ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྙན་ཞུ་ཉན་པ་དང་། མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཆོད་དོན་》ནང་། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད་ལ། དེ་ནི་འཐབ་ལམ་གསར་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན།
གཤམ་ལ་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ལ་བསམ་འཆར་འགའ་འདོན་རྒྱུ་ཡིན།
གཅིག །ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།
གཅིག་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་བརྗོད་དོན་གཙོ་བོར་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྱུར་བཅོས་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་ནི་སྒྱུར་བཅོས་ལེགས་འགྲུབ་ཡོང་བའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། སྔར་ན་མེད་པའི་ཆོད་སེམས་དང་སྟོབས་ཤུགས་ཐོག་ནས་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་རེད། འཐབ་ལམ་གསར་པའི་ཐོག་ང་ཚོས་ཅི་ཞིག་ལ་བརྟེན་ནས་སེམས་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས་སམ་ཞེ་ན། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལ་གཞི་ཚུགས་ཏེ། མ་ལག་འདུས་གྲུབ་ལ་སྔར་བས་མཐོང་ཆེན་དང་། གཙོ་གནད་འབུར་ཐོན་ཡོང་བར་སྔར་བས་མཐོང་ཆེན། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་སྔར་བས་མཐོང་ཆེན། གནད་ལ་འཁེལ་བར་ཤུགས་འདོན་དང་། མཉམ་སྡེབ་ཀྱིས་ཤུགས་འདོན། རྒྱུན་ཐུབ་ངང་ཤུགས་འདོན། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་དང་ཆེ་རུ་གཏོང་བ། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཚབས་ཆེན་ནུས་ལྡན་ངང་འགོག་ཟོན་དང་སེལ་ཐབས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
གཉིས་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། 《ཆོད་དོན་》ནང་དུ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་བརྩི་སྲུང་ཞུ་དགོས་པའི་“རྒྱུན་འཁྱོངས་དྲུག་”གི་རྩ་དོན་བཏོན་པ་ནི། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ཉམས་མྱོང་རྩ་ཆེན་ལ་ཚན་རིག་དང་མཐུན་པར་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ། ང་ཚོའི་ཏང་གིས་སྒྱུར་བཅོས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་མུ་མཐུད་གཏིང་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཡང་ཡིན་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་ཚན་རིག་རང་བཞིན་དང་། སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་ཀྱིས་གོམ་སྟབས་བརྟན་པོས་བསྐྱོད་པར་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་པ་རེད། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། ང་ཚོའི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་ཡིན་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ལམ་ལྷོང་ངང་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན་པས། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྒྱུར་བཅོས་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་རྒྱུ་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། མི་དམངས་ཀྱི་བྱེད་པོའི་གོ་གནས་དང་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་པ་དང་། མི་དམངས་ལ་རེ་འབོད་ཡོད་ན། སྒྱུར་བཅོས་ལ་ཨ་ལན་ཡོད་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་དམངས་སེམས་གཅིག་སྒྲིལ་བྱེད་མཁས་པོ་བྱས་ཏེ། སྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས་ན། འགྲོ་ལམ་མི་བསྒྱུར་བ་དང་ཕུགས་བསམ་མི་འདོར་བའི་ངེས་ཤུགས་བརྟན་པོའི་ཐོག་ནས་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། “གདེང་ཚོད་བཞི་”འགྱུར་བ་མེད་པར་བརྟན་དུ་གཏོང་དགོས་ལ། གསར་གཏོད་བྱེད་ཕོད་པ་དང་འགག་སྒྲོལ་བྱེད་ཕོད་པའི་བློ་སྟོབས་ཆེན་པོའི་ཐོག་ནས་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྲུན་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་དང་། གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར། རྩ་བའི་ལམ་ལུགས་བརྟན་པོ་བཟོ་བ། གཞི་རྩའི་ལམ་ལུགས་འཐུས་ཚང་གཏོང་བ། ལམ་ལུགས་གལ་ཆེན་གསར་དུ་གཏོད་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་ཀྱི་དཀའ་གནད་སེལ་མཁས་པོ་དང་། སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ། སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་དུས་ཐོག་ཏུ་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བཅའ་ཁྲིམས་ཀྱི་ལམ་ལུགས་སུ་བསྒྱུར་བ་བཅས་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ན། གཅིག་འདོམས་དང་ཁྱོན་ཡོངས་ལ་ལྟ་རྟོག་དང་། རྩོད་སྒྲུབ་ཇུས་བསྟར། དཔལ་འབྱོར་དང་སྤྱི་ཚོགས་དང་། སྲིད་གཞུང་དང་ཚོང་ར། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་ལ་སོགས་པའི་བར་གྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ཏེ། སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྩ་དོན་འདི་དག་ངེས་པར་དུ་སྒྱུར་བཅོས་ཀྱི་ལག་ལེན་ནང་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་རྒྱུན་ཆད་མེད་པར་གྲ་རྒྱས་དང་གོང་འཕེལ་གཏོང་དགོས།
གསུམ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། 《ཆོད་དོན་》ནང་དུ། དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་འབུར་དུ་བཏོན་པ་སྟེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་སོགས་ཁག་7བཀོད་སྒྲིག་བྱས་ཡོད། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ། ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་བ། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཏུ་སྒྱུར་བཅོས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནོར་ཁྲལ་དང་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡོང་འབབ་བགོ་བཤའ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་སོགས་གནད་དོན་གལ་ཆེན་ཐད་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། དུས་མཚུངས་སུ། 《ཆོད་དོན་》གྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་སྤེལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟབ་སྤེལ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་མུ་མཐུད་ངང་ཟབ་སྤེལ་བྱེད་པ་སོགས་འཐབ་ཇུས་ལས་འགན་ལ་དམིགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་འགལ་བ་དང་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། སྒྱུར་བཅོས་བྱེད་ཐབས་འདི་དག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཚང་མར་ཁྱབ་པར་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་ཡུལ་ལྗོངས་ཆ་ཚང་བའི་རི་མོ་བྲིས་ཡོད།
《ཆོད་དོན་》ནང་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྟེ། དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་པ་དང་གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པ། མི་དམངས་མང་ཚོགས་ཀྱི་རེ་ལྟོས་དང་སྤྱི་ཚོགས་ཀྱི་སྔོན་ཚོད་དང་བསྟུན་པ། གནད་དོན་ལ་གདོང་གཏོད་པ། ལམ་ལུགས་ཆ་ཚང་དུ་གཏོང་བར་ཤུགས་རྒྱག་པ་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་བཅས་ནི་མིག་སྔའི་གནད་དོན་ལ་བསམ་བློ་བཏང་ཡོད་ལ་ཕུགས་རིང་ལ་ཡང་དམིགས་གཏད་ཡོད་པ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་འདི་དག་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སྒྱུར་བཅོས་ཀྱི་དམིགས་ཡུལ་ཡག་པོར་རྟོགས་པ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་པ་ཟིན་པར་བྱས་ཐོག་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས།
བཞི་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་རྩ་བའི་འགན་ལེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་དགོས་ན། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱས་ཏེ། སྒྱུར་བཅོས་ཉིད་ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་རྒྱུ་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འབྲེལ་ཡོད་ཁྱབ་ཁོངས་རྒྱ་ཆེ་བ་དང་། ཁེ་ཕན་ལ་ཕོག་ཐུག་བཏང་ཚད་གཏིང་ཟབ་ལ། འགག་སྒྲོལ་གྱི་དཀའ་ཚེགས་ཆེ་སྟབས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གནས་བབ་ཡང་དག་པར་བརྡར་གཅོད་དང་། ཚན་རིག་དང་མཐུན་པར་སྒྱུར་བཅོས་ཇུས་འགོད། རྒྱ་ཁྱབ་ཏུ་སྟོབས་ཤུགས་གཅིག་སྒྲིལ། སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་པའི་ཐད་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བསམ་པའི་འཁྱེར་སོ་དང་། བསམ་བློ་དང་འདུ་ཤེས། བྱང་ཚད་དང་ནུས་པ། སྤྱོད་ཚུལ་དང་སྣང་བརྙན་བཅས་ཀྱི་ཐད་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས། 《ཆོད་དོན་》ནང་ཏང་ཡོངས་ཀྱིས་སྒྱུར་བཅོས་དམ་འཛིན་དང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་ཤུགས་འདོན་ས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། གཙོ་བོ་ནི། མི་འདེམས་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་གསལ་པོར་བཙུགས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འགན་འཁྲི་འཁུར་ཕོད་པ། བློ་སྟོབས་ཆེན་པོས་སྒྱུར་བཅོས་བྱེད་པ། གྲུབ་འབྲས་དངོས་འབུར་དུ་ཐོན་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བྱེད་དགོས་པ་དང་། ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་སྐྱེད་པ་དང་ལག་བསྟར་བྱེད་པར་ཁྲིད་སྟོན་དང་། “དབྱེ་བ་འབྱེད་དགོས་པ་གསུམ་”དོན་འཁྱོལ། ལས་བྱེད་པར་གསར་གཏོད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་སློང་བཅས་བྱས་ཏེ། ལས་བྱེད་པས་བྱ་བ་གང་བྱུང་དུ་སྒྲུབ་པ་དང་། མི་སྒྲུབ་པ། སྒྲུབ་མི་ཕོད་པ། སྒྲུབ་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་པ། གཞི་རིམ་ཏང་འཛུགས་སྐྲུན་ལ་འཕྲད་པའི་གནད་དོན་གསར་པར་ནན་ཏན་གྱིས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དང་། དབང་ཆ་བགོ་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རུལ་སུངས་ཀྱི་འབྱུང་གཞི་དང་ཆ་རྐྱེན་ཤུགས་ཆེན་པོ་བཏོན་ནས་མེད་པར་བཟོ་དགོས་པ་བཅས་རེད། སྒྱུར་བཅོས་འདི་དག་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཕན་པའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ཁྱབ་ཁོངས་སོ་སོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་གལ་ཆེན་འདོན་སྤྲོད་བྱ་རྒྱུ་ཡིན་པས་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས།
གཉིས། 《《ཆོད་དོན་》ནང་གཏན་ལ་ཕབ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱེད་དགོས།
གཅིག་ནི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་རྒྱག་དགོས། སྒྲིག་འཛུགས་ཞིབ་ཚགས་དང་གཅིག་འདོམས་མཐུན་སྦྱོར། སྒྱུར་བཅོས་ཀྱི་འགན་འཁྲི་ཡི་གེ་དང་དུས་ཚོད་རེའུ་མིག་དང་སྔ་ཕྱིའི་གོ་རིམ་ཚན་རིག་དང་མཐུན་པར་གཏན་འཁེལ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ལ་སྤྱི་ཁོག་ཇུས་གཞི་འགོད་པ་དང་། གཅིག་འདོམས་ཀྱིས་མཐུན་སྦྱོར་བྱེད་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་འགོ་ཁྲིད་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མི་དམངས་དམག་དཔུང་སོགས་ཀྱིས་བྱེད་པོའི་འགན་འཁྲི་ཡག་པོར་འཁུར་ཏེ། རང་སྡེ་ཚན་དང་རང་ལས་ཁུངས་དང་རང་སྒྲིག་ཁོངས་ཀྱི་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱས་ནས་འབྲས་བུ་ཐོན་པར་གཏིང་ཟབ་ཏུ་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རང་ས་ཁུལ་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་དགོས། རིམ་པ་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་སྒྱུར་བཅོས་དམ་འཛིན་བྱས་ཏེ་དམག་སྤྱི་བྱེད་པ་མ་ཟད་དམག་ལའང་དངོས་སུ་བསྐྱོད་དགོས་པ་དང་། སྒྱུར་བཅོས་གལ་ཆེན་རང་ཉིད་ཀྱིས་དངོས་སུ་བཀོད་སྒྲིག་དང་། ཇུས་གཞི་གལ་ཆེན་རང་ཉིད་ཀྱིས་དངོས་སུ་འགག་སྒྲོལ། འགག་རྩའི་ལྷུ་ཚིགས་རང་ཉིད་ཀྱིས་དངོས་སུ་མཐུན་སྦྱོར། དོན་འཁྱོལ་བྱེད་ཚུལ་རང་ཉིད་ཀྱིས་དངོས་སུ་ལྟ་ཞིབ་བཅས་བྱེད་དགོས།
གཉིས་ནི་སྤྱི་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 《ཆོད་དོན་》ནང་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་བྱེད་ཐབས་ཁག་གི་འབྲེལ་ཚད་ཆེ་བ་དང་མཐུན་སྦྱོར་རང་བཞིན་ཆེ་བ་ཡིན་ཕྱིན། ལག་བསྟར་དོན་འཁྱོལ་བྱེད་པར་མི་རྐྱང་རྟ་རྐྱང་གིས་ཧོབ་སྐྱོད་བྱེད་མི་རུང་ལ། གང་འདོད་སྒྲུབ་མི་ཉན་པ་དང་། མཐོང་ཚད་ལྟད་མོ་དང་གོ་ཚད་སྐད་ཆ་ལའང་བརྩི་མི་རུང་བར། སྔོན་འཛུགས་རྗེས་གཏོར་དང་མ་བཙུགས་གོང་ལ་མི་གཏོར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་སྟངས་འཛིན་བྱེད་པ་དང་། སྒྱུར་བཅོས་བྱེད་ཐབས་ཀྱི་སྔ་ཕྱི་གོ་རིམ་དང་། དལ་ལྷོད་གོ་སྐབས་བཀོད་སྒྲིག་ལུགས་མཐུན་བྱེད་པ། གལ་ཆེ་ཆུང་དང་བྲེལ་བ་ཆེ་ཆུང་ལ་གཞིགས་ཏེ་གོམ་པ་རིམ་བགྲོད་དང་། ཏན་ཏན་ཏིག་ཏིག་གིས་ལས་ཀ་སྒྲུབ་པ། སྔོན་བརྒལ་དང་རྗེས་ལུས་མི་བྱེད་པ་བཅས་བྱེད་དགོས། མིག་སྔར་བསམ་འཆར་གཅིག་སྡུད་ཆེ་ཤོས་དང་། ཁ་ཚ་དགོས་གཏུག་ཆེ་ཤོས། འགག་སྒྲོལ་དམག་འཐབ་རྒྱག་དགོས་རིགས་ཡིན་ན་དུས་ཚོད་དམ་འཛིན་གྱིས་བཅོས་སྒྲིག་བྱེད་དགོས་པ་དང་། བརྩོན་པ་རྒྱུན་ཆགས་ཀྱི་སྒོ་ནས་རྒྱུན་སྲིང་དམག་འཁྲུག་རྒྱག་དགོས་རིགས་ཡིན་ན་སྒམ་བརླིང་ངང་འཆར་འགོད་བྱེད་དགོས། སྒྱུར་བཅོས་བྱེད་ཐབས་ཁག་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་བྱེད་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ་དང་། རང་གནས་རིང་ལུགས་སྔོན་འགོག་དང་ཁྱད་གསོད་མཐའ་གཅིག་ཏུ་བྱེད་དགོས་པ་ལས། སྡེ་ཁག་གི་ཁེ་ཕན་དང་ས་གནས་ཀྱི་ཁེ་ཕན་གྱི་རྐྱེན་པས་སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་མི་རུང་། ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། སྔོན་ཆད་གཏན་འཁེལ་བྱས་ཟིན་པའི་སྒྱུར་བཅོས་ཡིན་ཕྱིན་མུ་མཐུད་དེ་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། གསར་དུ་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཡིན་ཕྱིན་དུས་ཚོད་དམ་འཛིན་གྱིས་ཇུས་གཞི་འགོད་པ་དང་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་དགོས།
གསུམ་ནི་འཚོལ་ཞིབ་དང་གསར་གཏོད་བསྔགས་སྐུལ་བྱེད་དགོས། 《ཆོད་དོན་》ནང་གཏན་ལ་ཕབ་པའི་སྒྱུར་བཅོས་བཀོད་སྒྲིག་དེ་གཙོ་བོར་འཐབ་ཇུས་ཀྱི་རང་བཞིན་དང་། སྔོན་ཚོད་ཀྱི་རང་བཞིན། ཁ་ཕྱོགས་ཀྱི་རང་བཞིན་བཅས་ཀྱི་ཐད་ནས་ཡིན་པས། ཞིབ་ཅིང་ཕྲ་ལ་ལག་ལེན་དུ་འཁྱོལ་ཐུབ་པའི་སྒྱུར་བཅོས་ཀྱི་ཇུས་གཞི་གཏན་འབེབས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་གི་བསམ་བློ་བཅངས་ནས་རང་རྟོགས་ངང་སྤྱི་ཡོངས་འོག་བྱ་སྤྱོད་སྤེལ་ཏེ། ཏང་ཀྲུང་དབྱང་གིས་གཏན་འཁེལ་ཟིན་པའི་རྩ་དོན་དང་། གཏན་འཁེལ་ཟིན་པའི་བྱེད་ཐབས། བཏོན་ཟིན་པའི་བླང་བྱ་བཅས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། དུས་མཚུངས་སུ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། ཡུལ་བབ་དང་བསྟུན་པ། རང་འགུལ་ངང་ལས་ཀ་སྒྲུབ་པ་བཅས་བྱས་ཏེ། རང་ངོས་ཀྱི་མདུན་དུ་ལྷགས་པའི་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་གནད་ལ་འཁེལ་བར་ཟིན་པར་བྱས་ཐོག །དོན་དངོས་དང་མཐུན་པའི་བྱེ་བྲག་གི་སྒྱུར་བཅོས་བྱེད་ཐབས་གཏན་འབེབས་བྱས་ཏེ། འདྲ་བཤུས་འདྲ་སྤོས་དང་གོང་འོག་གཅིག་མཚུངས་མི་ཡོང་བར་བྱེད་དགོས། གཏན་འཁེལ་བྱས་ཟིན་ལ་ངེས་པར་དུ་ཐོད་བརྒལ་ཡོང་དགོས་མོད། འོན་ཀྱང་རེ་ཞིག་ལག་ལེན་གྱི་ཉམས་མྱོང་མེད་པའི་སྒྱུར་བཅོས་ཡིན་ཕྱིན། སྔོན་ལ་ཚོད་ལྟ་བྱས་ཏེ་འཚོལ་ཞིབ་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། ཉམས་མྱོང་བླངས་ཤིང་གཏན་འཁེལ་ཟིན་རྗེས་ད་གཟོད་ཁྱབ་སྤེལ་གཏོང་དགོས། ཁྱབ་ཁོངས་གསར་པ་དང་ལག་ལེན་གསར་པར་འཕྲད་པའི་གནད་དོན་གསར་པའི་ཐད་དུ། གཞི་རིམ་དང་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་དང་། སྲོལ་འབྱེད་གསར་གཏོད་བསྔགས་སྐུལ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཉམས་མྱོང་གསར་པ་མུ་མཐུད་གསར་སྐྲུན་དང་གསོག་འཇོག་བྱེད་དགོས།
བཞི་ནི་ཕན་འབྲས་དངོས་བརྩོན་ལེན་བྱེད་དགོས། འགན་འཁྲི་ཁ་གསལ་དང་། མུ་ཕྲེང་ཆ་ཚང་། གཅིག་རྗེས་གཅིག་མཐུད་བཅས་ཀྱི་སྒྱུར་བཅོས་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྒྱུར་བཅོས་འཆར་གཞི་ཇུས་འགོད་ནས་སྒྱུར་བཅོས་སྒྲིག་འཛུགས་ལག་བསྟར་བྱེད་པ་ཚང་མ་དོན་འཁྱོལ་དམ་འཛིན་བྱ་རྒྱུར་ཕན་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པར་བྱེད་དགོས་པ་དང་། ཡིག་ཆ་བཟོ་རྒྱུར་སྣང་ཆེན་དང་ཡིག་ཆ་དོན་འཁྱོལ་བྱ་རྒྱུར་སྣང་ཆུང་བྱེད་པ་སོགས་ཀྱི་ཕྱོགས་ལྷུང་ངན་པ་སྔོན་འགོག་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་སྐྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྒྱུར་བཅོས་ལ་ཕྱི་མི་དང་ཟུར་ནས་ལྟ་མཁན་མེད་པའི་འདུ་ཤེས་བརྟན་པོ་སྐྱེད་པ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ཀྱི་ལས་འགན་ཞིབ་ཅིང་ཕྲ་བར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྒྱུར་བཅོས་ལྟ་ཞིབ་ལ་ཤུགས་རྒྱག་པ་དང་། ཕན་འབྲས་རྗེས་འདེད་འདྲི་རྟོག་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་དང་རྒྱུ་རྐྱེན་ཡོད་རིགས་འཚོལ་ཞིབ་གཏིང་ཟབ་བྱེད་པ་བཅས་ཀྱིས་དུས་ཐོག་ཏུ་དག་ཐེར་སྐུལ་འདེད་བྱེད་དགོས། སྒྱུར་བཅོས་གལ་ཆེན་དོན་འཁྱོལ་བྱས་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་ནང་བཅུག་ནས་སྒྱུར་བཅོས་བྱེད་རིམ་ནང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གསུམ། ལོ་སྨད་ཀྱི་ལས་ཀ་ནན་ཏན་གྱིས་ཡག་པོར་སྒྲུབ་དགོས།
ད་ལོའི་དུས་ཚོད་ཕྱེད་ཀ་འདས་ཟིན་པས། ལོ་སྨད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མངོན་དུ་འགྱུར་བར་ཧ་ཅང་གལ་ཆེན་པོ་ཡོད། ངས་གཙོ་གནད་དུ་ནན་བཤད་འགའ་བྱ་རྒྱུ་ཡིན།
གཅིག་ནི་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས། ལོ་སྟོད་དུ་དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དུ་ཕྱིན་པ་དང་། དགེ་མཚན་ལྡན་པའི་མཐུན་རྐྱེན་མང་དུ་ཕྱིན་པ། ཕྱོགས་སོ་སོའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ། དཔལ་འབྱོར་འཁོར་སྐྱོད་ལ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འཕྲད་ཡོད་པས། དཀའ་ངལ་དང་འགྲན་སློང་དང་ངེས་གཏན་མེད་པའི་རང་བཞིན་སྔར་བཞིན་མི་ཉུང་བ་ཡོད་པས། དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། དམིགས་གཏད་རང་བཞིན་ཆེན་པོ་ལྡན་པའི་བྱེད་ཐབས་སྤྱད་དེ་ཁ་གཏད་གཅོག་དགོས། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་གྱི་ལས་དོན་ཁག་ཤུགས་བཏོན་ནས་ཡག་པོར་སྒྲུབ་དགོས། ཧུར་བརྩོན་གྱིས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱིས་སྒྲིག་ཆས་གསར་སྒྱུར་རྒྱ་ཁྱོན་ཆེན་པོ་དང་སྤྱོད་ཤན་ཆེ་བའི་དངོས་རྫས་ཆེ་རིགས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། འཛད་སྤྱོད་དང་མ་འཇོག་གི་བག་ཉལ་སྟོབས་ཤུགས་མུ་མཐུད་གློད་གཏོང་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྔོན་ལ་བཀོད་སྒྲིག་བྱེད་པ། སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་བཅས་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་མགྱོགས་པོར་སྐྱེད་སྲིང་བྱས་ཏེ་དཀྱིལ་ཟོག་ཉོ་ཚོང་དང་། ཞབས་ཞུའི་ཉོ་ཚོང་། གྲངས་འཛིན་ཉོ་ཚོང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཉོ་ཚོང་བཅས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། ནན་ཏན་གྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སྐུལ་འདེད་བཏང་ནས་ཐཱན་རྩེར་སོན་གྱི་ཆེད་དོན་བྱ་སྤྱོད་བསྟུད་མར་སྤེལ་དགོས། ནན་ཏན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ལས་ཞུགས་ཀྱི་བསྡོམས་འབོར་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མཉམ་གནས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་གི་དྲ་བ་བརྟན་པོ་འཛུགས་པ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།
གཉིས་ནི་འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་འདོམས་ཡག་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པའི་བྱེད་ཐབས་ཁག་ལག་བསྟར་ཡག་པོ་བྱས་ཏེ། ས་ཁང་ཐོན་ལས་དང་། ས་གནས་སྲིད་གཞུང་གི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པའི་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། རང་བྱུང་གནོད་འཚེ་དང་ལྷག་པར་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དྲ་བ་ཞིབ་ཚགས་བཟོ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། རང་འགུལ་གྱིས་དགེ་མཚན་ཅན་གྱི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་དགོས།
གསུམ་ནི་“ལོ་ལྔའི་འཆར་འགོད་”ལ་ཕྱོགས་བསྡོམས་དཔྱད་དཔོག་དང་ཇུས་འགོད་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས། ད་ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། སང་ལོ་ནི་མཇུག་བསྡུ་བའི་ལོ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་གཞི་འགོད་པའི་ལོ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཚུལ་གང་འདྲ་ཡིན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ནང་དམིགས་འབེན་ལས་འགན་གང་འདྲ་ཞིག་གཏན་འཁེལ་བྱེད་དགོས་པའི་ཐད་ལ། སྔོན་ཚུད་ནས་ཞིབ་འཇུག་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་བཀོད་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་བསྡོམས་དང་དཔྱད་དཔོག་བྱེད་དགོས་ལ། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་ཐོག་མའི་འཆར་འགོད་ལས་དོན་ཡག་པོར་སྒྲུབ་དགོས།
བཞི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཏིང་ཟབ་སར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དམ་འཛིན་ཡག་པོར་བྱེད་པ་དང་། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་ཆུ་ཚད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ནུས་པ་མཐོར་འདེགས་གཏོང་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་མ་ལག་ཆ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས། ཏན་ཏན་ཏིག་ཏིག་གིས་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་ཁྱད་བསད། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཇེ་ཡང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། སྐོར་ཞིབ་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་དེ་རང་རྒྱུད་ཀྱི་གོམས་གཤིས་སུ་ཆགས་པར་བྱས་ནས་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ། ཏང་གི་གསར་སྐྲུན་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ལྷག་པ་ཚེ་རིང་གིས་བསྒྱུར།