དེ་རིང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པ་སྤེལ་རྒྱུ་ཡིན་ཞིང་། དེའི་ནང་དོན་ནི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་། དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ལས་ཞུགས་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་དང་། མིག་སྔའི་ལས་ཞུགས་གནས་བབ་དང་འཕྲད་པའི་མངོན་གསལ་དོད་པོའི་གནད་དོན་ལ་དབྱེ་ཞིབ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་བསམ་གཞིག་དང་བྱེད་ཐབས་ལ་ཞིབ་འཇུག་བཅས་བྱ་རྒྱུ་དེ་རེད།
ལས་ཞུགས་ནི་ཆེས་གཞི་རྩར་གྱུར་པའི་དམངས་འཚོ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་དང་འབྲེལ་བ་ཡོད་པ་བཅས་ཡིན་པས་ང་ཚོའི་ཏང་གིས་སྔར་ནས་བཟུང་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལས་ཞུགས་ཀྱི་ལས་ཀ་དེ་རྒྱལ་སྲིད་སྐྱོང་བའི་མངོན་གསལ་དོད་པོའི་གོ་གནས་སུ་བཞག་སྟེ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཤུགས་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་སྐུལ་འདེད་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཕྱི་རོལ་གྱི་གནོན་ཤུགས་དང་ནང་ཁུལ་གྱི་དཀའ་ངལ། ལྷག་པར་དུ་ཏོག་གསར་རིམས་ནད་ལས་འཕྲོས་པའི་འགྲན་སློང་དྲག་པོ་ལ་ཁ་གཏད་ནུས་ལྡན་འཇལ་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ཆ་སྙོམས་མི་ཁྲི་1300གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་ཅུང་དམའ་བ་མཐའ་འཁྱོངས་ཐུབ་པ། མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོར་ལས་ཞུགས་གང་ལེགས་ཡོང་བ་བཅས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། བརྒྱུད་རིམ་དེའི་ནང་ང་ཚོས་དུས་རབས་གསར་པའི་ལས་ཞུགས་ལས་ཀའི་ཆོས་ཉིད་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས་ཉམས་མྱོང་མང་པོ་བསགས་ཡོད། དེའི་ནང་གཙོ་བོ་ནི། ཏང་གིས་ལས་ཞུགས་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་ཤོང་ཚད་རྒྱ་སྐྱེད་གཏོང་རྒྱུ་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དམིགས་སུ་བཀར་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲང་སྙོམས་ཀྱི་ལས་ཞུགས་ཁོར་ཡུག་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཡིན། ཉམས་མྱོང་འདི་དག་ཧ་ཅང་རྩ་ཆེན་ཡིན་པས། དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་གྲ་རྒྱས་དང་གོང་འཕེལ་གཏོང་དགོས།
དུས་མཚུངས་སུ་ལས་ཞུགས་ལས་ཀའི་ཐད་ད་དུང་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་ཡོད་པ་ཤེས་དགོས། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། ཐོག་མཐའ་བར་གསུམ་དུ་འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བའི་གནོན་ཤུགས་གནས་ཡོད། མི་འབོར་འཕེལ་རྒྱས་ཉུང་དུ་འགྲོ་བ་དང་། རྒན་འཁོགས་ཅན་དུ་གྱུར་པ། ས་ཁོངས་མི་འབོར་གྱི་འཕར་ཆག་མཐའ་གཉིས་སུ་གྱེས་པ། དེ་བཞིན་དཔལ་འབྱོར་གྲངས་ཀ་ཅན་དུ་རིགས་སྒྱུར་བྱེད་པ་བཅས་ཀྱི་འཕེལ་ཕྱོགས་ལས་ལས་ཞུགས་ལ་ཤུགས་རྐྱེན་རིམ་བཞིན་ཆེ་རུ་ཕྱིན་པ་དང་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་ངལ་རྩོལ་པའི་ཁ་ཚ་དགོས་གཏུག་གི་རེ་སྨོན་དུ་གྱུར་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པས་ཚན་རིག་དང་མཐུན་པར་ལས་ཞུགས་ཀྱི་གནས་བབ་དང་འགྱུར་ལྡོག་གསར་པར་སྟངས་འཛིན་དང་། མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པ་དང་བསྟུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། སྤྱིའི་ཆ་ནས་བཤད་ན། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་གཙོ་བོ་ལས་ཞུགས་ཀྱི་གོ་སྐབས་འདང་ངེས་དང་། ལས་ཞུགས་ཀྱི་ཁོར་ཡུག་དྲང་སྙོམས། ལས་ཞུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར། མི་དང་ལས་གནས་འཚམ་མཐུན་ཆོད་ཆེ་ཡིན་པ། ངལ་རྩོལ་གྱི་འབྲེལ་བ་ཞི་མཐུན་ཡིན་པ་སོགས་ཚུད་ཡོད། བྱེ་བྲག་གི་ཆ་ནས་བཤད་ན། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བའི་མཚོན་ཚུལ་གཙོ་བོ་ནི་ངལ་རྩོལ་པར་ལས་ཀ་ལས་རྒྱུ་ཡོད་པར་མ་ཟད། ལས་ཀ་བརྟན་པོ་དང་། ཡོང་འབབ་ལུགས་མཐུན། འགན་སྲུང་བློས་འཁེལ། ལས་རིགས་བདེ་འཇགས་ཡིན་པ་སོགས་རེད། འདི་ནི་བླང་བྱ་ཧ་ཅང་མཐོན་པོ་ཞིག་ཡིན་ལ། གོམ་པ་རིམ་བགྲོད་བྱེད་དགོས་པ་ཞིག་ཀྱང་ཡིན་པས་ངེས་པར་དུ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱེད་དགོས། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། ཚང་མས་རང་གི་འབད་བརྩོན་བྱེད་པ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བར་སྣེ་ཁྲིད་བྱེད་པ་ལས། ངལ་མེད་འབྲས་ལེན་དང་། རྩོལ་མེད་སྐྱིད་པོ་གཏོང་མི་རུང་།
སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ལས་ཞུགས་ལས་ཀའི་ངེས་གནས་གསར་པ་དང་འགན་འཁྲི་གསར་པ་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ངལ་རྩོལ་པའི་རང་བདག་ལས་ཞུགས་དང་། ཚོང་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་གཏོད་ལ་སྐུལ་སློང་བྱེད་པ་སོགས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྨང་གཞིར་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྣེ་ཁྲིད་དུ་འཛིན་པ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཤུགས་ཆེར་གཏོང་རྒྱུ་དེ་ལག་འཇུ་རུ་འཛིན་པ། ལས་ཞུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྒུལ་ཤུགས་སུ་འཛིན་པ་བཅས་ཀྱི་ཐོག་ནས། ལས་ཞུགས་ཀྱི་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། འདིར་ངས་གཙོ་གནད་5ནན་བཤད་བྱ་རྒྱུ་ཡིན།
དང་པོ། ཐོག་མཐའ་བར་གསུམ་དུ་ལས་ཞུགས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། སྔར་བས་རང་རྟོགས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཐོབ་དམིགས་འབེན་དུ་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་རྒྱ་སྐྱེད་གཏོང་བའི་གོ་རིམ་དུ་འགྱུར་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་ལས་ཞུགས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་གོང་སྤེལ། གསར་དར་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་ལས་གནས་སྔར་ལས་མང་བ་གསར་སྐྲུན་ཧུར་ཐག་བྱེད་དགོས། ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་བའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ལས་ཞུགས་ཤོང་ཚད་བརྟན་པོ་དང་རྒྱ་སྐྱེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་བའི་རེ་ལྟོས་གསར་པར་གཞིགས་ནས་སྤྱི་ཚོགས་ཀྱི་ལས་བགོས་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་ལེགས་སུ་གཏོང་བ་དང་། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་གོང་འཕེལ་ཤུགས་ཆེར་གཏོང་བ། ལས་རིགས་ཀྱི་གོ་རིམ་གསར་པ་སྔོག་འདོན་དང་གསོ་སྐྱོང་ཧུར་ཐག་བྱེད་པ། ལས་ཞུགས་ཀྱི་འཕར་གཞི་གསར་པ་གསར་སྤེལ་གཏོང་བ་བཅས་བྱེད་དགོས། སྲིད་ཇུས་གལ་ཆེན་དང་། རྣམ་གྲངས་གལ་ཆེན། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཅས་བཀོད་སྒྲིག་གིས་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་དཔྱད་དཔོག་བྱེད་པ་དང་། ནོར་སྲིད་དང་། དངུལ་ལོར། དངུལ་འཇོག །འཛད་སྤྱོད། ཐོན་ལས། ས་ཁོངས་སོགས་ཀྱི་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་དང་། ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཛུགས་སྐྲུན་བྱེད་དགོས།
གཉིས་པ། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་གང་ཐུབ་བྱེད་དགོས། མི་ཤུགས་ཐོན་ཁུངས་ཀྱི་འདོན་སྤྲོད་དང་དགོས་མཁོ་ཆ་མི་འགྲིག་པ་ནི་མིག་སྔར་རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ལ་འཕྲད་པའི་འགལ་བ་གཙོ་བོ་ཞིག་རེད། འགལ་བ་དེ་ཐག་གཅོད་བྱེད་པའི་འགག་རྩ་ནི་བྱང་ཚད་ལེགས་པ་དང་། སྤྱི་འབོར་འདང་བ། གྲུབ་ཚུལ་ལེགས་སྒྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་སྐྲུན་པར་ཐུག་ཡོད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་འཚམ་པར་བྱེད་པ་དང་། ཚན་རིག་དང་མཐུན་པར་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། སློབ་གསོ་དང་། གསོ་སྦྱོང་། ལས་ཞུགས་བཅས་གཅིག་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཚུལ་གྱི་བཀོད་པ་འགུལ་རྣམ་ངང་ལེགས་སྒྲིག་བྱེད་པ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚེ་ཧྲིལ་པོའི་ལས་རིགས་ནུས་རྩལ་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། ཚན་ཞིབ་དང་སློབ་ཁྲིད་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་སྔོན་ཚོད་རང་བཞིན་དང་། དམིགས་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། འདོན་སྤྲོད་དང་དགོས་མཁོ་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་དང་ལས་གནས་ཕན་ཚུན་འཕྲོད་པ་དང་། མི་རང་གི་ལེགས་ཆ་བཀོལ་ཐུབ་པ། རང་གི་འཇོན་ནུས་འདོན་ཐུབ་པ་བཅས་བྱས་ནས་ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་བརྒྱབ་སྟེ་སྤྱི་ཚོགས་ཡོངས་སུ་ཡང་དག་པའི་ལས་ཞུགས་ལྟ་བ་སྐྱེད་པར་ཁྲིད་སྟོན་བྱས་ཐོག །“ལས་རིགས་ལ་མཆོག་དམན་མེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་ཐོབ་པ་”དང་། “ལས་རིགས་སུམ་བརྒྱ་དྲུག་ཅུའི་ནང་། ལས་རིགས་ཀུན་ལས་མཁས་དབང་འབྱུང་།” “གཞི་རིམ་དུ་ལས་ཀར་ཞུགས་ཀྱང་། དེ་བཞིན་ཕུལ་བྱུང་ཡིན་པ་”སོགས་ལས་ཞུགས་དང་ལས་གཏོད་ལ་ཕན་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་དང་ཁོང་ཡངས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། ལས་འདེམས་ཀྱི་ལྟ་བ་གསར་པར་བརྟེན་ནས་ལས་ཞུགས་ཀྱི་ཁོར་ཡུག་གསར་པ་སྐྲུན་དགོས། ལས་རིགས་ཁ་ཤས་སུ་ལས་མི་སྤྱོད་པའི་སྟོང་ཆ་ཅུང་ཆེན་པོ་ཐོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཆད་གསབ་བྱེད་ཐབས་ནུས་ལྡན་འཚོལ་ཐུབ་པ་དང་། “ལས་གནས་ཡོད་ཀྱང་ལས་མཁན་མེད་པ་”ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་“ལས་མཁན་ཡོད་ཀྱང་ལས་གནས་མེད་པའི་”གནད་དོན་ཐག་གཅོད་བྱེད་དགོས།
གསུམ་པ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སློབ་ཆེན་སློབ་ཐོན་སློབ་མ་སོགས་གཞོན་ནུ་མི་ཚོགས་ཀྱི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྦྱངས་པའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་ཕན་པའི་ལས་ཞུགས་ཀྱི་ལས་གནས་སྔར་ལས་མང་བ་གསར་སྐྲུན་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་། ཁེ་ལས་འབྲིང་ཆུང་ཕྲ་གསུམ་བཅས་ལ་གཞོན་ནུ་ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ན་གཞོན་གྱི་ལས་ཞུགས་ཆུ་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཕྱི་རུ་སོང་ནས་ལས་ཀར་ཞུགས་པ་དང་རང་ས་དང་ཐག་ཉེ་སར་ལས་ཀར་ཞུགས་པ་གཉིས་གལ་ཆེ་མཉམ་བརྩི་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གླ་རྒྱག་ཞིང་པ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་ཞིང་། ཕྱི་རུ་སོང་བའི་ཤེས་ལྡན་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་པ་དང་། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་སོང་ནས་ལས་གཏོད་བྱེད་པར་ཁྲིད་སྟོན་གཙོ་བོ་བྱེད་དགོས། དབུལ་བྲལ་མི་འབོར་གྱི་ལས་མིའི་གཞི་ཁྱོན་དང་ལས་མིའི་ཡོང་འབབ་བརྟན་པོ་ཡོང་བར་བྱས་ཏེ་ལས་ཤོར་གྱི་དབང་གིས་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་འབྱུང་བར་བྱེད་དགོས། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། དུས་ཡུན་རིང་བའི་ལས་ཤོར་སོགས་ལས་ཞུགས་དཀའ་ངལ་རྐྱེན་གྱི་མི་ཚོགས་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་རྒྱག་པ་དང་། ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ཀྱིས་ལས་ཞུགས་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པའི་འགན་ལེན་བྱེད་དགོས། དམག་ཞབས་འཐིམ་པའི་དམག་མི་དང་བུད་མེད་ལ་སོགས་པའི་མི་ཚོགས་ཀྱི་ལས་ཞུགས་ལས་ཀ་ལེགས་པོ་སྒྲུབ་དགོས།
བཞི་པ། ལས་ཞུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མི་ཤུགས་ཐོན་ཁུངས་བགོ་སྒྲིག་ནང་གི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་གྲུབ་ཚུལ་ལེགས་སུ་སྒྱུར་བ་བཅས་ལ་ཚོད་འཛིན་བྱེད་པའི་ཐོགས་ས་དང་འགག་སའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམངས་ཡོངས་ལ་ཁྱབ་པ་དང་། བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ས་ཁོངས་ཡོངས་ལ་ཁྱབ་པ། སྟབས་བདེ་ཆོད་ཆེ་བཅས་ཕྱོགས་ཡོངས་ཀྱི་ལས་ཞུགས་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་ཏེ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཐུབ་རང་བཞིན་དང་། ཆ་སྙོམས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་གཏོད་ལ་སྐུལ་འདེད་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་གཏོད་ཀྱི་ཞབས་ཞུ་ལེགས་སྒྱུར། ལས་གཏོད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། གཅིག་གྱུར་དང་ཚད་ལྡན་ཡིན་པའི་མི་ཤུགས་ཐོན་ཁུངས་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་། དྲང་སྙོམས་ཀྱི་ལས་ཞུགས་ཁོར་ཡུག་སྐྲུན་པ། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་འཁོར་རྒྱུག་ལ་གནོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ། མི་ཚང་མར་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱུང་བའི་གོ་སྐབས་ཡོད་པར་བྱེད་དགོས།
ལྔ་པ། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ངལ་རྩོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་ཚད་གཞི་ཚད་ལྡན་བཟོ་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ངལ་རྩོལ་པའི་ངལ་རྩོལ་གྱི་ཐོབ་ཆ་དང་། ངལ་གསོ་དང་གུང་གསེང་། ངལ་རྩོལ་བདེ་འཇགས། ནུས་རྩལ་གསོ་སྦྱོང་། སྤྱི་ཚོགས་འགན་བཅོལ་དང་ཕན་བདེ་སོགས་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་པར་ཤུགས་རྒྱག་པ་དང་། ལས་རིགས་གནོད་འཚེ་འགན་སྲུང་བྱེད་པའི་ཚོད་ལྟ་བྱེད་གནས་རྒྱ་བསྐྱེད་དེ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ལམ་ལུགས་ཆགས་སུ་འཇུག་དགོས། ཚོང་རའི་ལྟ་སྐུལ་དོ་དམ་དང་ངལ་རྩོལ་འགན་ལེན་གྱི་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་བརྒྱབ་ནས། ལས་ཞུགས་ལ་མཐོང་ཆུང་དང་། གླ་ཆ་ཆད་པའམ་འགན་བཅོལ་ཆད་པ། ཁྲིམས་འགལ་ངང་མི་སྣ་ཉུང་འཕྲི་སོགས་ཟང་ཟིང་ཆེ་བའི་གནས་ཚུལ་བཅོས་སྐྱོང་ནུས་ལྡན་བྱེད་དགོས།
ལས་ཞུགས་ནི་ཁྱིམ་ཚང་གི་དོན་དག་ཡིན་ལ། དེ་བས་ཀྱང་རྒྱལ་ཁབ་ཀྱི་དོན་དག་ཡིན། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། ལམ་ལུགས་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ། ལས་ཀའི་བསྒྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་ལས་ཞུགས་ཀྱི་གཞུང་ལུགས་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་ཀྲུང་གོའི་ལས་ཞུགས་སྐོར་གྱི་གཏམ་རྒྱུད་ཡག་པོར་བཤད་དེ། རང་རྒྱལ་གྱི་ལས་ཞུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ནུས་ལྡན་ངང་མཐོ་རུ་གཏོང་དགོས།
ལྷག་པ་ཚེ་རིང་གིས་བསྒྱུར།
འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་ཟླ་5ཚེས་27ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་གཙོ་བོ་ཡིན།