2024ལོའི་དུས་ཚིགས་དང་པོར་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ནང་གི་དཀའ་ངལ་དང་འགྲན་སློང་མདུན་དུ་ལྷགས་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བརྟན་ཐོག་ཡར་འཕེལ་དང་། འཕེལ་ཐོག་བརྟན་གཏོང་། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ། སྔོན་ཚུད་ནས་ཤུགས་བརྒྱབ་སྟེ་སྤྱི་ཁོག་སྲིད་ཇུས་ལག་བསྟར་དང་། རྩ་བ་བརྟན་དུ་བཏང་ནས་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་བཏང་བ་དང་། སྔོན་དཔག་བརྟན་པོ་དང་། འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་ལས་དོན་འབུར་དུ་ཐོན་ནས་བསྒྲུབས་པ་དང་། བྱེད་སྟངས་སྒྱུར་བ་དང་། གྲུབ་ཚུལ་ལེགས་སྒྲིག །སྤུས་ཚད་མཐོར་འདེགས། ཕན་འབྲས་འཕར་སྣོན་བཅས་ཀྱི་ཐད་ཧུར་ཐག་བརྩོན་ལེན་བྱས་པས། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་ལ་འཕར་སྣོན་ཅུང་མགྱོགས་པ་དང་། གྲུབ་ཚུལ་ལེགས་འགྱུར། སྤུས་ཚད་དང་ཕན་འབྲས་ལེགས་སུ་ཐོན་པ་བཅས་ཀྱི་ཁྱད་ཆོས་མངོན་པ་དང་། བསྐྱར་འཕར་ལེགས་འགྱུར་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་ཆེ་རུ་ཕྱིན་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་འགྲུབ་ཡོང་བར་རྨང་གཞི་ཅུང་ལེགས་པོ་ཞིག་བཏིང་ཡོད།
གཅིག །སྤྱི་ཁོག་གི་དམིགས་ཚད་ངོས་ནས་བལྟས་ན། དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཚུགས་པ་བརྟན་པོ་དང་ཡག་པོ་བྱུང་ཡོད།
བརྟན་བརླིང་ནི་སྤྱི་ཡོངས་དང་རྨང་གཞི་ཡིན། ང་ཚོ་འདི་འདྲའི་དཔལ་འབྱོར་དངོས་ཚན་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་མཐའ་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡིན་མིན་ལ་ལྟ་ཞིབ་བྱེད་སྐབས། རྒྱུན་དུ་སྤྱི་ཁོག་གི་དམིགས་ཚད་ཆེན་པོ་བཞི་ལ་ལྟ་དགོས་པ་སྟེ། དཔལ་འབྱོར་འཕར་སྣོན་དང་། ལས་ཞུགས། ཟོག་གོང་། རྒྱལ་སྤྱིའི་གཏོང་ཡོང་གི་གནས་ཚུལ་བཅས་ལ་ལྟ་དགོས། ད་ལོ་ནས་བཟུང་། སྤྱི་ཁོག་སྡེབ་སྒྲིག་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་དང་བསྟུན་ནས་དཔལ་འབྱོར་འཕར་སྣོན་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡིན་པ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཞིང་། “བརྟན་པོའི་”རྨང་གཞི་མུ་མཐུད་སྲ་བརྟན་དུ་ཕྱིན་ཡོད། ཕྱི་ཕྱོགས་ཀྱི་བརྟན་བརླིང་མིན་པ་དང་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་མི་འདང་བའི་རྒྱབ་ལྗོངས་ཆེན་པོའི་འོག །རང་རྒྱལ་གྱི་སྤྱི་ཁོག་དཔལ་འབྱོར་ཆེན་མོ་བརྟན་བརླིང་མཐའ་འཁྱོངས་བྱས་པ་དེ་ལས་སླ་པོ་ཞིག་མིན།
དཔལ་འབྱོར་འཕར་སྣོན་བརྟན་པོའི་ངང་འཕར་བ་དང་། ཐོན་སྐྱེད་དགོས་མཁོའི་དམིགས་ཚད་ཅུང་མགྱོགས་པོ་འཕར་ཡོད། དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་29.6ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་5.3%འཕར་བ་དང་ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས་0.1མགྱོགས་སུ་ཕྱིན་ཡོད། དུས་ཚིགས་ཀྱི་རྒྱུ་རྐྱེན་ལེགས་སྒྲིག་བྱས་རྗེས་སྔོན་མ་ལས་1.6%འཕར་ནས་དུས་ཚིགས་7ལ་བསྟུད་མར་འཕར་ཚད་མཐའ་འཁྱོངས་བྱས་ཡོད། ཐོན་སྐྱེད་ངོས་ནས་བལྟས་ན། ཕྱི་ནང་གི་དགོས་མཁོ་བསྐྱར་འཕར་བྱུང་བ་དེས་བཟོ་ལས་ཐོན་སྐྱེད་མགྱོགས་སུ་འགྲོ་བར་སྐུལ་ཁྲིད་བྱེད་པ་དང་ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་ཡག་པོ་བྱུང་ཞིང་། དེ་གཉིས་ཀྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་ཁྱོན་བསྡོམས་93.1%ཟིན་ཡོད། དེའི་ནང་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.0%འཕར་བ་དང་། ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས་0.8མགྱོགས་སུ་ཕྱིན་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་37.3%ཟིན་ནས་བརྒྱ་ཆའི་གྲངས་གནས་7.3འཕར་ཡོད། དགོས་མཁོའི་ངོས་ནས་བལྟས་ན། འཛད་སྤྱོད་ཀྱི་བག་ཉལ་སྟོབས་ཤུགས་རྒྱུན་ཆད་མེད་པར་གྲོལ་གཏོང་བྱས་པ་དང་། མ་དངུལ་འཇོག་པ་དང་ཕྱིར་གཏོང་གི་འཕར་ཚད་ལེགས་ཕྱོགས་སུ་འཕར་བ། “ཤིང་རྟ་འཁོར་ལོ་གསུམ་”གྱི་སྐུལ་ཁྲིད་སྔར་བས་མཐུན་སྦྱོར་ཡོང་བ་བཅས་བྱུང་ཡོད། དུས་ཚིགས་དང་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དང་ཞབས་ཞུའི་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་སོ་སོར་4.7%དང་10.0%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་(ཞིང་དུད་ཚུད་མེད་)4.5%འཕར་བ་དེ་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་གནས་1.5མགྱོགས་སུ་ཕྱིན་ཡོད། དངོས་ཟོག་དང་ཞབས་ཞུའི་ཕྱིར་གཏོང་ཁེར་གཙང་གི་སྐུལ་ཁྲིད་ནུས་པ་ཆེ་རུ་ཕྱིན་ནས་ལེགས་སྐྱེས་འབུལ་ཚད་14.5%འཕར་ཡོད། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཐད་ཀར་མཚོན་ཐུབ་པའི་དངོས་པོའི་གྲངས་འབོར་གྱི་དམིགས་ཚད་འགའ་ཞིག་གི་འཕར་ཚད་ཅུང་མགྱོགས་པོ་མཐའ་འཁྱོངས་བྱས་ཡོད། དུས་ཚིགས་དང་པོར་ཚད་ལོན་ཡན་གྱི་བཟོ་ལས་གློག་འདོན་ཚད་དུས་མཚུངས་ལས་6.7%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གློག་འདོན་ཚད་9.8%འཕར་ཡོད། ཟོག་འདྲེན་བྱེད་ཚད་5.0%འཕར་བ་དང་། ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་20.5%འཕར་བ། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་6.1%འཕར་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་འཕེལ་བ་མཚོན་པ་དང་དཔལ་འབྱོར་འཕར་ཚད་5.3%ལ་འདེགས་སྐྱོར་ཡོད་པ་གསལ་པོར་བསྟན་ཡོད། གོ་ལ་ཧྲིལ་པོར་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་དེ་དཔལ་འབྱོར་དངོས་ཚན་གཙོ་བོའི་ནང་མུ་མཐུད་སྔོན་ཐོན་མཐའ་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད་པ་དང་། སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།
ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་མར་ཆག་ཡོད། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་བརྟན་བརླིང་གི་རྨང་གཞི་ཡིན་པ་དང་། ལས་ཞུགས་བརྟན་བརླིང་ནི་དཔལ་འབྱོར་བརྟན་བརླིང་མཚོན་བྱེད་གལ་ཆེན་ཞིག་ཡིན། དཔལ་འབྱོར་འཁོར་སྐྱོད་བསྐྱར་འཕར་དང་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་ཟླ་3པ་ནས་བཟུང་ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་མགྱོགས་སུ་ཕྱིན་པ་དང་། ངལ་རྩོལ་ནུས་ཤུགས་ཚོང་རའི་འཁྲུག་ཆ་ཆེ་རུ་ཕྱིན་པ། ཞབས་ཞུའི་ལས་རིགས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་ཚད་མང་དུ་ཕྱིན་པ་བཅས་ཀྱིས་ལས་ཞུགས་གནས་བབ་ལེགས་སུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་སྙོམས་ཐང་5.2%ཡིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་0.3མར་ཆག་ཡོད། དེའི་ནང་ཟླ་3པ་ནི་5.2%ཡིན་པ་དང་། དུས་མཚུངས་དང་བསྡུར་ན་སྔོན་མ་ལས་བརྒྱ་ཆའི་གྲངས་གནས་0.1མར་ཆག་ཡོད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཞབས་ཞུའི་ལས་རིགས་ཀྱི་ཆ་སྙོམས་ལས་ཞུགས་མི་གྲངས་དུས་མཚུངས་ལས་ཁྲི་1000ཡན་འཕར་བ་དང་། དེའི་ནང་ཞག་སྡོད་བཟའ་བཏུང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་བརྒྱུད་གཏོང་སོགས་ལས་རིགས་ཀྱི་ལས་ཞུགས་མི་གྲངས་མང་དུ་ཕྱིན་པ་ཅུང་མང་པོ་རེད། གྲོང་ཁྱེར་ཆེ་གྲས་ཀྱི་དཔལ་འབྱོར་གསོན་ཤུགས་བལྟོས་བཅས་སྒོས་ཅུང་ཆེ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་དེ་ལོ་གོང་མའི་ཟླ་12པ་ནས་བཟུང་བསྟུད་མར་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་ལས་དམའ་ཡོད་པས། རྒྱལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཚོང་ར་ལེགས་སུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
གྲོང་མིའི་འཛད་སྤྱོད་རིན་གོང་ཆག་མཚམས་བཞག་ནས་བརྟན་པོ་བྱུང་བ་དང་། ལྟེ་བའི་CPIདལ་མོའི་ངང་ཡར་འཕར་བ་མཐའ་འཁྱོངས་བྱས་ཡོད། དུས་ཚིགས་དང་པོར་གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་གྲངས་(CPI)དུས་མཚུངས་དང་མཉམ་པ་དང་། ལོ་གོང་མའི་དུས་ཚིགས་བཞི་པར་0.3%མར་ཆག་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་མི་ཚུད་པའི་ལྟེ་བའི་CPIདེ་0.7%འཕར་བ་དང་ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས་0.1འཕར་ཡོད་ལ། དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན། ཟླ་རེའི་ངོས་ནས་བལྟས་ན། ཟླ་དང་པོར་CPIདུས་མཚུངས་ལས་0.8%མར་ཆག་པ་དང་། ཟླ་2པར་0.7%ཡར་འཕར་ནས་བསྟུད་མར་ཟླ་བ་4ལ་དུས་མཚུངས་ལས་མར་ཆག་པའི་རྣམ་པ་མཇུག་བསྒྲིལ་ཡོད། ཟླ་3པར་0.1%ཡར་འཕར་བ་དང་འཕར་ཚད་ཅུང་ཆག་པ་དེ་གཙོ་བོ་དཔྱིད་གསར་དུས་ཆེན་རྗེས་ཀྱི་བཟའ་བཅའ་དང་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་རིན་གོང་དུས་ཚིགས་རང་བཞིན་གྱི་མར་ཆག་པ་ལས་བྱུང་བ་རེད། ཕྱོགས་བསྡུས་ནས་བལྟས་ན། CPIའགྱུར་ལྡོག་གི་གྲུབ་ཆའི་རང་བཞིན་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཅུང་མངོན་གསལ་དོད་པ་སྟེ། ཟླ་3པར་གྲོང་མིའི་འཛད་སྤྱོད་རིན་གོང་གི་ཚོང་ཟོག་རིགས་ཆེན་པོ་བརྒྱད་ནང་བཟའ་བཅའ་དང་། ཐ་མག །ཆང་། འགྲིམ་འགྲུལ་འཕྲིན་གཏོང་བཅས་ཀྱི་རིན་གོང་དུས་མཚུངས་ལས་ཅུང་མར་ཆག་ཡོད་མོད། འོན་ཀྱང་གྱོན་ཆས་དང་། སློབ་གསོ། རིག་གནས། རོལ་རྩེད། འཚོ་བའི་མཁོ་ཆས། ཞབས་ཞུ་སོགས་ཀྱི་རིན་གོང་ཚང་མ་སོ་སོར་1.6%དང་། 1.8%དང་། 1.0%བཅས་འཕར་ཡོད། དུས་རིམ་རྗེས་མའི་འཕེལ་ཕྱོགས་ལ་བལྟས་ན། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་བྱུང་བ་དང་ཆབས་ཅིག་འཛད་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་སྲིད་ཇུས་མགྱོགས་མྱུར་དོན་འཁྱོལ་བྱུང་བ་དང་། “ལྔ་གཅིག་”དང་ལྔ་པའི་ཚེས་ལྔ་སོགས་དུས་ཆེན་དང་ངལ་གསོའི་དུས་ཆེན་གྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་ནས་གྲོང་མིའི་འཛད་སྤྱོད་དགོས་མཁོ་མུ་མཐུད་སླར་གསོ་བྱུང་ཐུབ་པའི་རེ་བ་ཡོད་པ་དང་། ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་བ་དེས་ཀྱང་འཛད་སྤྱོད་ནུས་པ་དང་འདོད་མོས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་དང་། དུས་མཚུངས་སུ་མཇུག་བཀྱག་མར་འཐེན་གྱི་ཤུགས་རྐྱེན་སྤྱི་ཡོངས་ནས་ཉུང་དུ་ཕྱིན་ཡོད། རྒྱུ་རྐྱེན་དེ་དག་གིས་ཟོག་གོང་བརྟན་པོའི་ངང་འཁོར་སྐྱོད་དང་དལ་མོའི་ངང་ཡར་འཕར་བར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད།
རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་བ་དང་། དངོས་ཟོག་ཉོ་ཚོང་གི་སྤུས་ཚད་འཕར་བ་དང་གྲངས་འབོར་བརྟན་པོ་བྱུང་ཡོད། ཕྱི་ཕྱོགས་ཀྱི་བརྟན་བརླིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མང་པོའི་མདུན་དུ་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་གྱི་གཞི་རྩ་བརྟན་དུ་བཏང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་མཉམ་འགུལ་གྱི་ཕན་ནུས་ཆེ་རུ་བཏང་ཞིང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད། དངོས་ཟོག་ཉོ་ཚོང་གི་ངོས་ནས་བལྟས་ན། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ཀྱི་དགེ་མཚན་ཇེ་བརྟན་དུ་ཕྱིན་ཡོད། དུས་ཚིགས་དང་པོར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ཐོག་མར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་10.17ཟིན་པ་དང་། དུས་མཚུངས་ལས་5.0%འཕར་བ་དང་འཕར་ཚད་དེས་དུས་ཚིགས་དྲུག་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད། གཙོ་གནད་ཚོང་ཟོག་ཕྱིར་གཏོང་བྱེད་པའི་འཕེལ་ཚུལ་བཟང་པོ་ཡོད་པ་དང་། ཐོན་འབོར་ཆེ་བའི་ཚོང་ཟོག་དང་དམངས་འཚོའི་འཛད་རྫས་ནང་འདྲེན་བྱེད་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། དམངས་གཉེར་ཁེ་ལས་ཀྱིས་ཕྱི་ཕྱོགས་ཉོ་ཚོང་གི་གཙོ་ཤུགས་དམག་དཔུང་གི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཡོད། ཞབས་ཞུའི་ཉོ་ཚོང་ངོས་ནས་བལྟས་ན། རྒྱལ་མཚམས་བརྒལ་བའི་ཡུལ་སྐོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ཉོ་ཚོང་བརྟན་པོའི་ངང་འཕར་བ་དང་། ཞབས་ཞུའི་ཉོ་ཚོང་གྲུབ་ཆ་ལེགས་སུ་ཕྱིན་བཞིན་ཡོད། ཟླ་1པོ་ནས་2པའི་བར། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཚུངས་ལས་22.8%འཕར་བ་དང་། དེའི་ནང་ཕྱིར་གཏོང་བྱེད་ཚད་དང་ནང་འདྲེན་བྱེད་ཚད་སོ་སོར་17.9%དང་26.5%འཕར་ཡོད། ཕྱོགས་བསྡུས་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ངོས་ནས་བལྟས་ན། ཕྱི་དངུལ་དོ་དམ་ཅུས་ཀྱི་གཞི་གྲངས་ལྟར་ན་དུས་ཚིགས་དང་པོར་དྲང་ཆད་ཨ་སྒོར་དུང་ཕྱུར་600ལས་བརྒལ་ནས་སྔོན་མའི་དུས་མཚུངས་ཀྱི་ཆུ་ཚད་ལྟར་ཅུང་མཐོ་བར་གནས་ཡོད། ཕྱི་དངུལ་ཕྱི་གསོག་གི་ངོས་ནས་བལྟས་ན། རྒྱལ་མཚམས་ལས་བརྒལ་བའི་མ་དངུལ་འཁོར་རྒྱུག་སྤྱིའི་ཆ་ནས་དོ་མཉམ་ཡིན་པ་དང་། ཕྱི་དངུལ་ཕྱི་གསོག་བརྟན་པོ་མཐའ་འཁྱོངས་བྱས་ཡོད། ཟླ་3པའི་ཟླ་མཇུག་ཏུ་ཕྱི་དངུལ་གྲབས་གསོག་ལྷག་གྲངས་ཨ་སྒོར་དུང་ཕྱུར་32457ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཨ་སྒོར་དུང་ཕྱུར་77འཕར་ཡོད། མི་དམངས་ཤོག་སྒོར་ཨ་སྒོར་ལ་བརྗེས་པའི་འཛའ་ཐང་གི་བར་མའི་རིན་གོང་ནི་ཨ་སྒོར་རེར་མི་དམངས་ཤོག་སྒོར་7.0950ཡིན་པ་དང་གཞི་རྩའི་ཆ་ནས་བརྟན་འཁྱོངས་ཐུབ་ཡོད།
གཉིས། འཕེལ་རྒྱས་ཀྱི་སྤུས་ཚད་ངོས་ནས་བལྟས་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་“རིན་ཐང་”རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
མདུན་སྐྱོད་ནི་ཁ་ཕྱོགས་དང་སྒུལ་ཤུགས་ཡིན། “རྒྱུས་པ་དང་རུས་པ་སྲ་མོ་ཡིན་ན་”གཞི་ནས་“ལུས་སྟོབས་རྒྱས་”ཐུབ་པ་དང་། སྤུས་ཚད་“མཐོ་”ན་གཞི་ནས་འཕེལ་རྒྱས་“བརྟན་པོ་”ཡོང་ཐུབ། དུས་ཚིགས་དང་པོར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་བསྟུན་ནས། གྲུབ་ཚུལ་ལེགས་འགྱུར་དང་སྤུས་ཚད་དང་ཕན་འབྲས་ལེགས་སུ་ཐོན་པར་མུ་མཐུད་སྐུལ་འདེད་བཏང་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་ཕྱོགས་ལ་འཕེལ་རྒྱས་གསར་པ་བྱུང་བ། རིགས་སྒྱུར་རིམ་སྤར་བསགས་མང་སྒྲུབ་སླར་འགྱུར་བ། “མདུན་སྐྱོད་”ཀྱི་འཕེལ་ཕྱོགས་སྔར་ལས་མངོན་གསལ་དོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་འཕེལ་ཕྱོགས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད།
སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཚར་ལོངས་བྱུང་ཡོད། ཚན་རྩལ་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྲོག་ཤིང་ལྟ་བུའི་རྒྱུ་རྐྱེན་གཙོ་བོ་ཡིན། ལོ་གསར་པ་ནས་བཟུང་། རང་རྒྱལ་གྱི་ཚན་རྩལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་། རྒྱལ་ཁབ་ཆེན་པོའི་གྲུབ་འབྲས་ཆེན་པོ་ཡང་ཡང་“གསར་དུ་ཐོན་པ་”དང་། རྒྱལ་ནང་གི་“ས་ངོས་ཀྱི་བར་སྣང་ས་ཚིགས་”ཐོག་མ་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཀྲའོ་ཝ་300རིམ་པ་དང་Fརིམ་པའི་རླངས་འབར་འཕྲུལ་འཁོར་ལྕི་རིགས་ཀྱི་མ་དཔེའི་འཕྲུལ་འཁོར་དང་པོ་དེ་ཐོག་མར་སྒྲིག་སྦྱོར་བྱས་པར་མ་ཟད། རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་AG60Eགློག་སྒུལ་གནམ་གྲུ་ཐོག་མར་འཕུར་བ། “ཤར་གྲངས་ནུབ་རྩིས་”ཀྱི་400Gའོད་ཡོངས་ཞིང་ཆེན་དབར་གྱི་རྐང་འཛིན་དྲ་བ་ཐོག་མ་དངོས་སུ་ཚོང་སྤྱོད་བྱས་པ་བཅས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྒུལ་ནུས་གསར་པ་བསྣན་ཡོད། དུས་མཚུངས་སུ་ཚན་རྩལ་གྲུབ་འབྲས་སྔར་ལས་མང་བ་ཚོད་ལྟ་ཁང་ནས་ཐོན་པ་དང་ཐོན་སྐྱེད་བྱེད་རིམ་དང་མི་སེར་གྱི་འཚོ་བའི་ནང་ཞུགས་བཞིན་ཡོད་པས། མ་དཔེ་དང་། ཐོན་རྫས། ཚོང་ཟོག་བཅས་ནུས་ལྡན་ངང་འཕོ་འགྱུར་བྱུང་བ་དང་། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྨང་གཞིའི་འཛུགས་སྐྲུན་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྔར་བས་ཚོར་ཐུབ་པ་དང་རེག་ཐུབ་པ་བཅས་བྱུང་ཡོད། དུས་ཚིགས་དང་པོར་ཚད་ལོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.5%འཕར་བ་དེ་ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས་2.6མགྱོགས་སུ་ཕྱིན་པ་དང་། དེའི་ནང་གློག་འདྲེན་ཕྱེད་རྫས་ལྷུ་ཆས་ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་དང་། འདུས་གྲུབ་གློག་ལམ་བཟོ་སྐྲུན། རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་བཅས་ལས་རིགས་ཚང་མ་གྲངས་གནས་གཉིས་འཕར་བ་མངོན་འགྱུར་བྱུང་ཡོད། གཞི་གྲངས་ཆེན་པོ་དང་ཟོག་སྦྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པས་ཚོང་ཟོག་ཐོན་སྐྱེད་འཁོར་རྒྱུག་ཕྱིར་ཚོང་གི་བརྒྱུད་རིམ་ཧྲིལ་པོ་རིམ་སྤར་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་པ་དང་། ཐད་གཏོང་ཚོང་འགུག་དང་། དུས་ཐོག་སིལ་ཚོང་། བློ་གྲོས་ཟོག་འགྲེམས་སོགས་དཔེ་རྣམ་གསར་པ་དང་ལས་རྣམ་གསར་པ་ཐོན་ནས་དངོས་རྫས་ཚོང་ཟོག་དྲ་ཐོག་སིལ་ཚོང་བྱེད་ཚད་11.6%འཕར་བར་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་23.3%ཟིན་ཡོད། 5Gརྨང་གཞིའི་སྦྲེལ་ཚུགས་དང་རྩིས་ཤུགས་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་མགྱོགས་མྱུར་བསྐྲུན་ནས་ཟླ་3པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་5Gརྨང་གཞིའི་སྦྲེལ་ཚུགས་ཁྲི་364.7བསྐྲུན་ཚར་བ་དང་5Gསྤྱོད་མཁན་ཁྱབ་གདལ་གཏོང་ཚད་60%ལས་བརྒལ་ཡོད།
དཔལ་འབྱོར་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པའི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་ཕྱོགས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། དུས་ཚིགས་དང་པོར་བཟོ་སྐྲུན་ལས་རིགས་ཡོངས་ཀྱི་འཕར་ཐང་དུས་མཚུངས་ལས་6.4%འཕར་བ་དང་། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་27.0%ཟིན་པ་དེ་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་གནས་0.8འཕར་ཡོད། ཚད་ལོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་ཚད་ལོན་ཡན་གྱི་བཟོ་ལས་ནང་བཟུང་བའི་བསྡུར་ཚད་སོ་སོར་31.8%དང་15.2%འཕར་ཡོད། ནང་མཁོའི་སྒུལ་ཤུགས་ཀྱི་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་དང་འཛད་སྤྱོད་ནི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་“གྲུ་རྡོ་”ཡིན། དུས་ཚིགས་དང་པོར་ནང་མཁོས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་85.5%ཟིན་པ་དང་དེའི་ནང་མཐའ་མའི་འཛད་སྤྱོད་གཏོང་སྒོའི་ལེགས་སྐྱེས་འབུལ་ཚད་73.7%ཟིན་ཡོད། གྲོང་མིའི་འཛད་སྤྱོད་གྲུབ་ཆ་དེ་ཚོང་ཟོག་འཛད་སྤྱོད་གཙོ་བོར་བྱེད་པ་ནས་ཚོང་ཟོག་དང་ཞབས་ཞུའི་འཛད་སྤྱོད་གཉིས་ཀ་ལ་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བ་དང་། གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གཏོང་སྒོས་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་43.3%ལ་འཕར་ཡོད་པ་དང་། ཡུལ་སྐོར་འགྲོ་སྐྱོད་དང་། རིག་གནས། རོལ་རྩེད། སྤྲོ་གསེང་སོགས་ཞབས་ཞུའི་འཛད་སྤྱོད་བྱེད་ཚད་ཉུང་དུ་ཕྱིན་མེད་པར་མ་ཟད། གྲངས་འཛིན་འཛད་སྤྱོད་དང་། བདེ་ཐང་འཛད་སྤྱོད། ལྗང་མདོག་འཛད་སྤྱོད་བཅས་ལ་འཛད་སྤྱོད་པས་དེ་བས་དགའ་པོ་བྱེད་ཀྱི་ཡོད། བཟོ་སྐྲུན་ལས་རིགས་ཀྱི་མུ་ཕྲེང་ཁ་གསབ་དང་མུ་ཕྲེང་སྟོབས་ཆེར་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་འཇོག་པ་དང་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་འཇོག་པ་སོ་སོར་11.4%དང་8.2%འཕར་བ་དེ་མ་དངུལ་འཇོག་པ་ཡོངས་རྫོགས་ལས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ལས་མགྱོགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་བལྟོས་བཅས་སྒོས་ཆུང་དུ་ཕྱིན་ཡོད། དུས་ཚིགས་དང་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་གྲངས་2.30ཡིན་པ་དེ་དུས་མཚུངས་ལས་0.05ཆུང་དུ་ཕྱིན་ཡོད།
ལྗང་མདོག་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ནུས་ཁུངས་མ་ལག་དེ་དྭངས་གཙང་དང་ཐཱན་ཉུང་དང་བདེ་འཇགས་དང་ལས་ཆོད་ཆེ་བའི་ཕྱོགས་སུ་བསྒྱུར་བ་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བསྡུར་ཚད་བརྟན་པོའི་ངང་འཕར་ཡོད། དུས་ཚིགས་དང་པོར་ཚད་ལོན་ཡན་གྱི་བཟོ་ལས་རླུང་ཤུགས་གློག་འདོན་ཚད་དང་ཉི་ནུས་གློག་འདོན་ཚད་དུས་མཚུངས་ལས་སོ་སོར་11.0%དང་17.5%འཕར་བ་དང་། ཐོག་མའི་ཞིབ་རྩིས་བྱས་པར་གཞིགས་ན། འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་བྱེད་ཚད་ཀྱིས་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་0.8མཐོ་རུ་ཕྱིན་ཡོད། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མིའི་སེམས་སུ་ཟུག་ནས་ལྗང་མདོག་དང་ཐཱན་ཉུང་གི་འཕར་གཞི་གསར་པ་མགྱོགས་མྱུར་ཐོན་ཡོད། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ཉི་ནུས་གློག་རྫས། ཤེལ་གཟུགས་རྐྱང་པའི་ཀུའེ་རྡོ་སོགས་ཐོན་རྫས་ཀྱི་ཐོན་ཚད་དུས་མཚུངས་ལས་སོ་སོར་29.2%དང་། 20.1%དང་། 58.2%བཅས་འཕར་ཡོད། སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད། དུས་ཚིགས་དང་པོར་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་3.5འཕར་ཡོད། རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ནང་ཆུ་སྤུས་ལེགས་པའི་(རིགས་Ⅰནས་Ⅲབར་)བཅད་ངོས་ཀྱི་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་0.8འཕར་ཡོད།
ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཟམ་མི་འཆད་པར་གཏིང་ཟབ་ཏུ་བཏང་ཡོད། ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག །རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཕྱི་ཕྱོགས་ཉོ་ཚོང་བྱེད་པོར་རྒྱལ་སྤྱིའི་ཚོང་ར་གསར་འབྱེད་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་རྒྱལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་པ། “ཁས་ལེན་ཐོབ་པའི་གཉེར་སྐྱོང་པ་”(AEO)ཕན་ཚུན་ཁས་ལེན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་གྲངས་འབོར་དང་ཕན་ཚུན་ཁས་ལེན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་གྲངས་འབོར་འཛམ་གླིང་གི་“ཨང་དང་པོ་ཟུང་”མཐའ་འཁྱོངས་བྱེད་པ། ཚོང་རའི་བཀོད་སྒྲིག་སྣ་མང་མཉམ་སྤེལ་བྱེད་པ་བཅས་རེད། དུས་ཚིགས་དང་པོར་རང་རྒྱལ་གྱིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དང་འབོ་གསེར་རྒྱལ་ཁབ་གཞན་དག་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་སོ་སོར་5.5%དང་11.3%འཕར་བ་དང་། ལ་ཏིང་མེ་གླིང་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་གྲངས་གནས་གཉིས་འཕར་ཡོད། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཉོ་ཚོང་སོགས་ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། དེས་རང་རྒྱལ་གྱི་ཐོན་རྫས་གོ་ལ་ཡོངས་སུ་ཁྱབ་པར་རོགས་རམ་བྱས་པར་མ་ཟད། ཕྱི་རྒྱལ་གྱི་འཛད་རྫས་ཀྲུང་གོའི་ཚོང་རར་ཞུགས་པའི་ཐབས་ལམ་གལ་ཆེན་ཞིག་ཏུའང་གྱུར་ཡོད། དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་9.6%འཕར་བ་དང་། དེའི་ནང་ཕྱི་རྒྱལ་གྱི་མཛོད་ཁང་ཕྱིར་གཏོང་བྱེད་ཚད་11.8%འཕར་ཡོད། མ་དངུལ་ནང་འདྲེན་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་རང་རྒྱལ་དུ་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་དངུལ་འཇོག་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་20.7%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་མ་དངུལ་ནང་འདྲེན་གྱི་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་2.2མཐོ་རུ་ཕྱིན་ཡོད། དེའི་ཐོག་ནས་ཀྲུང་གོའི་ཚོང་རར་ཕྱི་རྒྱལ་གྱི་མ་དངུལ་འགུག་ཤུགས་སྔར་བཞིན་ཆེ་ཙམ་ལྡན་པ་མངོན་ཡོད།
གཞི་རྩའི་དམངས་འཚོ་འགན་སྲུང་ནུས་ལྡན་དང་ཕན་ལྡན་བྱུང་ཡོད། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་བྱུང་བ་དང་ལས་ཞུགས་གནས་བབ་བརྟན་པོ་བྱུང་བ་དེས་གྲོང་མིའི་ཡོང་འབབ་སླར་གསོ་རང་བཞིན་གྱི་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པས། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་6.2%འཕར་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་ཡོང་འབབ་ཁེ་གཙང་འཕར་སྣོན་ཅུང་མགྱོགས་པ་ནི་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་འདེགས་སྐྱོར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། བཟོ་ལས་དང་ཞབས་ཞུའི་ལས་རིགས་ལེགས་འགྱུར་དང་འབྲེལ་ཡོད་ལས་རིགས་ཀྱི་ལས་ཞུགས་མི་གྲངས་དང་ལས་ཞུགས་དུས་ཚོད་མང་དུ་ཕྱིན་ནས་གྲོང་མིའི་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དུས་མཚུངས་ལས་མིང་ཐོག་ནས་6.8%འཕར་བར་སྐུལ་ཁྲིད་བྱས་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐུལ་ཁྲིད་འོག །ཞག་སྡོད་བཟའ་བཏུང་དང་སྡེབ་ཚོང་སིལ་ཚོང་སོགས་ལས་རིགས་ཀྱི་ཁྱིམ་ཚང་གི་གཉེར་སྐྱོང་གནས་བབ་ལེགས་སུ་ཕྱིན་ནས་གྲོང་མིའི་མི་རེའི་ཆ་སྙོམས་གཉེར་སྐྱོང་ཡོང་འབབ་ཁེར་གཙང་6.8%འཕར་བ་དང་། དེའི་ནང་མི་རེའི་ཆ་སྙོམས་ཐོན་ལས་གསུམ་པའི་གཉེར་སྐྱོང་ཡོང་འབབ་ཁེར་གཙང་10.8%འཕར་ཡོད། སྤྱི་ཚོགས་ཀྱི་གཞི་རྩའི་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་རྒྱག་པ་དང་། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་མུ་མཐུད་ཆེ་རུ་ཕྱིན་ཡོད། ཟླ་3པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་སོ་སོར་དུང་ཕྱུར་10.67དང་། དུང་ཕྱུར་2.42དང་། དུང་ཕྱུར་2.95བཅས་ཟིན་པ་དང་དུས་མཚུངས་ལས་ཅུང་མང་དུ་ཕྱིན་ཡོད། གླ་རྒྱག་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིར་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་ལས་རོགས་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱི་རུ་ལས་ཀར་ཞུགས་པ་དང་། ཐག་ཉེར་ལས་ཀར་ཞུགས་པ། ཕ་ཡུལ་དུ་ལོག་ནས་ལས་སྤེལ་བྱེད་པ་སོགས་ཟུང་འབྲེལ་བྱ་རྒྱུར་བསྔགས་སྐུལ་བྱས་པས་གླ་རྒྱག་ཞིང་པའི་ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། དུས་ཚིགས་དང་པོར་ཕྱི་ནས་ཡོང་བའི་ཞིང་ལས་ཐེམ་ཐོའི་ངལ་རྩོལ་ནུས་ཤུགས་(གཙོ་བོ་གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་པ་)གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་ཆ་སྙོམས་4.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་གནས་0.9མར་ཆག་པ་དང་། དུས་ཚིགས་མཇུག་ཏུ་ཕྱི་རུ་ལས་ཀར་ཞུགས་མཁན་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་གྲངས་འབོར་མི་ཁྲི་18588ཟིན་པ་དེ་དུས་མཚུངས་ལས་2.2%འཕར་ཡོད།
གསུམ། འཕེལ་རྒྱས་ཀྱི་མདུན་ལྗོངས་ངོས་ནས་བལྟས་ན། དཔལ་འབྱོར་འཁོར་སྐྱོད་ལེགས་ཕྱོགས་སུ་འཕེལ་བ་དང་བརྟན་པོའི་ངང་ཡུན་རིང་སྐྱོད་ཐུབ་པའི་རྨང་གཞི་དང་ཆ་རྐྱེན་ལྡན།
ཚན་རིག་དང་མཐུན་པར་དུས་རིམ་རྗེས་མའི་དཔལ་འབྱོར་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་སྐབས་“གནས་གཉིས་སྨྲ་བ་”རྒྱུན་འཁྱོངས་བྱེད་དགོས་པ་སྟེ། དཀའ་ངལ་དང་འགྲན་སློང་མཐོང་ཐུབ་དགོས་པར་མ་ཟད། དགེ་མཚན་དང་གོ་སྐབས་ཀྱང་མཐོང་ཐུབ་དགོས། དུས་མཚུངས་སུ་ད་དུང་“གཙོ་གནད་སྨྲ་བ་”ཡང་རྒྱུན་འཁྱོངས་བྱས་ཏེ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་གཙོ་རྒྱུག་ངོས་འཛིན་གསལ་པོ་བྱེད་མཁས་དགོས། མིག་སྔར། གོ་ལ་ཡོངས་སུ་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བ་དང་། སྐྱེད་ཀ་མཐོ་བ། བུ་ལོན་མཐོ་བ་བཅས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཛ་དྲག་ཏུ་ཕྱིན་པ། རྒྱལ་སྤྱིའི་དངུལ་རྩའི་མ་ལག་གི་ཉམས་ཞན་རང་བཞིན་ཆེ་རུ་འགྲོ་བ། ས་འབྲེལ་ཆབ་སྲིད་ཀྱི་གདོང་ཐུག་དང་འགྱུར་ལྡོག་ཅུང་མང་བ། ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་། ཛ་དྲག་ཆེ་བ། ངེས་གཏན་མིན་པའི་རང་བཞིན་བཅས་ཆེ་རུ་ཕྱིན་པ་སོགས་རེད། རང་རྒྱལ་གྱི་དཔལ་འབྱོར་སྔར་བཞིན་སླར་གསོ་འཕེལ་རྒྱས་དང་རིགས་སྒྱུར་རིམ་སྤར་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། ཕན་ནུས་ལྡན་པའི་དགོས་མཁོ་སྔར་བཞིན་མི་འདང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་དཀའ་ངལ་སྔར་བཞིན་གནས་པ། ཁྱབ་ཁོངས་ཁ་ཤས་ཀྱི་ཉེན་ཁ་སེལ་དགོས་པ་དང་ལེགས་པོར་འགྱུར་བའི་རྨང་གཞི་སྔར་བཞིན་བརྟན་དུ་གཏོང་དགོས། དཀའ་ངལ་དང་འགྲན་སློང་དེ་དག་ལ་དམིགས་ནས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྔོན་ཚོད་རང་བཞིན་གྱི་དབྱེ་ཞིབ་དང་མ་ལག་རང་བཞིན་གྱི་བཀོད་སྒྲིག་བྱས་ཟིན་པ་དང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཐག་གཅོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས། གནད་དོན་ཁ་ཤས་ཞི་ལྷོད་དུ་ཕྱིན་ཡོད་ལ། གནད་དོན་ཁ་ཤས་ལ་འགྱུར་ལྡོག་གསར་པ་ཡང་བྱུང་ཡོད། དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་དང་། དགེ་མཚན་མང་པོ། བག་ཉལ་སྟོབས་ཤུགས་ཆེན་པོ་བཅས་ལྡན་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་ལ་འགྱུར་ལྡོག་བྱུང་མེད་པ་དང་། ཕྱོགས་མི་ཉུང་བ་ཞིག་ད་དུང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་དང་ཡུན་རིང་ལེགས་འགྱུར་གྱི་གཞི་རྩའི་རྣམ་པ་ལ་འགྱུར་ལྡོག་བྱུང་མེད་པ། དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་རྨང་གཞི་དང་ཆ་རྐྱེན་འཛོམས་པ་སོགས་མཐོང་ཐུབ་དགོས།
གཅིག་ནས་ཚོང་རའི་གསོན་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཁེ་ལས་ཀྱི་ཕན་འབྲས་དང་སྔོན་དཔག་ལེགས་སུ་ཕྱིན་པ་དང་འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་བསྐྲུན་ཡོད། ཟླ་3པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་བདག་གཉེར་དོ་དམ་སྟོན་གྲངས་50.8%ཟིན་ནས་བསྐྱར་དུ་རྒྱ་ཆེར་གཏོང་ཁོངས་སུ་སླེབས་ཡོད། བརྟག་དཔྱད་བྱས་པའི་ལས་རིགས་21ནང་ལས་རིགས་15རྒྱ་ཆེར་གཏོང་ཁོངས་སུ་གནས་པ་དེ་ཟླ་བ་གོང་མ་ལས་10འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་52.4%ཟིན་ནས་ཟླ་བ་3ཡི་རིང་ལ་བསྟུད་མར་འཕར་ཡོད། འཛད་སྤྱོད་པའི་ཡིད་ཆེས་སྟོན་གྲངས་ཟླ་བ་4ཡི་རིང་ལ་བསྟུད་མར་འཕར་ཡོད། དམིགས་ཚད་དེ་དག་ལས་ཚོང་རའི་འཕེལ་སོ་རྒྱ་ཆེ་རུ་སོང་བ་དང་འཁྲུག་ཆ་དོད་དུ་སོང་བ་མཚོན་ཡོད་པས་དུས་རིམ་རྗེས་མའི་ཐོན་སྐྱེད་གཉེར་སྐྱོང་རྒྱ་སྐྱེད་དང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཡོང་བར་སྐུལ་ཁྲིད་བྱེད་པར་ཕན་ཐོགས་ཡོད།
གཉིས་ནས་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་མགྱོགས་མྱུར་ངང་བཏོད་ཡོད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་དང་རྙོག་འཛིང་ཆེ་ནའང་། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་གོ་སྐབས་དང་མཐུན་རྐྱེན་གསར་པ་མི་ཉུང་བ་ཞིག་འཕྲད་ཡོད། དཔེར་ན། རང་རྒྱལ་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། གསར་གཏོད་ནུས་པ་མགྱོགས་མྱུར་ཇེ་མཐོར་ཕྱིན་ཞིང་། སྒུལ་ནུས་གསར་པ་མགྱོགས་མྱུར་ཆགས་པར་མ་ཟད་དར་རྒྱས་གོང་འཕེལ་ཕྱིན་ཡོད། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་རིགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐཱན་ཉུང་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་ནས། དཔལ་འབྱོར་འཕར་གཞི་གསར་པ་མང་པོ་ཆགས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་བསྐྲུན་པས་ནང་སྐྱེས་སྒུལ་ཤུགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱས་ཡོད། འདི་དག་ཚང་མས་དཔལ་འབྱོར་གྱི་རྡུང་རྡེག་ཐེག་ནུས་དང་མཉེན་སྟོབས་ཇེ་ཆེར་བཏང་སྟེ། དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་དུས་ཡུན་རིང་པོའི་འཕེལ་རྒྱས་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད།
གསུམ་ནས་སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཐོན་ཐུབ་པའི་རེ་བ་ཡོད། སྲིད་ཇུས་ལག་ལེན་བསྟར་བ་ནས་ཕན་འབྲས་ཐོན་པའི་བར་བརྒྱུད་རིམ་ཞིག་ཡོད་དགོས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་ད་ལོའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་འཁོར་ཡུན་ལྡོག་པ་དང་འཁོར་ཡུན་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཡོ་བྱད་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པས། འབྲེལ་ཡོད་ཕྱོགས་ཀྱིས་དོན་ཐོག་ཏུ་འཁྱོལ་བ་གང་མགྱོགས་བྱེད་བཞིན་ཡོད། ཉེ་དུས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་རྫས་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་འཆར་གཞི་བཏོན་པའི་ཁར། དུས་འགོའི་རྒྱལ་བུན་འཕར་སྣོན་བཏང་བ་དང་། སྐྱེད་ཀ་དང་ཚད་གཞི་མར་ཆག་པ། དཔྱ་ཁྲལ་ཆག་ཡང་གཏོང་བ་སོགས་ཀྱི་སྲིད་ཇུས་ཀྱིས་ཕན་ནུས་རྒྱུན་མཐུད་ངང་ཐོན་པ་དེས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་ཐུབ་ངེས་རེད།
ང་ཚོས་དུས་ཚིགས་གཉིས་པའི་དུས་ཚོད་ཀྱི་སྐར་ཁུང་གལ་ཆེན་འདི་དམ་འཛིན་ཡག་པོ་བྱས་ཏེ། སྲིད་ཇུས་ཞིབ་ཕྲ་དོན་འཁྱོལ་དམ་འཛིན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་མགྱོགས་སུ་བསྒྱུར་བ་དང་། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་བྱུང་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ། དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།