གཅིག།
རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ཅིང་། འཕེལ་རྒྱས་གཏོང་སྟངས་བརྗེ་སྒྱུར་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་རིམ་དུ་གནས་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་ཡིན། ངེས་པར་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་གནད་དུ་བཟུང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར་དང་སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་ཆེ་རུ་གཏོང་བ། དངོས་གཞིའི་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་ཀྱི་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་ཐོན་ལས་མ་ལག་འཛུགས་སྐྲུན་གང་མགྱོགས་སུ་གཏོང་བར་ཤུགས་རྒྱག་པ་དང་། ཚོང་རའི་ལམ་སྲོལ་ཕན་གོ་ཆོད་པ་དང་། ཕྲ་མཐོང་བྱེད་པོར་གསོན་ཤུགས་ལྡན་པ། སྤྱི་ཁོག་སྙོམས་སྒྲིག་ཚད་ལྡན་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(2017ལོའི་ཟླ་10ཚེས་18ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་བའི་སྙན་ཞུ།)
གཉིས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱང་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ནི། ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ནན་བཤད་བྱས་པ་སྟེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་བ་དེ་ཡིན། འདི་ནི་བརྡར་གཅོད་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་དེའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་ཡངས་ལྡན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས།
དང་པོ། འདི་ནི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་ལྡོག་མེད་བླང་བྱ་ཡིན། རང་རྒྱལ་ནི་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་འགག་རྩའི་དུས་རིམ་དུ་གནས་ཡོད་དེ། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་འཕར་བ་དང་། ཐོན་ཁུངས་དང་ཁོར་ཡུག་ཚོད་འཛིན་དྲག་ཏུ་ཕྱིན་པ། རགས་གཉེར་ཅན་གྱི་འཕེལ་རྒྱས་གཏོང་སྟངས་རྒྱུན་སྐྱོང་དཀའ་བ། དཔལ་འབྱོར་རེས་འཁོར་རྒྱུག་པོ་མི་ཡོང་བ་བཅས་ཀྱི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡིན། དུས་མཚུངས་སུ། འཛམ་གླིང་གི་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་ཞིང་ཕྱོགས་མང་པོར་ཐོད་བརྒལ་བྱུང་ཡོད། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱི་འགྱུར་ལྡོག་གསར་པ་དང་མི་དམངས་ཀྱི་དགོས་མཁོ་གསར་པ་བྱུང་བ་དང་བསྟུན་ཐོག །སྤུས་ལེགས་ཕྱོད་ཆེ་དང་སྣ་མང་ཅན་གྱི་འདོན་སྤྲོད་མ་ལག་ཆགས་པར་བྱས་ནས། ཐོན་རྫས་སྤུས་དག་དང་ཞབས་ཞུ་བཟང་པོ་སྔར་ལས་མང་བ་འདོན་སྤྲོད་བྱེད་དགོས། དེ་ལྟར་བྱས་ཚེ། སྤྲོད་མཁོ་དང་དགོས་མཁོའི་འབྲེལ་བ་ཆུ་ཚད་གསར་པའི་ཐོག་དོ་མཉམ་ཡོང་བ་དང་། རང་རྒྱལ་དཔལ་འབྱོར་གཞི་ནས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་ཀྱི་རེད།
གཉིས་པ། འདི་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་བསྟུན་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དང་བསྟུན་དགོས་པའི་ལྡོག་མེད་བླང་བྱ་ཡིན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་ལའང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་ནི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོ་མིན་པའི་མཚོན་ཚུལ་ཡིན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་གྲངས་འབོར་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་དགོས་མོད། འོན་ཀྱང་སྤུས་ཚད་ཀྱི་གནད་དོན་ཐག་གཅོད་བྱེད་པར་དེ་བས་ཀྱང་མཐོང་ཆེན་བྱེད་དགོས། སྤུས་ཚད་མཐོར་འདེགས་ཚད་ཆེན་པོ་གཏོང་བའི་ངང་ནས་གྲངས་འབོར་འཕར་སྣོན་ནུས་ལྡན་ཡོང་བར་བྱེད་དགོས།
གསུམ་པ། འདི་ནི་དཔལ་འབྱོར་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་འཕེལ་རྒྱས་གཏོང་དགོས་པའི་ལྡོག་མེད་བླང་བྱ་ཡིན། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་ཙམ་གྱི་དཔལ་འབྱོར་ཕུང་གྲུབ་100ལྷག་གི་ནང་དུ་བདེ་བླག་ངང་ཡོང་འབབ་མཐོ་བའི་དཔལ་འབྱོར་ཕུང་གྲུབ་ཏུ་གྱུར་པ་བཅུ་ལྷག་ཙམ་ལས་མེད། ལེགས་འགྲུབ་བྱུང་བའི་རྒྱལ་ཁབ་གང་ཡིན་པ་དེ་དག་གིས་དཔལ་འབྱོར་གོང་འཕེལ་མགྱོགས་པོ་ཕྱིན་པའི་དུས་རིམ་བརྒྱུད་མཐར་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་དེ་གྲངས་འབོར་རྒྱ་སྐྱེད་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བར་བསྒྱུར་བ་རེད། འཕེལ་རྒྱས་མ་བྱུང་བ་དང་ཐ་ན་ལྟག་ལོག་བརྒྱབ་པའི་རྒྱལ་ཁབ་གང་ཡིན་པ་དེ་དག་གིས་རྩ་བའི་རང་བཞིན་གྱི་འཕོ་འགྱུར་དེ་མངོན་འགྱུར་བྱེད་མ་ཐུབ་པ་རེད། དཔལ་འབྱོར་འཕེལ་རྒྱས་ནི་དུང་འཁྱིལ་གྱི་རྣམ་པར་གོང་དུ་འཕེལ་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། གོང་དུ་འཕེལ་བ་ནི་ཐིག་སྐུད་ལྟར་དྲང་པོ་མ་ཡིན་པར་གྲངས་འབོར་བསགས་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས་ངེས་པར་དུ་སྤུས་ཚད་མཐོ་རུ་འགྲོ་བ་རེད་ལ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཀྱང་ཆོས་ཉིད་འདི་བརྩི་སྲུང་ཞུ་དགོས།
(2017ལོའི་ཟླ་12ཚེས་18ཉིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
གསུམ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཡག་པོ་སྐོང་ཐུབ་པའི་འཕེལ་རྒྱས་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཡིན་ལ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་དང་། མཐུན་སྦྱོར་ནི་ནང་སྐྱེས་ཀྱི་ཁྱད་ཆོས། ལྗང་མདོག་ནི་ཡོངས་ཁྱབ་ཀྱི་རྣམ་པ། སྒོ་འབྱེད་ནི་ལྡོག་མེད་ཀྱི་འགྲོ་ལམ། མཉམ་སྤྱོད་ནི་རྩ་བའི་དམིགས་ཡུལ་བཅས་ཡིན་པའི་འཕེལ་རྒྱས་ཀྱང་ཡིན། འདོན་སྤྲོད་ཀྱི་ཐད་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་དགོས་ན་ཐོན་ལས་མ་ལག་ཅུང་ཟད་འཐུས་སྒོ་ཚང་བ་དང་། ཐོན་སྐྱེད་སྒྲིག་འཛུགས་བྱེད་སྟངས་དེ་དྲ་རྒྱ་ཅན་དང་རིག་ནུས་ཅན་དུ་འགྱུར་བ། གསར་གཏོད་ནུས་པ་དང་། དགོས་མཁོ་འཛིན་ཤུགས། སྤུས་རྟགས་ཀྱི་ཤུགས་རྐྱེན། ལྟེ་བའི་འགྲན་རྩོད་བྱེད་ནུས་བཅས་ཆེ་བ། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་བ་བཅས་མངོན་འགྱུར་བྱེད་དགོས་ཀྱི་རེད། དགོས་མཁོའི་ཐད་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་དགོས་ན་མི་དམངས་མང་ཚོགས་ཀྱི་རང་གཤིས་ཅན་དང་། སྣ་མང་ཅན། རྒྱུན་ཆད་མེད་པར་གོང་དུ་འཕར་བ་བཅས་ཀྱི་དགོས་མཁོ་སྐོང་དགོས་ཤིང་། དགོས་མཁོ་དེས་སླར་ཡང་འདོན་སྤྲོད་ཀྱི་མ་ལག་དང་གྲུབ་ཚུལ་ལ་འགྱུར་ལྡོག་འབྱུང་བར་སྣེ་ཁྲིད་བྱེད་ཀྱི་རེད་ལ། འདོན་སྤྲོད་ཀྱི་འཕོ་འགྱུར་དེས་སླར་ཡང་རྒྱུན་ཆད་མེད་པར་དགོས་མཁོ་གསར་པ་སྐྱེད་ཀྱི་རེད། གཏོང་སྒོ་དང་ཐོན་སྒོའི་ཕྱོགས་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ངལ་རྩོལ་གྱི་ལས་ཕྱོད་དང་། མ་རྩའི་ལས་ཕྱོད། ས་ཞིང་གི་ལས་ཕྱོད། ཐོན་ཁུངས་ཀྱི་ལས་ཕྱོད། ཁོར་ཡུག་གི་ལས་ཕྱོད་བཅས་ཆེ་རུ་གཏོང་བ་དང་། ཚན་རྩལ་གོང་འཕེལ་གྱི་བྱས་རྗེས་འཇོག་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་རེད། བགོ་བཤའི་ཐད་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མ་རྩ་བཞག་པར་ཁེ་ཕན་ཡོད་པ་དང་། ཁེ་ལས་ལ་ཁེ་སྤོགས་ཡོད་པ། ལས་བཟོ་པར་ཡོང་འབབ་ཡོད་པ། སྲིད་གཞུང་ལ་ཁྲལ་འབབ་ཡོད་པ་བཅས་མངོན་འགྱུར་བྱེད་པར་མ་ཟད། དེ་དག་སོ་སོའི་ཚོང་ར་ལྟར་གདེང་འཇོག་བྱས་པའི་ལེགས་སྐྱེས་ཀྱང་སྒོ་ཀུན་ནས་མཚོན་གྱི་རེད། སྤྱི་ཁོག་དཔལ་འབྱོར་རེས་འཁོར་ཐད་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཐོན་སྐྱེད་དང་། འཁོར་རྒྱུག །བགོ་བཤའ། འཛད་སྤྱོད་བཅས་རེས་འཁོར་ཐོགས་མེད་ཡོང་བ་དང་། རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་འབྲེལ་བ་ཆེན་པོ་དང་བར་སྟོང་གི་བཀོད་པ་ཅུང་ལུགས་མཐུན་ཡོང་བ། དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་ཡོང་ཞིང་འཕར་ཆག་ཆེན་པོ་མི་ཡོང་བ་བཅས་མངོན་འགྱུར་བྱེད་ཀྱི་རེད། གསལ་པོར་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པ་ནི་“ཡོད་མེད་”ནས་“བཟང་མི་བཟང་”ཕྱོགས་སུ་འཕོ་འགྱུར་ཡོང་རྒྱུ་དེ་རེད།
(2017ལོའི་ཟླ་12ཚེས་18ཉིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
བཞི།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིགས་ལམ་གཏན་འཁེལ་དང་། དཔལ་འབྱོར་སྲིད་ཇུས་གཏན་འབེབས། སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བཅས་བྱེད་པའི་ཕྱོགས་ཀྱི་རྩ་བའི་བླང་བྱ་ཡིན་པས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་མ་ལག་དང་། སྲིད་ཇུས་མ་ལག །ཚད་གཞིའི་མ་ལག །བསྡོམས་རྩིས་མ་ལག །བྱས་འབྲས་གདེང་འཇོག །སྲིད་འབྲས་དཔྱད་ཞིབ་བཅས་མགྱོགས་པོར་ཆགས་པ་བྱེད་དགོས་པ་དང་། ལམ་ལུགས་ཀྱི་ཁོར་ཡུག་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་གྱུར་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
(2017ལོའི་ཟླ་12ཚེས་18ཉིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
ལྔ།
ལག་ལེན་དངོས་ལས་ར་སྤྲོད་བྱུང་གསལ། འདས་ཟིན་པའི་ལོ་ངོ་40ཡི་རིང་ལ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་སྒོ་འབྱེད་བྱས་པའི་ཆ་རྐྱེན་འོག་བྱུང་བ་ཞིག་ཡིན་པ་དང་། སླད་ཕྱིན་ཀྲུང་གོའི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུའང་ངེས་པར་དུ་སྔར་ལས་ཡངས་པར་སྒོ་འབྱེད་བྱས་པའི་ཆ་རྐྱེན་འོག་བྱེད་དགོས་པ་རེད། འདི་ནི་ཀྲུང་གོས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཞག་ནས་བྱས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། ཕྱོགས་མཚུངས་སུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་སྐྲུན་པ་ཞིག་ཀྱང་ཡིན།
(2018ལོའི་ཟླ་4ཚེས་10ཉིན་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད།)
དྲུག།
རང་རྒྱལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཤིང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ལས་བརྒལ་ཞིང་། ཡོང་འབབ་འབྲིང་གྲས་མི་ཚོགས་དུང་ཕྱུར་4ལས་བརྒལ་བས། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། རང་རྒྱལ་གྱི་ལམ་ལུགས་དགེ་མཚན་མངོན་གསལ་དོད་པ་དང་། བཅོས་སྐྱོང་གི་ནུས་ཕྱོད་ཆེ་བ། དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བ། དངོས་པོའི་རྨང་གཞི་སྟོབས་དང་ལྡན་པ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཚོང་རའི་བར་སྟོང་རྒྱ་ཆེ་བ། འཕེལ་རྒྱས་ཀྱི་ལྡེམ་ཤུགས་ཆེ་བ། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་བཅས་ཡིན་གཤིས། མུ་མཐུད་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་དགེ་མཚན་དང་མཐུན་རྐྱེན་འཛོམས་ཡོད། དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་ཆེ་ཞིང་། གསར་གཏོད་བྱེད་ནུས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ་དང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་ཅུང་ཆེ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྗིད་རྫོབ་ཆེ་བ། དམངས་འཚོ་འགན་སྲུང་ཐད་ཞན་ཆ་ཡོད་པ། སྤྱི་ཚོགས་བཅོས་སྐྱོང་ཐད་ད་དུང་མི་འདང་ས་ཡོད་པ་བཅས་ཡིན།
མདོར་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ལས་གོ་སྐབས་གསར་པ་རབ་དང་རིམ་པ་བྱུང་ཡོད་ལ་འགྲན་སློང་གསར་པའང་རབ་དང་རིམ་པ་བྱུང་ཡོད། དེ་ཡང་ཉེན་ཁ་དང་གོ་སྐབས་མཉམ་གནས་དང་། ཉེན་ཁའི་ནང་དུ་གོ་སྐབས་ཡོད་པ། ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་རུང་བ་བཅས་ཡིན། ང་ཚོས་རྩོད་སྒྲུབ་ཀྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོར་ངོས་འཛིན་དང་ཤེས་རྟོགས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་འདོམས་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་བསྟུན་པ། རང་འགུལ་གྱིས་འགྱུར་ལྡོག་གཏོང་བ། དཀའ་ངལ་དང་ཉེན་ཁར་གདོང་གཏོད་ཕོད་པ། ཉེན་ཁ་གང་ཡོད་གོ་སྐབས་སུ་སྒྱུར་མཁས་པོ་བཅས་བྱས་ཏེ། སྔར་བས་སྤུས་ཚད་མཐོ་བ་དང་། སྔར་བས་ལས་ཆོད་ཆེ་བ། སྔར་བས་དྲང་སྙོམས་ཡིན་པ། སྔར་བས་རྒྱུན་མཐུད་ཐུབ་པ། སྔར་བས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་འགྲོ་བར་གཞོལ་དགོས།
(2020ལོའི་ཟླ་8ཚེས་24ཉིན་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
བདུན།
རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་པས། འཕེལ་རྒྱས་དུས་རིམ་གསར་པའི་བླང་བྱ་གསར་པར་གཞིགས་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྔར་ལས་གནད་འཁེལ་གྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔེར་ན། ཚན་རྩལ་རང་ཚུགས་རང་དར་དེ་རང་རྒྱལ་གྱི་འཚོ་གནས་དང་འཕེལ་རྒྱས་ཇི་ལྟར་ཡོང་བ་ཐག་གཅོད་བྱེད་པའི་རྨང་གཞིའི་ནུས་པ་ཞིག་ཏུ་འགྱུར་བའི་ཐད་དུ་“སྐེ་བཙིར་བའི་”གནད་དོན་མང་པོ་གནས་ཡོད། དཔེར་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་འཕེལ་རྒྱས་ཀྱི་ཧེ་བག་ཅུང་ཆེན་པོ་གནས་ཡོད། གནད་དོན་དེ་ཡང་སྙིང་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་དུ་གནད་དོན་གསར་པ་མང་པོ་ཞིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཤིང་། ལྷག་པར་དུ་ས་ཁོངས་ཁག་དབྱེ་ཕྲལ་བསྐྱར་སྒྲིག་དང་། མི་འབོར་ས་ཁོངས་བརྒལ་ནས་གནས་སྤོ་བྱེད་ཚད་མགྱོགས་སུ་འགྲོ་བ། ཞིང་པས་གྲོང་ཁྱེར་དུ་ཁྱིམ་གཞིས་བཅའ་བའི་འདོད་བློ་ཆུང་དུ་འགྲོ་བ་སོགས་ཀྱི་གནད་དོན་དམ་འཛིན་བྱས་ནས་ཞིབ་འཇུག་བྱེད་དགོས་ལ་བསམ་ཕྱོགས་ཀྱང་ཁ་གསལ་བཟོ་དགོས། དཔེར་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་སྤོ་སྒྱུར་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་བའི་ཐད་དུ་ངོས་འཛིན་གཅིག་མཐུན་ཚད་མཐོན་པོ་བྱུང་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་ནུས་ཁུངས་མ་ལག་ཚད་མཐོན་པོའི་སྒོ་ནས་རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་ལ་བརྟེན་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བའི་མ་ལག་ལྗང་མདོག་ཐཱན་ཉུང་གི་རྣམ་པར་སྤོ་སྒྱུར་བྱེད་པའི་གནོན་ཤུགས་ཧ་ཅང་ཆེ་ཞིང་། 2030ལོའི་གོང་དུ་ཐཱན་འབུད་ཚད་ཡང་རྩེར་སོན་པ་དང་2060ལོའི་གོང་དུ་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་རེད། དཔེར་ན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་བྱུང་བ་དང་སྦྲགས་ནས་ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་འགྱུར་ལྡོག་ཆེ་རུ་འགྲོ་བར་བརྟེན། ངེས་པར་དུ་རང་ཚུགས་རང་དར་དང་སྒོ་འབྱེད་མཉམ་ལས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། རྒྱལ་སྤྱིའི་ལས་བགོས་ནང་ཧུར་ཐག་ཞུགས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་དང་བདེ་འཇགས་ཞིབ་བཤེར་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ནས་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་པ་ཚང་མས་ངོས་ཟིན་བྱུང་ཡོད། མདོར་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བསྟུད་མར་གོ་བ་ཟབ་ལེན་དང་ཐབས་བཀོད་སྔར་བས་གནད་འཁེལ་དོན་ལྡན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བསླུ་མེད་བྱེད་དགོས།
(2021ལོའི་ཟླ་1ཚེས་11ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད།)
བརྒྱད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་“ལོ་ལྔ་ཚན་བཅུ་བཞི་པ་”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཤིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཡིན་པ་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་ཐད་ཀྱི་བླང་བྱ་ཙམ་ཞིག་མིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་ཀྱི་སྤྱིའི་བླང་བྱ་ཞིག་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཙམ་ཞིག་མིན་པར་ས་ཁུལ་ཚང་མའི་འཕེལ་རྒྱས་ཐད་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཞིག དུས་སྐབས་ཤིག་དང་བྱ་བ་ཞིག་གི་བླང་བྱ་ཙམ་ཞིག་མིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཞིག་བཅས་ཡིན། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་གིས་ས་ཁུལ་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་ལ་བཞག་སྟེ། བློ་བརྟན་འགྱུར་མེད་ངང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཀ་ལེགས་པའི་འཚོ་བ་གཏོད་པ་བཅས་དང་ཟུང་འབྲེལ་ནུས་ལྡན་དང་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།
(2021ལོའི་ཟླ་3ཚེས་7ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
དགུ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་དབང་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་མི་ཐུབ་པས། ངེས་པར་དུ་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་དགོས།
ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་དམ་ཚགས་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློ་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་རེས་འཁོར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་པོར་འཛུགས་པ། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་མགྱོགས་སུ་གཏོང་གང་ཐུབ་བྱེད་པ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་པ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
(2022ལོའི་ཟླ་10ཚེས་16ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་ཞུ།)
བཅུ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཞིང་ལས་གོང་དུ་འཕེལ་བ་དང་ཡང་ཁ་འབྲལ་ཐབས་མེད། ཞིང་ལས་སྟོབས་ལྡན་དུ་གྱུར་པ་དང་། ཞིང་ལས་ཐོན་རྫས་འདོན་སྤྲོད་འགན་སྲུང་ཐུབ་པ། དེ་བཞིན་ཟོག་གོང་བརྟན་པོ་དང་མི་སེམས་བདེ་ལ་འབབ་པ་བཅས་བྱུང་ན་དཔལ་འབྱོར་གྱི་སྤྱི་ཡོངས་གཞི་ནས་བརྟན་པོ་ཡོང་ཐུབ། དེང་རབས་ཅན་གྱི་འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་དུ་གཏོང་བར་ཞིང་ལས་དང་གྲོང་གསེབ་ནི་མདུན་ལམ་ཧ་ཅང་ཆེ་བའི་བྱ་བའི་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན། ཞིང་པ་དུང་ཕྱུར་འགའ་སྤྱི་ཡོངས་ནས་དེང་རབས་ཅན་དུ་བསྐྱོད་པ་དེས་གསར་གཏོད་ཀྱི་སྒུལ་ཤུགས་དང་འཛད་སྤྱོད་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ཀྱི་རེད། བཟོ་ལས་དང་ཞིང་ལས་བར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་རེས་འཁོར་ཤར་བགྲོད་བྱ་རྒྱུ་ནི་རྒྱལ་ནང་གི་དཔལ་འབྱོར་རེས་འཁོར་ཆེན་པོ་ཐོགས་མེད་ཡོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་ལྡེམ་ཤུགས་ཆེར་གཏོང་དང་འཐབ་ཇུས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན། ནང་མཁོ་རྒྱ་སྐྱེད་དང་། འཕར་སྣོན་བརྟན་པོ་ཡོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི་ཤུགས་འདོན་ས་དང་ཐོད་བརྒལ་བྱེད་ས་གལ་ཆེན་ཞིག་ཡིན།
(2022ལོའི་ཟླ་12ཚེས་23ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
བཅུ་གཅིག།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “བག་ལེབ་”ཇེ་ཆེ་ཇེ་ལེགས་སུ་བཟོ་བའི་དུས་མཚུངས་སུ། “བག་ལེབ་”བགོ་བཤའ་དེ་བས་ཀྱང་ཡག་པོ་བརྒྱབ་སྟེ། ལས་ཞུགས་དང་། བགོ་བཤའ། སློབ་གསོ། སྨན་བཅོས། སྡོད་གནས། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཤུགས་རྒྱག་པ་དང་། བགོ་བཤའ་ཐེངས་གསུམ་པའི་མཐུན་སྦྱོར་ཆ་འགྲིག་གི་ལམ་ལུགས་མ་ལག་འཛུགས་པ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་བཟོ་བ། རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏོང་བ། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིམས་ལྟར་ཁྲིད་སྟོན་དང་ཚད་ལྡན་དུ་བཟོ་བ་བཅས་བྱས་ཏེ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རིམ་བཞིན་མང་དུ་གཏོང་བ་དང་ཡོང་འབབ་བགོ་བཤའི་ཧེ་བག་ཆུང་དུ་བཏང་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མི་དམངས་ཡོངས་ལ་ལྷག་ཏུ་ཕན་པའི་གསོས་སུ་སྒྲུབ་པར་བྱས་ཏེ། མཐའ་གཉིས་སུ་གྱེས་པ་རྦད་དེ་སྔོན་འགོག་བྱེད་དགོས།
(2023ལོའི་ཟླ་2ཚེས་7ཉིན་གསར་དུ་འགན་བཞེས་མཁན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད།)
བཅུ་གཉིས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། ངེས་པར་དུ་ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ནང་གནས་གཅིག་གྱུར་བྱེད་ལུགས་ལ་བརྟེན་ནས་འཕེལ་རྒྱས་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ལ་བསྡུར་ཞིབ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ངེས་པར་དུ་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་གཅིག་འདོམས་སྔར་ལས་ཡག་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་ཀྱི་འདུ་ཤེས་ཇེ་ཆེར་སྐྱེད་པ་དང་། སྤུས་ཚད་དེ་ཚེ་སྲོག་ལྟར་གཅེས་པ། སྤུས་ཚད་མཐོ་བ་དོན་གཉེར་དུ་བརྩི་བ་བཅས་བྱེད་དགོས་པ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་འབྱེད་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་གཏོང་སྟངས་ཟབ་ཏུ་སྒྱུར་བ། ལས་ཕྱོད་གསར་སྒྱུར་དང་སྒུལ་ཤུགས་གསར་སྒྱུར་ལ་བརྟེན་ནས་སྤུས་ཚད་གསར་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་ཐུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་ཆགས་པར་བྱེད་དགོས། ངེས་པར་དུ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་འགོ་ཚུགས་ས་དང་དོན་ལ་འབབ་སར་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འཚོ་བའི་སྤུས་ཀར་མུ་མཐུད་བསྒྱུར་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(2023ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་སུའུ་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
བཅུ་གསུམ།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་འགྲོ་ལམ་ཞིག་ཡིན། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ང་ཚོས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་དགོས་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་དགེ་མཚན་གསར་པ་སྐྲུན་པར་རྩ་བའི་ཐོག་ནས་བཤད་ན་ཚན་རྩལ་གསར་གཏོད་ལ་རྟེན་དགོས། ང་ཚོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཐུབ་མིན་དེ་ཚན་རྩལ་རང་ཚུགས་རང་དར་ལ་རག་ལས་ཡོད།
(2023ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་སུའུ་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
བཅུ་བཞི།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་གཏོད་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་ཡིན། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་དང་། བཟོ་ལས་ཅན་གསར་པར་སྐུལ་སྤེལ་གཏིང་ཟབ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་གནད་ཆེའི་ལག་རྩལ་སྒྲིག་ཆས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་སྐྲུན་ལས་རིགས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བླང་བྱར་གཞིགས་ནས་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་དང་ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་སྤེལ་བཏང་སྟེ། ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་བརྟན་པོའི་སྒོ་ནས་ཆེ་རུ་གཏོང་དགོས།
(2023ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཅང་སུའུ་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
བཅོ་ལྔ།
རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་འཐབ་ལམ་གསར་པའི་ཐོག་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་རང་ཚུགས་རང་དར་བྱེད་པའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་། ཐོན་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(2023ལོའི་ཟླ་3ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།)
བཅུ་དྲུག།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། འཕེལ་རྒྱས་ཀྱི་བྱེད་ཐབས་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་ཁྱབ་ཁོངས། འཕེལ་རྒྱས་ཀྱི་སྤུས་ཚད་བཅས་ཀྱི་རྩ་སྒྱུར་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
(2023ལོའི་ཟླ་7ཚེས་25ཉིན་ནས་ཚེས་27ཉིན་བར་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།)
བཅུ་བདུན།
ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་གཞི་རྩའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་རང་འགུལ་ངང་བསྟུན་པ་དང་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དེ་བཟོ་ལས་ཅན་གསར་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་གྲངས་ཀའི་དཔལ་འབྱོར་དང་ཐོན་ལས་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་རྒྱུ་སོགས་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་སྟོབས་ཆེན་སྐྲུན་དགོས།
(2023ལོའི་ཟླ་9པར་བཟོ་ལས་ཅན་གསར་པར་སྐུལ་སྤེལ་གཏོང་བའི་ཐད་ལ་གནང་བའི་མཛུབ་སྟོན།)
བཅོ་བརྒྱད།
འགོ་ཁྲིད་ལས་བྱེད་པས་མི་དམངས་ལ་ཕན་བདེ་སྐྲུན་པའི་སྲིད་དོན་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། རང་རེའི་གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་བྱས་འབྲས་འཇོག་དོན་ནི་མི་དམངས་ལ་ཕན་བདེ་སྐྲུན་ཆེད་ཡིན་པ་ལས། སྒེར་གྱི་ཐོབ་ཤོར་ཆེད་དུ་མིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་ཆེ་རྔམ་ཕྱི་གཉེར་དང་རྨོངས་ཚོད་ཡ་ཡུག་ལ་ངོ་རྒོལ་བྱེད་དགོས་པ་དང་། བྱ་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་བརྩོན་ལེན་རྒྱུན་འཁྱོངས་ཀྱིས་ཕྱི་མཛེས་ནང་སྟོང་དང་གྲངས་གཞི་རྫུན་བཟོར་ངོ་རྒོལ་བྱེད་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་རྒྱུན་འཁྱོངས་ཀྱིས་ཉ་ལ་བརྔམས་ནས་རྫིང་ཆུ་གློད་པ་དང་དམངས་དུབ་རྒྱུ་ཟད་ལ་ངོ་རྒོལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་བྱས་འབྲས་ཀྱི་ལྟ་བའི་ནང་དོན་གལ་ཆེན་དུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་འབྲས་འབྲས་ཀྱི་དཔྱད་ཞིབ་དང་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་བཀོད་འདོམས་དབྱུག་པ་ལྟ་བུའི་ནུས་པ་ཡག་པོ་འདོན་པ། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་སྲིད་དོན་བྱས་འབྲས་ཀྱི་ལྟ་བ་ཡང་དག་ལག་བསྟར་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡང་དག་པའི་ལས་ཀའི་སྟོན་ཕྱོགས་ཤིག་ཏན་ཏིག་ཆགས་པར་བྱེད་དགོས།
(2023ལོའི་ཟླ་12ཚེས་21དང་ཚེས་22ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།)
བཅུ་དགུ།
ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཡིན་པ་བློ་ལ་བརྟན་པོར་ངེས་ནས། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། གཏིང་རིམ་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་གཅིག་འདོམས་ཀྱིས་སྐུལ་སྤེལ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་འདོམས་བྱེད་པ་སོགས་འཐབ་ཇུས་ལས་འགན་དོན་འཁྱོལ་གནད་འཁེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས།
(2024ལོའི་ཟླ་1ཚེས་31ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད།)
ཉི་ཤུ།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན། འདི་གར་ངས་དེའི་སྐོར་གྱི་ངོས་འཛིན་འགའ་གཙོ་གནད་དུ་བཟུང་ནས་གླེང་རྒྱུ་ཡིན།
ན་ནིང་ཟླ་7པ་ནས་བཟུང་། ངས་སི་ཁྲོན་དང་། ཧེ་ལུང་ཅང་། ཀྲེ་ཅང་། ཀོང་ཞི་སོགས་ས་ཁུལ་དུ་རྟོག་ཞིབ་དང་བརྟག་ཞིབ་བྱེད་སྐབས་ཚན་རྩལ་གསར་གཏོད་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པར་བྱེད་དགོས་པའི་གྲོས་འགོ་བཏོན་པ་ཡིན། ཟླ་12པའི་ཟླ་དཀྱིལ་དུ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངས་སླར་ཡང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་རྩ་སློག་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་ལག་རྩལ་ལ་བརྟེན་ནས་ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་བྱས་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད། ངས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཞེས་པའི་ཐ་སྙད་འདི་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་འདི་བཏོན་དགོས་དོན་གཙོ་བོ་ནི། ཐོན་སྐྱེད་ནུས་ཤུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྩ་བའི་སྒུལ་ཤུགས་ཡིན་ལ། སྤྱི་ཚོགས་འགྱུར་ལྡོག་དང་ཆབ་སྲིད་འཕོ་འགྱུར་མཐའ་དག་གི་མཐར་ཐུག་གི་རྒྱུ་རྐྱེན་ཡང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་པའི་ཐོག་ནས་མཛུབ་སྟོན་བྱེད་དགོས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་ལག་ལེན་ནང་གྲུབ་པར་མ་ཟད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས་དང་འདེགས་སྐྱོར་བྱེད་ནུས་ཆེན་པོའང་མངོན་པར་བྱས་ཡོད་པས། ང་ཚོས་རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་ཅི་ཞིག་ཡིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཇི་ལྟར་འཕེལ་རྒྱས་གཏོང་དགོས་སམ་ཞེ་ན། དེའི་སྐོར་ལ་ངས་སྔར་ནས་ད་བར་བསམ་བློ་གཏོང་བཞིན་ཡོད་ལ། རིག་གཞུང་རིགས་ཁོངས་ཀྱི་ཞིབ་འཇུག་གྲུབ་འབྲས་འགའ་ཤས་ཤིག་ལའང་དོ་སྣང་བྱུང་། མདོར་བསྡུས་ནས་བཤད་ན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྣོན་གཏོང་སྟངས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཐབས་ལས་གྲོལ་བ། ཚན་རྩལ་མཐོ་བ་དང་། ནུས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་འཚམ་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་རྣམ་པ་ཞིག་ཡིན། དེ་ནི་ལག་རྩལ་གསར་བརྗེ་རང་བཞིན་གྱི་འགག་སྒྲོལ་དང་། ཐོན་སྐྱེད་ཀྱི་བདག་རྐྱེན་གསར་གཏོད་རང་བཞིན་གྱི་བགོ་སྒྲིག །ཐོན་ལས་གཏིང་ཟབ་པའི་སྒོ་ནས་རིགས་སྒྱུར་རིམ་སྤར་བཅས་ལས་བྱུང་ཞིང་། ངལ་རྩོལ་པ་དང་།ངལ་རྩོལ་གྱི་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་དེ་བཞིན་ལེགས་སྒྱུར་སྡེབ་སྒྲིག་གི་མཆོང་སྐྱོད་དེ་གཞི་རྩའི་ནང་དོན་དུ་བྱེད་པ་དང་། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་ལས་ཕྱོད་ཆེས་ཆེར་མཐོ་རུ་གཏོང་རྒྱུ་དེ་མཚོན་རྟགས་གཙོ་བོར་བྱེད་པ། ཁྱད་ཆོས་ནི་གསར་གཏོད་ཡིན་པ་དང་། འགག་རྩ་ནི་སྤུས་ཚད་བཟང་པོར་ཐུག་པ། ངོ་བོ་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཡིན།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ནི་གསར་གཏོད་ཡིན་ཞིང་། དེའི་ནང་དུ་ལག་རྩལ་དང་ལས་རིགས་དཔེ་རྣམ་ཐད་ཀྱི་གསར་གཏོད་ཚུད་ཡོད་ལ། དོ་དམ་དང་ལམ་ལུགས་ཐད་ཀྱི་གསར་གཏོད་ཀྱང་ཚུད་ཡོད། ངེས་པར་དུ་གསར་གཏོད་ཀྱི་བྱ་གཞག་ཆེན་པོ་འདི་མུ་མཐུད་ནས་ཡག་པོར་བརྩམས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
(2024ལོའི་ཟླ་1ཚེས་31ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད།)
ཉེར་གཅིག།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏེ་ལས་འགན་ཨང་དང་པོ་འདི་སྟངས་འཛིན་ནན་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ་ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་གྱིས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དེང་བརྒལ་གྱི་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བཅས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་དང་བློས་བཏང་བ་ཞིག་མིན་པས་འུར་ཐེངས་གཅིག་ལ་སྤེལ་བ་དང་དོན་སྟོང་ཅན་ལ་འགྱུར་རྒྱུ་བཀག་འགོག་བྱེད་དགོས་ལ། དཔེ་རྣམ་གཅིག་ཁོ་ནའང་བྱེད་མི་རུང་། ས་གནས་ཁག་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་ཀྱིས་སྔོན་འཛུགས་རྗེས་གཏོར་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བཅས་བྱས་ནས་ས་གནས་དེ་གའི་ཐོན་ཁུངས་ཀྱི་དགེ་མཚན་དང་། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིགས་ཏེ་གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། དཔེ་རྣམ་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱས་ཏེ་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།
(2024ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
ཉེར་གཉིས།
ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་གལ་ཆེའི་བྱེད་ཐབས་ཇུས་འགོད་སྔར་ལས་ལྷག་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བར་སྒུལ་ཤུགས་ཆེན་པོ་རྒྱུན་མཐུད་སྣོན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། བདག་རྐྱེན་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ཟབ་སྤེལ་དང་། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱས་ཏེ། ཐོན་དབང་སྲུང་སྐྱོབ་དང་། ཚོང་རར་ཞུགས་འཐུས། དྲང་སྙོམས་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་འཐུས་ཚང་དུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་བྱས་ཏེ། དམངས་གཉེར་ཁེ་ལས་ཚོང་རའི་འགྲན་རྩོད་ནང་དྲང་སྙོམས་ངང་ཞུགས་པར་ཚོད་འཛིན་ཐེབས་པའི་འགལ་རྐྱེན་ནུས་ལྡན་ངང་སེལ་བ་དང་། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་དར་རྒྱས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱས་ཏེ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་དང་། སློབ་གསོའི་སྒྲིག་སྲོལ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་སོགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཐེབས་པའི་འགག་ས་དང་ཐོགས་ས་ནུས་ཤུགས་ཡོད་རྒུས་སེལ་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བཏོད་དེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་དགེ་མཚན་གསར་པ་གཏོད་དགོས།
(2024ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད།)
འཇམ་དབྱངས་ཆོས་སྒྲོན་གྱིས་བསྒྱུར།