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ས་ཁུལ་ཁག་དང་སྡེ་ཁག་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》(གཤམ་དུ་《སྲོལ་ཡིག་》ཞེས་བསྡུ་རྒྱུ་)སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པས། སྲོལ་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས། ལངས་གནས་སྔར་ལས་མཐོ་པོ་དང་། བླང་བྱ་སྔར་ལས་ནན་པོ། སྤྱོད་ཚུལ་སྔར་ལས་ཏན་ཏིག་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ས་དང་དོན་དངོས་སུ་བསྐྱོད་པ་དང་། སེམས་གཏིང་དུ་ཟུག་པ་བཅས་ལ་སྐུལ་འདེད་གཏོང་དགོས།
——དམིགས་འབེན་གྱི་བླང་བྱ་ཁོང་དུ་ཆུད་དགོས། དམིགས་འབེན་གསལ་པོ་ཡིན་ན་བསམ་བཀོད་གསལ་པོ་ཡིན། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་ཁག་ཅིག་གིས་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ལ་དོ་སྣང་མི་བྱེད་པ་དང་། རྒྱུས་ལོན་མི་བྱེད་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཏང་ཡོན་དང་ལྷག་པར་དུ་ཏང་གི་འགོ་ཁྲིད་ལས་བྱེད་པ་ཁག་ཅིག་སྒྲིག་འཛུགས་བྱས་ནས་《སྲོལ་ཡིག་》སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཅི་འདྲ་ཞིག་ཡིན་པ་གསལ་པོ་ཤེས་དགོས་པ་དང་། ཅི་ཞིག་བྱེད་རུང་བ་དང་ཅི་ཞིག་བྱེད་མི་རུང་བ་གསལ་པོ་ཤེས་དགོས། སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་དེ་སེམས་སུ་བརྐོས་ནས་གཏམ་སྤྱོད་ཀྱི་ཚད་གཞིར་བསྒྱུར་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཆེ་རུ་སྐྱེད་པ་དང་། རང་ཉིད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རང་གི་ལྕོགས་ནུས་ཆེ་རུ་གཏོང་བ་བཅས་བྱས་པ་དང་། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་བློ་སེམས་དཀར་བ་དང་སྤྱོད་པ་གཙང་མ། འགན་འཁྲི་འཁུར་ཐུབ་པ་བཅས་བྱེད་དགོས། དམིགས་འབེན་གྱི་བླང་བྱ་འདིར་རྩེ་གཅིག་ཏུ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་པ་དང་དམ་འཛིན་ནན་པོ་བྱས་ན། གཞི་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་དམིགས་སའི་རང་བཞིན་དང་གནད་ལ་འཁེལ་བའི་རང་བཞིན་ཆེ་རུ་བསྐྱེད་དེ། འོད་ཐོར་སེམས་འགྱུ་དང་གཟུགས་འགྱུར་ཚུགས་ཤོར་སྔོན་འགོག་བྱེད་ཐུབ།
——སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱེད་དགོས། སྒྲིག་ཁྲིམས་ནན་པོ་ཡོང་བ་བྱ་རྒྱུ་ནི་དོན་མེད་སྤྱི་མཚན་གྱི་བླང་བྱ་ཙམ་མ་ཡིན་པར། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་དགོས། 《སྲོལ་ཡིག་》ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་རྨང་གཞིའི་གཙོ་འཛིན་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཡིན་པའི་ཆ་ནས་ཏང་གི་སྒྲིག་ཁྲིམས་ཁག་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་གཞི་འཛིན་ས་གཏན་འབེབས་བྱས་ཡོད། དེ་ནི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཤེས་པར་ངེས་པར་དུ་སྦྱོང་དགོས་པའི་སློབ་དེབ་དང་། སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་《སྲོལ་ཡིག་》ལ་བཟོ་བཅོས་ཐེངས་གསུམ་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་དེ་ལམ་ལུགས་དང་ཚད་གཞིར་འགྱུར་བ་དང་སྒྲིག་ཁྲིམས་ཀྱི་བླང་བྱར་འགྱུར་བར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་དུས་བསྟུན་མདུན་སྐྱོད་མངོན་འགྱུར་བྱས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་《སྲོལ་ཡིག་》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ནན་པོའི་དགོངས་གཞི་རྒྱུན་འཁྱོངས་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་པོ་བཟོ་བ་དང་། སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་པོ་ཡོང་བར་སྐུལ་ཁྲིད་བྱེད་པ། ཏང་ནན་སྐྱོང་བྱ་རྒྱུ་སྔར་བས་ནན་པོ་དང་རྗེས་སུ་ཅི་ཙམ་ཕྱིན་ན་སྒྲིག་ཁྲིམས་དེ་ཙམ་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་བཏང་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་དགོས་ན། སློབ་སྦྱོང་གི་གཙོ་གནད་དེ་《སྲོལ་ཡིག་》ཐོག་ཏུ་དམིགས་ཏེ་སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁག་མ་ཡིག་ལྟར་རེ་རེ་བཞིན་གསལ་པོ་ཤེས་དགོས་པ་དང་། ཅིའི་ཕྱིར་བཟོ་བཅོས་རྒྱག་པ་དང་། བཟོ་བཅོས་ཅི་ཞིག་བརྒྱབ་ཡོད་པ། བཟོ་བཅོས་རྒྱབ་ཀྱི་བསམ་གཞིགས་སོགས་གསལ་པོ་ཤེས་པར་བྱས་ཏེ། སློབ་སྦྱོང་གཏིང་ཟབ་པ་དང་། སློབ་སྦྱོང་དཔྱིས་ཕྱིན་པ། སློབ་སྦྱོང་དམིགས་སར་འབྱོར་བ་བཅས་བྱས་ནས། ཏན་ཏན་ཏིག་ཏིག་གིས་བསམ་བློ་དང་བྱ་སྤྱོད་དག་ཐེར་བྱེད་པའི་ཐོག་སྤྱད་དེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས།
——སློབ་སྦྱོང་བྱེད་སྟངས་ལ་མཐོང་ཆེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུ་དེ་དུས་རྒྱུན་དང་འདྲེས་ནས་རྟག་པར་དམ་འཛིན་བྱས་ཏེ་ཕན་འབྲས་དངོས་ལ་མཐོང་ཆེན་དང་སྤུས་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། ལེའུ་རེ་རེ་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། ཏང་གི་“སྒྲིག་ཁྲིམས་ཆེན་པོ་དྲུག་”དང་ཟུང་འབྲེལ་དམ་པོ་བྱས་ནས་ཞིབ་བསྡུར་བྱེད་པ་དང་། 《སྲོལ་ཡིག་》གི་དགོངས་དོན་སྙིང་པོ་དང་གཏན་འབེབས་བླང་བྱ་ཁོང་དུ་ཡང་དག་ཆུད་ནས། རྒྱུན་གཏན་གྱི་གཏམ་སྤྱོད་ཚད་གཞི་སྔར་བས་ཁ་གསལ་བཟོ་དགོས། དོན་དངོས་དང་ཟུང་འབྲེལ་ཚགས་དམ་པོར་བྱས་ཏེ་རང་རྟོགས་སྒོས་《སྲོལ་ཡིག་》ནང་གི་གཏན་འབེབས་ཁག་དང་ཞིབ་བསྡུར་བྱས་ནས་རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་ནང་དུ་བཅུག་སྟེ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་། འབད་བརྩོན་གྱི་ཁ་ཕྱོགས་ཁ་གསལ་བཟོ་བ། དག་ཐེར་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱེད་དགོས། གྱོད་དོན་དཔྱད་གཞིར་བཟུང་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ཡག་པོ་དང་། སྒྲིག་འགལ་གྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཉེན་བརྡའི་སློབ་གསོར་ཤུགས་རྒྱག་པ། ཉེ་འགྲམ་དུ་བྱུང་བའི་དོན་དངོས་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ། ཏང་ཡོན་ལས་བྱེད་པར་དོགས་ཟོན་ཐེབས་པ་དང་། མཐའ་ཚད་གསལ་བ། གུས་ཞུམ་ཤེས་པ་བཅས་བྱེད་དུ་འཇུག་དགོས། སྦྱོང་བརྡར་ལ་བརྟེན་ནས་སློབ་རོགས་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག་》ལ་གསལ་འགྲེལ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པས་དེའི་དགོངས་དོན་གྱི་ངོ་བོ་ལ་བསམ་ཤེས་ཟབ་མོ་དང་ཁོང་ཆུད་ཡང་དག་བྱེད་པར་རོགས་རམ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་གོ་བ་ལེན་པ་དང་ཁོང་དུ་ཆུད་ཅིང་ཤེས་སྤྱོད་གཅིག་མཐུན་ཡོང་བར་བྱེད་དགོས།
“ཐིག་བརྒྱབ་ན་དྲང་། ལྕགས་བརྡར་ན་རྣོ།” རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་སྒྲིག་ཁྲིམས་སྦྱོང་བ་དང་སྒྲིག་ཁྲིམས་ཡང་དག་ཤེས་པ། སེམས་ལ་སྒྲིག་ཁྲིམས་ངེས་པ། སྒྲིག་ཁྲིམས་ནན་པོ་སྲུང་བ་བཅས་བྱས་ན། གཞི་ནས་མི་སྐྱོན་མེད་ལྷད་མེད་ཅིག་བྱེད་པ་དང་། བྱ་བ་གཙང་མ་གཙང་རྐྱང་ཞིག་བསྒྲུབས་ཏེ། ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་དེ་སྟོང་ཟད་དུ་མི་འགྲོ་བ་བྱེད་ཐུབ། ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱི་འགན་ལེན་ཡོད་ན། ང་ཚོའི་ཏང་སྔར་ལས་མཐུན་སྒྲིལ་བྱས་ནས་“ངར་ལྕགས་སྲ་མོ་”ཞིག་ཏུ་གྱུར་ཏེ། མི་དམངས་ཀྱི་སྣེ་ཁྲིད་དེ་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་འཐོབ་ངེས་རེད།
མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར།