“གྲོས་འཆམ་བྱུང་།”
2024ལོའི་ཟླ་7ཚེས་18ཉིན་གྱི་ཕྱི་དྲོ། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་
བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》(གཤམ་དུ་《ཆོད་དོན་》ཞེས་བསྡུ་རྒྱུ་)ལ་གཟབ་ནན་ངང་བརྡས་ཐག་བཅད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲག་པ་རེད།
དུས་རབས་ཀྱི་མཆན་འགོད་པའི་སྒྱུར་བཅོས་ཀྱི་འཆར་གཞི་གསར་པ་ཞིག་ཐོན་པ་དང་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཀྲོང་ངེར་འགྱིང་། 《ཆོད་དོན་》ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཇུས་འགོད་བྱས་ཡོད། དེ་ནི་འཐབ་ལམ་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་དབང་སྒོ་ཀུན་ནས་མཚོན་ཡོད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་གཏོད་པའི་ཆོད་སེམས་བརྟན་པོ་མཚོན་ཞིང་། སྒྱུར་བཅོས་མཚམས་མི་འཇོག་པ་དང་སྒོ་འབྱེད་བར་མི་ཆད་པའི་བརྡ་རྟགས་དྲག་པོ་སྒོ་ཀུན་ནས་བསྟན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་གྲོས་ཚོགས་ཤིག་རེད། 《ཆོད་དོན་》ལ་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། ཟླ་7ཚེས་15ཉིན་གྱི་སྔ་དྲོ། ཚང་འཛོམས་གྲོས་ཚོགས་ཀྱི་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀའ་མངགས་ལྟར། “ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞི་གཏན་འཁེལ་སྐོར་གྱི་བསམ་གཞིགས་”དང་། “ཆོད་དོན་མ་ཟིན་བཀོད་པའི་བརྒྱུད་རིམ་སྐོར།” “ཆོད་དོན་མ་ཟིན་གྱི་གཞི་རྩའི་སྒྲོམ་གཞི་དང་ནང་དོན་གཙོ་བོའི་སྐོར་”སོགས་《ཆོད་དོན་》གྱི་མ་ཟིན་བཀོད་པའི་འབྲེལ་ཡོད་གནས་ཚུལ་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་། ཅིའི་ཕྱིར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་དགོས་པ་དང་། གང་དུ་སྒྱུར་བཅོས་བྱེད་དགོས་པ། ཇི་ལྟར་སྒྱུར་བཅོས་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་ཁ་གསལ་བཟོས་ཏེ། སྒྱུར་བཅོས་གཏིང་མཐའ་འཁྱོལ་བར་བྱེད་པའི་བློ་སྟོབས་དང་ཆོད་སེམས་བསྟན་པ་དང་། ཚང་འཛོམས་གྲོས་ཚོགས་ཡག་པོ་འཚོག་རྒྱུ་དང་། ཆོད་དོན་གྱི་མ་ཟིན་དག་བཅོས་ཡག་པོ་བྱེད་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ཉིན་ཤས་རིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སློབ་སྦྱོང་ནན་ཏན་དང་། གྲོས་བསྡུར་རྒྱ་ཁྱབ། སྤེལ་རེས་གཏིང་ཟབ་བཅས་བྱས་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་ཡོད། 《ཆོད་དོན་》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།
ལག་ལེན་རྒྱུན་མཐུད་ཀྱི་ལེའུ། དུས་རབས་ཀྱི་ལེའུ་གསར་པ།
“སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པར་རང་རྒྱལ་གྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་དེ་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བ་ཞིག་རེད།”
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེའང་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བ་ཞིག་རེད།”
“དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་པར་སྔར་བཞིན་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས།”
སྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་ཐུབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ། དེས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་སྒོ་མོ་ཕྱེས་པ་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའང་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་གྲོས་ཚོགས་ཤིག་སྟེ། དེས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་མ་ལག་ཅན་དང་སྤྱི་ཁོག་ཅན་གྱི་ཇུས་འགོད་བྱེད་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པ་བཏོད་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་པ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེའང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཆོད་དོན་》ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་རྒྱ་ཆེ་ས་དང་གཏིང་ཟབ་སར་དཔུང་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པ་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལག་ལེན་གྱི་རྒྱུན་མཐུད་ལེའུ་ཞིག་ཡིན་ལ། འཐབ་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་རེད།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེ་བའི་ལོ་རྒྱུས་ཀྱི་རང་དབང་དང་། ཆབ་སྲིད་ཀྱི་བློ་སྟོབས། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག །སྐུ་ངོ་མས་སྐུལ་འདེད་བཅས་གནང་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་རེད། སྒྱུར་བཅོས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གང་གི་ཆ་ནས་བལྟས་ནའང་འདྲ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱིས་སྒྱུར་བཅོས་ལ་དངོས་སུ་ཞིབ་བཤེར་བྱས་པའི་ཆ་ནས་བལྟས་ནའང་འདྲ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཕོ་འགྱུར་ཟབ་མོ་ཞིག་དང་། སྒྱུར་བཅོས་སྒྲིག་འཛུགས་བྱེད་སྟངས་ཀྱི་འཕོ་འགྱུར་ཟབ་མོ་ཞིག །རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ཟབ་མོ་ཞིག །མི་དམངས་རྒྱ་ཁྱབ་ཏུ་ཞུགས་པའི་འཕོ་འགྱུར་ཟབ་མོ་ཞིག་བཅས་ཡིན། འཛམ་གླིང་ཡོངས་ལ་རྒྱང་ལྟ་བྱས་ཚེ། རྒྱལ་ཁབ་དང་སྲིད་ཏང་གང་ཞིག་ལའང་འདི་ལྟ་བུའི་ཆབ་སྲིད་ཀྱི་བློ་སྤོབས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མེད་ལ། འདི་འདྲའི་དུས་ཡུན་ཐུང་ངུའི་ནང་དུ་འདི་འདྲའི་ཁྱབ་ཁོངས་ཆེ་བ་དང་། འདི་འདྲའི་གཞི་ཁྱོན་ཆེ་བ། འདི་འདྲའི་ཤུགས་ཚད་ཆེ་བ་བཅས་ཀྱི་སྒྱུར་བཅོས་སྐུལ་འདེད་གཏོང་ཐུབ་པ་ཞིག་མེད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་འདི་འདྲ་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་མཛད་པ་ལ་ཐུག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད།
ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྱུར་བཅོས་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་ནི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ལ་འགོ་ཁྲིད་བྱས་པའི་ལེགས་གྲུབ་ཉམས་མྱོང་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་གཏན་འཁེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་པ་རེད། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། “འཐབ་ལམ་གསར་པའི་ཐོག་ཅི་ཞིག་ལ་བརྟེན་ནས་སྔར་བས་སེམས་ཤུགས་གཅིག་སྒྲིལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་སམ་ཞེ་ན། དེའི་ལན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་དགོས་པ་དེ་རེད།”
ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བཞག་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ནས་འགོ་རྩོམ་སྟེ་བསམ་བློ་གཟབ་ནན་བཏང་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཕྱོགས་གཅིག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྙོག་འཛིང་ཆེ་བའི་འགལ་བ་དང་གནད་དོན་མང་པོ་འཕྲད་ཡོད་པས། ངེས་པར་དུ་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་ཁྱད་བསད་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་ལ་བརྟེན་ནས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཕན་ཚུན་དེ་བས་འཚམ་པ་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུ་ཚུད་པའི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་མཐའ་དག་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་ཇུས་འགོད་དང་སྤེལ་ཐབས་བྱེད་དགོས།
《ཆོད་དོན་》ནང་“ལྡོག་མེད་ཀྱི་བླང་བྱ་དྲུག་”ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་གཅིག་སྡུད་སྒོས་གསལ་བཤད་བྱས་ཡོད། 《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་
བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་〉སྐོར་གྱི་གསལ་བཤད་》(གཤམ་དུ་《གསལ་བཤད་》ཅེས་བསྡུ་རྒྱུ་)ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“དགོས་གཏུག་ཆེ་བ་བཞི་”ལ་བརྟེན་ནས་སྔར་བས་ཚིག་ཉུང་ལ་དོན་གསལ་བའི་སྙིང་བསྡུས་བྱས་ཡོད།
“དང་པོ། འདི་ནི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན།” ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་འགོད་མངོན་འགྱུར་བྱེད་པའི་རྩ་བ་ནི། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས་པ་དེ་རེད།
“གཉིས་པ། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན།” ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། རྨང་གཞི་བརྟན་གཏོང་དང་། དགེ་མཚན་དར་སྤེལ། ཆད་སྐྱོན་ཁ་གསབ། ཞན་ཆ་ཁ་སྐོང་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་པ་དེ་རེད།
“གསུམ་པ། འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་སྔར་བས་བསྟུན་ཐབས་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན།” སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕྲད་པའི་གནད་དོན་འབུར་ཐོན་ཅན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་དེ་ཡིན། དཔེར་ན། ཚོང་རའི་མ་ལག་ད་དུང་ཆ་ཚང་མིན་པ་དང་། ཚོང་ར་འཚར་ལོངས་ད་དུང་གང་ལེགས་བྱུང་མེད་པ་སོགས། གནད་དོན་འདི་དག་ཚང་མ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་མངོན་ཚུལ་ཡིན་པ་དང་། འཕེལ་རྒྱས་གཏོང་རིང་གི་གནད་དོན་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་ཐོག་ནས་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་དགོས་པ་རེད།
“བཞི་པ། འདི་ནི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན།” ཉེན་ཁ་དང་འགྲན་སློང་དེ་དག་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉིན་བཞིན་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པར་བྱེད་པ་ལ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། འཐུས་ཚང་གི་ལམ་ལུགས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅལ་ཏེ། ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་པ་དང་འཕོ་འགྱུར་ལས་རྣམ་པ་གསར་པ་གཏོད་དགོས་པ་རེད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་འབྱེད་ཀྱི་ནང་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ་སྒྱུར་བཅོས་སྒོ་འབྱེད་ཀྱི་ནང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ངེས་རེད།” ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་འཚམ་པར་བྱས་ཏེ་སྒྱུར་བཅོས་གཏིང་མཐའ་ཕྱིན་པ་བྱེད་པའི་ཆོད་སེམས་བརྟན་པོའི་ཐོག་ནས་ལམ་བསྐོར་ནས་མི་འགྲོ་བ་དང་། ཟུར་བྱོལ་མི་བྱེད་པ། བྱ་སྤྱོད་དངོས་སྤེལ་བ། བཙན་པོ་དང་གདོང་ཐུག་ཕོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལམ་ལྷོང་ངང་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་དང་ཚོད་འཛིན་ཐེབས་པའི་འགོག་རྐྱེན་མཐའ་དག་མཐའ་གཅིག་ཏུ་མེད་པ་བཟོས་ཏེ་ནུས་ཤུགས་གནད་ལ་འཁེལ་བ་འདོན་པ་དང་། ནུས་ཤུགས་མཉམ་འདོན་བྱེད་པ། ནུས་ཤུགས་རྒྱུན་མཐུད་འདོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་དགོས།
ཕྱོགས་གང་ཅིའི་བློ་གྲོས་ཀྱི་སྙིང་བཅུད་གཅིག་ཏུ་བསྡུས་པ།
“ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ངས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་གནད་དོན་ལ་བསམ་གཞིགས་བྱེད་ཀྱི་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུའི་ཐད་བསམ་གཞིགས་གཏིང་ཟབ་དང་ཇུས་འགོད་ཏན་ཏིག་གནང་ཡོད། ཡངས་ཤིང་ཟབ་པའི་དགོངས་པ་གསར་པ་དང་ཟིལ་རླབས་དགུང་དུ་འཕྱུར་བའི་འཐབ་ལམ་གསར་པ་ནི་སྒྱུར་བཅོས་ཀྱི་འདུ་ཤེས་གསར་གཏོད་བྱེད་པའི་ཕྱོགས་སྟོན་དང་ལག་ལེན་གསར་གཏོད་བྱེད་པའི་ས་ཞིང་གཤིན་པོ་ཞིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ནི་“ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཁྱོན་ཡོངས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་ཐུབ་པའི་ཡིག་ཆ་ཞིག་ཡིན་དགོངས་པ་རེད།” 《གསལ་བཤད་》ནང་སྤྱི་ཁྱབ་ཧྲུའུ་ཅིས་ཆོད་དོན་མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད་དམ་འཛིན་བྱེད་དགོས་པའི་གཙོ་གནད་རྒྱས་བཤད་གཏིང་ཟབ་གནང་བ་སྟེ། གཅིག་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། བསྲུང་བྱའི་རྩ་དོན་གཏན་འཁེལ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གཉིས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུའི་ཇུས་འགོད་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གསུམ་ནི་གཙོ་གནད་དམ་འཛིན་དང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་འབུར་དུ་ཐོན་པ་དང་། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་འབུར་དུ་ཐོན་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད། བཞི་ནི་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཡུན་རིང་གི་ཁེ་ཕན་བཅས་ལ་དམིགས་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་བཏང་ཡོད། ལྔ་ནི་མ་ལག་འདུས་གྲུབ་ཤུགས་ཆེར་གཏོང་བ་དང་། སྒྱུར་བཅོས་ལ་སྤྱི་ཡོངས་ནས་ཇུས་འགོད་དང་མ་ལག་ལྡན་པའི་བཀོད་སྒྲིག་བྱ་རྒྱུར་ཤུགས་བརྒྱབ་ནས། ཕྱོགས་སོ་སོའི་སྒྱུར་བཅོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ནུས་མཐོ་ཡོང་བར་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་མ་ཟིན་ནི་2023ལོའི་དགུན་ཁ་ནས་འགོ་རྩོམ་སྟེ་2024ལོའི་དབྱར་གཞུང་བར་དུས་ཡུན་ཟླ་བ་7ལྷག་ཙམ་འགོར་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཟིན་འགོད་ནི་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤེལ་བ་རེད། 2023ལོའི་ཟླ་11པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐག་གཅོད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་ཟིན་འགོད་ཚོ་ཆུང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོ་ཆུང་གི་འགོ་འཛིན་གྱི་འགན་བཞེས། ཟླ་12ཚེས་8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཆ་ཟིན་འགོད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ་ཡིག་ཆ་ཟིན་འགོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས། མ་ཟིན་འགོད་པའི་བརྒྱུད་རིམ་ནང་དུ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་3འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་2འཚོགས་ཏེ་གྲོས་ཞིབ་བྱས་པ་དང་བཟོ་བཅོས་བརྒྱབ་ནས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཆོད་དོན་མ་ཟིན་འདི་གྲུབ་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁ་ཕྱོགས་གཏན་འཁེལ་གནང་སྟེ་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པ་དང་སྒྲོམ་གཞི་འཛུགས་པ་ནས་ནང་དོན་བཀོད་སྒྲིག་བྱེད་པའི་བར་དང་། ཐོག་མའི་མ་ཟིན་འབྲི་བ་དང་བསམ་འཆར་ལ་ཉན་པ་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བར། བརྟག་ཞིབ་གཏིང་ཟབ་དང་བྱེད་ཐབས་འདོན་པ་ནས་རིགས་སྒྲུབ་ཡང་ཡང་བྱེད་པའི་བར་བཅས་ཚང་མར་སྐུ་ངོ་མས་ཇུས་འགོད་དང་ཐུགས་ཞིབ་མོས་མཛུབ་ཁྲིད་གནང་བ་དང་། དུས་ཐོག་ཏུ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཡིག་ཆའི་མ་ཟིན་འགོད་པའི་ལྷུ་ཚིགས་ཚང་མར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་མ་ཟིན་འགོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཉམས་མྱོང་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཕྱོགས་སོ་སོའི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་བསྡོམས་དང་ཞིབ་འཇུག་ནན་ཏན་བྱེད་པ། སྒྱུར་བཅོས་ཀྱི་ལོ་རྒྱུས་འཕེལ་རིམ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་སྒྱུར་བཅོས་ལ་བཏོན་པའི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། དེ་ཉིད་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཏུ་བརྩིས་ཡོད། 《ཆོད་དོན་》ནང་ཐག་བཅད་པའི་ཆོད་གཏམ་གལ་ཆེན་དང་། བཏོན་པའི་སྤྱིའི་དམིགས་འབེན། གཏན་ཁེལ་བྱས་པའི་རྩ་དོན་གལ་ཆེན། བཀོད་སྒྲིག་བྱས་པའི་སྒྱུར་བཅོས་བྱེད་ཐབས་ཚང་མས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་རྩ་བའི་གཞི་འཛིན་སར་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་མ་ཟིན་འགོད་སྐབས། ཡིག་ཆ་དང་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པར་མ་ཟད། དམངས་གཙོ་དར་སྤེལ་དང་མང་གྲོས་བློ་བསྡུ་བྱ་རྒྱུ་དེ་གོ་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
——2023ལོའི་ཟླ་11ཚེས་27ཉིན་ཏང་ཀྲུང་དབྱང་གིས་བརྡ་ཐོ་བཏང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ཕྱོགས་སོ་སོ་དང་ལས་བྱེད་མང་ཚོགས་ཁག་ཅིག་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ཕྱོགས་སོ་སོ་བཅས་ཀྱིས་ཡིག་ཆའི་བརྗོད་དོན་གཙོ་བོ་དང་། སྒྲོམ་གཞི། བྱེད་ཐབས་གལ་ཆེན་བཅས་ཀྱི་ཐད་ལ་རིན་ཐང་ལྡན་པའི་གྲོས་འགོ་མང་པོ་བཏོན་ཡོད།
——2023ལོའི་ཟླ་12པར་ཟིན་འགོད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་དང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་55བཀོད་སྒྲིག་བྱས་ཏེ་གཙོ་གནད་ཞིབ་འཇུག་བྱ་གཞི་38ལ་བརྟག་ཞིབ་བྱས། དུས་མཚུངས་སུ་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་16སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད། ཟླ་སྨད་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་བློ་མཐུན་གཙོ་བོའི་སྒོ་ཁར་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞིའི་སྐོར་བསམ་འཆར་བསྡུ་ལེན་བྱས་པ་དང་མི་རེ་ལ་ཟིན་བྲིས་རེ་འགོད་པའི་བཅར་གླེང་ཟིན་ཐོ་ཆགས་ཡོད་པར་མ་ཟད། ད་དུང་གནད་དོན་གལ་ཆེན་ཁག་ཅིག་ལ་དམིགས་ཏེ་ཆེད་དོན་རིགས་སྒྲུབ་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཡོད།
——2024ལོའི་ཟླ་5ཚེས་7ཉིན་《ཆོད་དོན་》གྱི་བསམ་འཆར་བསྡུ་ལེན་མ་ཟིན་དེ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་འགྲེམས་སྤེལ་བྱས་ནས་ཕྱོགས་ཀུན་གྱི་བསམ་འཆར་བསྡུ་ལེན་བྱས་ཡོད། ཟླ་5་ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་འཁུར་མི་སྣ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་ལ་གསན་ཡོད། ཟླ་5ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅིས་ཧྲན་ཏུང་ཅི་ནན་དུ་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཁེ་ལས་དང་ཆེད་མཁས་དང་མཁས་པ་བཅས་ཀྱི་བསམ་འཆར་ལ་གསན་ཡོད། ཕྱོགས་སོ་སོས་བཟོ་བཅོས་བསམ་འཆར་དང་གྲོས་འགོ་ཁག་1911བཏོན་པ་དང་། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་བསམ་འཆར་དང་གྲོས་འགོ་འདི་དག་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། བསྡུ་ལེན་བྱེད་ཐུབ་རིགས་བསྡུ་ལེན་གང་ཐུབ་བྱས་པ་དང་བཟོ་བཅོས་ཁག་221བརྒྱབ་ཡོད།
——2024ལོའི་ཟླ་7ཚེས་15ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས། ཚང་འཛོམས་གྲོས་ཚོགས་འཚོག་རིང་། ཚོགས་ཞུགས་བློ་མཐུན་གྱིས་བསམ་འཆར་དང་གྲོས་འགོ་ཁག་ཅིག་བཏོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཆོད་དོན་གྱི་མ་ཟིན་ལ་བཟོ་བཅོས་མང་པོ་བརྒྱབ་ནས་ད་གཟོད་《ཆོད་དོན་》གྱི་མ་ཟིན་ཆགས་པ་རེད། ཚེས་18ཉིན་གྱི་ཕྱི་དྲོ་《ཆོད་དོན་》དངོས་སུ་གྲོས་འཆམ་བྱུང་ཡོད།
དུས་རབས་ཀྱི་མཆན་འགོད་པའི་སྒྱུར་བཅོས་ཀྱི་འཆར་གཞི་གསར་པ།
“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 2035ལོར་སླེབས་དུས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།”
ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་ལངས་ཏེ། 《ཆོད་དོན་》ནང་དུ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱིའི་དམིགས་འབེན་ཁ་གསལ་བཟོས་ཡོད།
ཡིག་འབྲུ་ཁྲི་2ལྷག་ཙམ་ཡོད་པའི་ཡིག་ཆའི་ནང་། སྒྱུར་བཅོས་བྱེད་ཐབས་300ལྷག་ཙམ་ཡོད་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་བློ་སྟོབས་རབ་ཏུ་འཕེལ་བ་དང་བློ་རྩ་བརྟན་པོས་ལག་བསྟར་བྱེད་ཕོད་པའི་སྒྱུར་བཅོས་ཀྱི་འཆར་གཞི་བཀོད་པའི་ཐོག་ནས་ཀྲུང་ཧྭའི་བུ་ཕྲུག་གིས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱེད་པའི་གོམ་སྟབས་བརྟན་པོ་དཔང་པོ་བྱས་ཡོད།
གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད། 《ཆོད་དོན་》ནང་དོན་ཚན་ཁྱོན་བསྡོམས་15ཡོད་པ་དང་། “1+13+1”ཞེས་པ་ཁག་ཆེན་པོ་གསུམ་དུ་བགོས་ཡོད། དོན་ཚན་དང་པོ་ནི་ཁག་དང་པོ་ཡིན་པ་དང་། དེ་ནི་སྤྱི་བཤད་ཡིན་ཞིང་། དེའི་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ་གཙོ་བོར་བཟུང་ནས་རྒྱས་བཤད་བྱས་ཡོད། དོན་ཚན་གཉིས་པ་ནས་བཅུ་བཞི་པའི་བར་ནི་ཁག་གཉིས་པ་ཡིན་པ་དང་། དེ་ནི་རྒྱས་བཤད་ཡིན་ཞིང་། དེའི་ནང་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་སོགས་ཀྱི་ཕྱོགས་གཙོ་བོར་བཟུང་ནས་སྒྱུར་བཅོས་ཀྱི་བཀོད་སྒྲིག་བྱས་ཡོད། དོན་ཚན་བཅོ་ལྔ་པ་ནི་ཁག་གསུམ་པ་ཡིན་པ་དང་། དེའི་ནང་ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་བྱེད་པ་བཅས་གཙོ་བོར་བཟུང་ནས་བརྗོད་ཡོད། རྩོམ་ཡོངས་ཀྱི་ནང་དོན་དོན་ཚན་རེ་རེ་བཞིན་གུང་བསྒྲིགས་ནས་དོན་ཚན་60བཀོད་ཡོད། 《གསལ་བཤད་》ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོད་དོན་མ་ཟིན་གྱི་གཞི་རྩའི་སྒྲོམ་གཞི་གསལ་བཤད་གནང་བ་དང་དུས་མཚུངས་སུ། “མཐོང་ཆེན་བྱས་ཡོད་པ་ལྔ་”ལ་བརྟེན་ནས་ཆོད་དོན་མ་ཟིན་གྱི་ནང་དོན་བཀོད་སྒྲིག་གི་ཁྱད་ཆོས་ལ་འགྲེལ་བཤད་ཟབ་མོ་གནང་ཡོད།
“དང་པོ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཡོད་པ།” དཔལ་འབྱོར་རྨང་གཞི་ཡིས་སྟེང་གི་བཀོད་པ་ཐག་གཅོད་བྱེད། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུ་དེས་ཕྱོགས་གཞན་དག་གི་སྒྱུར་བཅོས་ལ་ཤུགས་རྐྱེན་གལ་ཆེན་པོ་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་“སྣ་ཐག་”འདི་དམ་འཛིན་ནན་པོ་བྱས་ནས་སྒྱུར་བཅོས་བྱེད་ཐབས་བཀོད་སྒྲིག་གནང་བས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་དོན། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ་ཁྱོན་ཡོངས་དང་ཆ་ཤས་ཕན་ཚུན་ཆ་སྒྲིག་དང་། རྩ་བཅོས་དང་འཕྲལ་བཅོས་ཕན་ཚུན་ཟུང་འབྲེལ། རིམ་འཕེལ་དང་ཚད་བརྒལ་ཕན་ཚུན་མཐུད་སྦྲེལ་བཅས་བྱས་ཏེ། ཁྱོན་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་ཕན་ཚུན་གཅིག་གྱུར་ཧུར་ཐག་བྱས་ན་ད་གཟོད་གཙོ་བོ་བཟུང་ན་ཡན་ལག་ཐོན་པ་བྱེད་ཐུབ། 《གསལ་བཤད་》ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲེལ་བཤད་གཏིང་ཟབ་མོར་གནང་དོན། “དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་སྔར་བཞིན་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་གཙོ་གནད་ཡིན་པ་དང་། ལས་འགན་གཙོ་བོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གཏོད་པ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཡིན།”
——སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུའི་ལྟེ་བའི་གནད་དོན་འདིར་དམིགས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དེ་གོ་གནས་མངོན་གསལ་དུ་བཞག་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན་པས། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུའི་ལྟེ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱས་ན། “གློད་ནས་འཁྲུག་པོར་གཏོང་ཐུབ་”ལ་“དོ་དམ་ཡང་བྱེད་ཐུབ་པ་”ཡིན་ལ། གཞི་ནས་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་ཐུབ། 《ཆོད་དོན་》གྱི་དོན་ཚན་5པ་ནས་7པའི་བར་དུ་“གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ལ་དམིགས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྒྱུར་བཅོས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ན་ད་གཟོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གཏོད་ཐུབ། 《ཆོད་དོན་》གྱི་དོན་ཚན་8པ་ནས་12པའི་བར་དུ་ཡུལ་བབ་དང་བསྟུན་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། དངོས་གཞིའི་དཔལ་འབྱོར་དང་གྲངས་ཀའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བའི་ལམ་ལུགས་ཆ་ཚང་དུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམ་སྒྲིག་དང་ཕན་ནུས་ལྡན་པའི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་དགེ་མཚན་འདོན་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། སྤྱི་ཁོག་སྙོམ་སྒྲིག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ན་ད་གཟོད་སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་ཐུབ། 《ཆོད་དོན་》གྱི་དོན་ཚན་16པ་ནས་19པའི་བར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་སོགས་ཕྱོགས་བཞིའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་ཡིན། བཟོ་ལས་ཅན་དཔེ་གསར་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་བཅས་ལ་གཅིག་འདོམས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་གསུམ་གྱི་མཉམ་འདྲེས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་སུ་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་ཆུང་དུ་གཏོང་བ་བཅས་བྱས་ན་ད་གཟོད་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ། 《ཆོད་དོན་》གྱི་དོན་ཚན་20པ་ནས་23པའི་བར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་བཞིའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་ཡིན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བྱས་ན་ད་གཟོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་སྟོང་ཟམ་མི་འཆད་པར་རྒྱ་སྐྱེད་གཏོང་ཐུབ། 《ཆོད་དོན་》གྱི་དོན་ཚན་24པ་ནས་28པའི་བར་དུ་གོམ་སྟབས་བརྟན་པོའི་ངང་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་སོགས་ཕྱོགས་ལྔའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
“གཉིས་པ། ཕྱོགས་ཡོངས་ནས་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱས་ཡོད་པ།” སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ནང་གསར་གཏོད་ཀྱི་སྲོག་ཤིང་གི་གོ་གནས་མངོན་གསལ་དོད་པོར་བཞག་སྟེ་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ལས་དོན་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་གཞི་གཅིག་ཏུ་བཀོད་སྒྲིག་བྱས་ཏེ་2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་སྐྲུན་རྒྱུའི་དམིགས་འབེན་ཁ་གསལ་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཏུ་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་དང་དེ་ཉིད་“ཕྱོགས་ཡོངས་ནས་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་”ཐོག་གཅིག་གྱུར་བྱས་ཡོད། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་གཏོད་ཀྱི་ངོ་བོ་དང་ཆོས་ཉིད་ལ་གསལ་རྟོགས་བྱུང་བ་སྒོ་ཀུན་ནས་མཚོན་པ་དང་། སྒྱུར་བཅོས་ཀྱིས་གསར་གཏོད་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིད་ཕྱོགས་གསལ་པོ་དང་ལས་དོན་སྒྲུབ་སྟངས་གང་ལེགས་མཚོན་ཡོད། 《གསལ་བཤད་》ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲེལ་བཤད་གཏིང་ཟབ་མོར་གནང་དོན། “ཆོད་དོན་མ་ཟིན་ནང་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཏུ་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། སློབ་གསོ་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ནན་གསུང་གནང་ཡོད།”
སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད། 《ཆོད་དོན་》གྱི་དོན་ཚན་13པའི་ནང་མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་འབྱེད་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད། 《ཆོད་དོན་》གྱི་དོན་ཚན་14པའི་ནང་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ལ་ཤུགས་རྒྱག་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུའི་ཐད། 《ཆོད་དོན་》གྱི་དོན་ཚན་15པའི་ནང་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། ཤེས་ལྡན་མི་སྣར་སྐུལ་ལྕག་གཏོང་བའི་ལམ་སྲོལ་ལ་ཤུགས་རྒྱག་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
“གསུམ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་བྱ་རྒྱུར་མཐོང་ཆེན་བྱས་ཡོད་པ།” ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་ཕྱོགས་ཡོངས་ཞེས་པ་ནི་ཁྱབ་ཁོངས་སོ་སོའི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་པ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་བརྒྱབ་སྟེ་ཁྱབ་ཁོངས་སོ་སོའི་སྒྱུར་བཅོས་ཀྱི་འབྲེལ་བའི་རང་བཞིན་དང་སྒྱུར་བཅོས་བྱེད་ཐབས་ཁག་གི་མཐུན་འགྱུར་རང་བཞིན་ཁོང་དུ་ཆུད་པར་མཐོང་ཆེན་དང་། སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་འབྲེལ་བ་གཅིག་འདོམས། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཐེབས་པའི་ཕྱོགས་སོ་སོ་དང་། རིམ་པ་སོ་སོ། རྒྱུ་རྐྱེན་སོ་སོ་མཐུན་སྦྱོར་བྱེད་པ་བཅས་ཀྱིས་སྒྱུར་བཅོས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ཆོད་ཆེ་ཡོང་བར་སྐུལ་འདེད་བཏང་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་འཕྲད་པའི་འགལ་བ་སྣ་ཚོགས་དང་དེའི་འབྲེལ་བ་དེ་ལས་རྙོག་འཛིང་ཆེ་བ་ཡིན་པས། ངེས་པར་དུ་གཅིག་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། རྩོད་སྒྲུབ་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། 《གསལ་བཤད་》ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲེལ་བཤད་གཏིང་ཟབ་མོར་གནང་དོན། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་འོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཇུས་འགོད་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་ཁག་གི་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱས་ཡོད།”
——དམངས་གཙོ་དང་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་རྒྱུའི་ཐད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོ་སོར་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་བྱེ་བྲག་དང་དངོས་ཡོད་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་མཚོན་ན་ད་གཟོད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཐུབ། ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན་པས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ལྷུ་ཚིགས་སོ་སོའི་སྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ན་ད་གཟོད་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ། 《ཆོད་དོན་》གྱི་དོན་ཚན་29པ་ནས་37པའི་བར་དུ་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འཛུགས་ཁྱབ་ཁོངས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་སོགས་ཕྱོགས་དགུའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——རིག་གནས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་རྒྱུའི་ཐད། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བའི་དེང་རབས་ཅན་ཡིན། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེན་པོ་འགྲོ་བའི་གནས་བབ་གསར་པར་མགྱོགས་མྱུར་གྱིས་བསྟུན་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་གཏོང་བ་བཅས་བྱས་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་ཐུབ། 《ཆོད་དོན་》གྱི་དོན་ཚན་38པ་ནས་41པའི་བར་དུ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལམ་སྲོལ་ལེགས་འགྱུར་བྱེད་པ་སོགས་ཕྱོགས་བཞིའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་རྒྱུའི་ཐད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བར་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། འཕེལ་རྒྱས་ཀྱི་ནང་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གནད་ཆེན་ཡིན། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་། བདེ་རྩར་ཐུག་ཤོས། ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་བར་བྱས་ན་ད་གཟོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་ཐུབ། 《ཆོད་དོན་》གྱི་དོན་ཚན་42པ་ནས་46པའི་བར་དུ་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
——སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱ་རྒྱུའི་ཐད། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ན་ད་གཟོད་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་ཐུབ། 《ཆོད་དོན་》གྱི་དོན་ཚན་47པ་ནས་49པའི་བར་དུ་སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་སོགས་ཕྱོགས་གསུམ་གྱི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
“བཞི་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་ལ་མཐོང་ཆེན་བྱེད་དགོས།” དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་ལས་མངོན་པ་ལྟར་ན། འཕེལ་རྒྱས་དང་བདེ་འཇགས་ནི་བྱ་གཅིག་གི་གཤོག་ཟུང་དང་ཤིང་རྟ་གཅིག་གི་འཁོར་ལོ་ཟུང་ལྟ་བུ་ཡིན་པས་གཅིག་འདོམས་ལྟ་རྟོག་དང་མཉམ་དུ་སྐུལ་འདེད་བཏང་སྟེ་འགུལ་རྣམ་དོ་མཉམ་དང་ཆར་པ་ཆུ་གྲོགས་ལྟར་མངོན་འགྱུར་ཡོང་བར་བྱེད་དགོས་པ་རེད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། རྒྱལ་ཁབ་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཡིན། ཕྱོགས་ཡོངས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་རེས་བཟང་པོ་ཡོང་བ་བཅས་བྱས་ན་ད་གཟོད་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་ཏན་ཏིག་བྱེད་ཐུབ། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཡིན། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ན་ད་གཟོད་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་ཐུབ། 《ཆོད་དོན་》གྱི་དོན་ཚན་50པ་ནས་56པའི་བར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་བ་དང་། མི་དམངས་དམག་དཔུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་བདུན་གྱི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
“ལྔ་པ། ཏང་གིས་སྒྱུར་བཅོས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་དགོས།” ཏང་གི་འགོ་ཁྲིད་ནི་ང་ཚོའི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་དང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ལམ་ལྷོང་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་ཀྱི་ལས་འགན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་སྒྲེང་ཕྱོགས་སྟོན་དང་ཇུས་འདོན་བཀོད་སྒྲིག་བྱས་ཏེ། གོང་ནས་འོག་ཏུ་གཅིག་སྡུད་གཅིག་གྱུར་གྱི་སྒྱུར་བཅོས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ནང་དུ་ཞུགས་པ་དང་སྒྱུར་བཅོས་ལས་དོན་ལ་སྐུ་ངོ་མས་མཛུབ་ཁྲིད་དང་སྐུལ་འདེད་གནང་སྟེ་སྒྱུར་བཅོས་གལ་ཆེན་དང་། གནད་འགག་གལ་ཆེན། གནད་དོན་གལ་ཆེན་མང་པོའི་ཐོག་ལ་འཕྲལ་ཐག་ཆོད་པོས་གྲོས་མཐའ་གཅིག་ཆོད་བྱས་ཏེ་སྒྱུར་བཅོས་ལ་ཆེས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཐུབ་ན་ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་ཐུབ། 《ཆོད་དོན་》གྱི་དོན་ཚན་57པ་ནས་60པའི་བར་དུ་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་སོགས་ཕྱོགས་བཞིའི་ཐད་ལ་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུ་ནི་ལས་འགན་ལྗིད་ལ་འགན་འཁྲི་ཆེ་བ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཐོག །རྡོག་རྩ་གཅིག་སྒྲིལ་གྱིས་《ཆོད་དོན་》དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་དང་། ཞུམ་མེད་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་སྒྱུར་བཅོས་མདུན་དུ་སྤེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།
བློ་བཟང་ལྷ་མོས་བསྒྱུར།