༈ འཇིག་རྟེན་མིག་འབྱེད་གསུང་རབ་སྟེ། །ལེགས་ཉེས་གསལ་བའི་མེ་ལོང་ཡིན། །རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། །སྐྱེ་རྒུ་ཕན་པའི་སྨན་གྱིས་འཚོ། །སྡེ་དགེ་པར་ཁང་ཆེན་མོ་ཞེས། །ཡངས་པའི་ཁྱོན་ན་ལྷང་ངེར་གྲགས། ། སྔར་རྗེས་བཟང་པོའི་གཞི་ཐོག་ནས། །ཕྱི་རྗེས་ཆེན་པོ་འཇོག་པར་འཚལ། །
——པཎ་ཆེན་སྐུ་ཕྲེང་བཅུ་པས།
༈ རྣམ་འདྲེན་བཞི་པའི་དཔལ་གྱི་མགུལ་བཟང་ལས། །
ལེགས་གསུངས་བཀའ་འགྱུར་རིན་ཆེན་ཆོས་ཀྱི་སྨན། །ཡི་གེའི་གཟུགས་སུ་ཕབ་པའི་འཕྲུལ་གྱི་དགེས། །འཇིག་རྟེན་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག །
——ས་སྐྱའི་བླ་མས།
༈ གངས་ཅན་སྤྱི་ནོར་བཅུ་ཕྲག་རིག་པའི་མཛོད། །མ་ཉམས་དུས་ཀྱི་མཐར་ཡང་གནས་པ་འདི། །ངོ་མཚར་པར་གྱི་ཕྱི་མོའི་དྲིན་ལས་ཏེ། །མཛད་རྗེས་ས་ཆེན་ཤུགས་ཀྱིས་ཐེག་པར་དཀའ། །རྒྱལ་བའི་གསུང་རབ་ཤིང་པར་ཁྲོད་དུ་བཞུགས། །མེས་པོའི་ཤུལ་བཞག་པར་ཁྲིའི་ཐོག་ཏུ་ལུས། །
རྒྱལ་རབས་ལོ་རྒྱུས་ཤིང་པར་ཕག་ནས་རྙེད། །རིན་ཐང་བསམ་ན་འཛམ་གླིང་གཡས་བཞག་ཉིད། །གནའ་རབས་སྡེ་བཞི་དགེ་བཅུའི་མཛད་རྗེས་ལས། །ད་ལྟའང་འཛད་མེད་ལོངས་སུ་སྤྱོད་པ་ནི། །པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་སྟེ། །འདི་ཡང་པར་རྐོ་མཁས་པའི་ཕྱག་ལས་བྱུང་། ། གནའ་མིའི་ཤེས་རབ་མཚོན་པའི་ཡིག་འབྲུ་དག །རྡོ་རུས་ཤོག་བུའི་ངོས་ནས་ཅུང་ཟད་ཙམ། །གསལ་ཡང་གཅིག་ལས་དུ་མར་སྤྲུལ་པ་ཡི། །ངོ་མཚར་ཁྱད་ཆོས་ལྡན་པ་ཤིང་པར་ཉིད། །གློག་ཡིག་སྤྱོད་སྒོ་ཆེ་ཡང་འཕོ་འགྱུར་མང་། །འཕྲུལ་དཔར་ལས་སྟབས་བདེ་ཡང་གནས་སྐབས་ཙམ། །དེ་དག་གང་གིས་ཤིང་པར་རིག་གནས་ཀྱི། །ཚབ་མཚོན་ནུས་པའི་གོ་སྐབས་ཡོད་མ་ཡིན། །
——མཁན་པོ་གཞན་ཕན་སྙིང་པོས།
༈ ཆོས་ཀྱི་རྒྱལ་པོ་བཀའ་དྲིན་ལས་བྱུང་བའི། ། འགྲོ་ལ་ཕན་བདེ་འབྱུང་བའི་གནས་གཅིག་པུའི། །རྒྱལ་བ་ཤཱཀྱའི་བསྟན་པ་དམ་པའི་ཆོས། །མི་ནུབ་སྲིད་མཐའི་བར་དུ་བརྟན་པའི་གནས། །པར་ཁང་ཆོས་མཛོད་ནོར་བུ་རིན་པོ་ཆེ། །བདག་སོགས་སྐྱེ་འགྲོའི་བསོད་ནམས་ཞིང་མཆོག་ཏུ། ། མཛད་ཕྲིན་མི་ནུབ་དར་ཞིང་རྒྱས་པར་ཤོག །
——ཐུབ་བསྟན་བསམ་གཏན་བཟང་པོས།
༈ རིག་པའི་འབྱུང་གནས་སྡེ་བཞི་དགེ་བཅུའི་དཔལ། །བཀའ་བསྟན་བྱེ་བའི་ཕྱི་མོ་པར་གྱི་འཕྲུལ། །ལེགས་པར་བསྐྲུན་པའི་ངོ་མཚར་མཛད་བཟང་ཆེ། །ཀུན་ཕན་མཚན་སྙན་འཛམ་གླིང་ཁྱོན་དུ་འབར། །
——ཆོས་ཀྱི་རྒྱལ་མཚན་གྱིས།
༈ སེམས་མེད་དམིགས་བུ་གཅིག་པུ་གསུང་རབ་སྟེ། །ལེགས་ཉེས་བླང་དོར་སྟོན་པའི་སློབ་དཔོན་ཡིན། ། མཛོད་བརྒྱའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན། །མ་འོངས་ལུང་བསྟན་གནང་བའི་སྟོན་པ་ཡིན། །སྐྱབས་གནས་དཀོན་མཆོག་གསུམ་པོའི་ནང་ཚན་ཡིན། །ཁྱེད་ཉིད་སྲུང་བ་བསྟན་པ་སྲུང་བ་ཡིན། །ཁྱེད་ཉིད་སྤེལ་བ་བསྟན་པ་སྤེལ་བ་ཡིན། ། པར་ཁང་ཆོས་མཛོད་ཆོས་ཀྱི་མཛོད་ཡིན་ནོ། །
——རྫོང་སར་མཁན་པོ་ཟླ་བ་ནོར་བུས།
༈ སྔོན་བྱོན་མེས་པོའི་རྣམ་དཔྱོད་ལས་འཁྲུངས་པའི། །བཟོ་རིག་ལག་རྩལ་ཀུན་གྱི་གཙུག་གི་རྒྱན། །མི་ཡི་རིགས་ཀྱི་རིག་གནས་ཕུལ་བྱུང་བ། །པར་བྲིས་བརྐོས་གསུམ་ལུགས་གཉིས་དཔལ་དུ་ཆེ། །འདི་ཉིད་མིང་དང་ལོ་རྒྱུས་ཙམ་མིན་པར། །མ་འོངས་མི་ཡི་རིགས་ལ་སྨན་པའི་ཕྱིར། །ཤེས་ལྡན་དོན་གཉེར་སློབ་མའི་ཚོགས་རྣམས་ལ། །དར་སྤེལ་རྒྱུན་འཛིན་བྱེད་པ་གནད་དུ་ཆེ། །
——མཁན་པོ་དགེ་ལེགས་ཕུན་ཚོགས་ཀྱིས།
༈ རྒུད་པའི་མུན་འཕྲོག་རེ་བའི་ལམ་སྟོན་པ། །ཤེས་རིག་ཉིན་མོ་བྱེད་པའི་འོད་ཟེར་སྟོང་། །བགྲང་ཡས་ཕྱོགས་དུས་ཀུན་ཏུ་བཀྱེ་བྱེད་པ། ། ངོ་མཚར་པར་གྱི་ལག་རྩལ་ཡིད་བཞིན་དབང་། །སྡེ་བཞི་དཔལ་གྱིས་མངོན་མཐོ་མདོ་ཁམས་གླིང་། ཆོས་རིག་དགའ་བ་གཡས་འཁྱིལ་རིག་པའི་ཚལ། །མི་ནུབ་རྒྱལ་མཚན་མཐོ་བའི་ཆོས་མཛོད་ཆེ། །འཛམ་གླིང་འཛིན་མའི་ནོར་བུ་འོད་ཆེན་ཡིན། །ཤེས་རབ་སྤྱན་རྣོ་བསོད་ནམས་ཤེ་མོང་མཐོ། མི་ཡི་ཁྲོད་དུ་མི་ཡི་དབང་པོ་བཞིན། །པར་གྱི་ལག་རྩལ་བསྐྲུན་མཛད་མེས་པོ་རྣམས། ། བཀའ་དྲིན་ཕྱི་མའི་དུས་སུ་ལྷག་པར་མངོན།།
——གུར་དགའ་ཡིས།
༈ ཆོས་སྲིད་ཕུན་ཚོགས་སྡེ་བཞིའི་དཔལ་མངའ་བའི། །ལེགས་བྱས་དགེ་བ་འབུམ་གྱི་གཟི་འོད་ཀྱིས། །གངས་ལྗོངས་ཤེས་རིག་པར་བུའི་སྒྲོམ་གྱི་བཅུད། །ཡོངས་བསྡུས་ནོར་བུའི་བ་གམ་མངོན་མཐོ་བའི། ། གཙུག་ལག་ཁང་ཉིད་མེས་པོའི་སྤྱི་ནོར་ཡིན།།
——དགེ་དཔལ་གྱིས།
༈ མི་རྟག་སྒྲ་ཡི་རྒྱུན་གང་རྟག་པའི་དོན། །ངག་གི་རྒྱུན་ལ་ཡི་གེའི་ཕྲེང་བ་རུ། ། གཟུགས་སུ་གཏོད་མཛད་པར་བརྐོས་ལག་རྩལ་འདི། །ཀུ་སེའི་ཡུལ་དུ་དར་བ་ཨེ་མ་རྨད། །ཤཱཀྱ་ཐུབ་པའི་གསུང་ཆོས་བཀའ་འགྱུར་དང་། ། དེ་ཡི་རྗེས་འཇུག་མཁས་པའི་བསྟན་བཅོས་གཞུང་། ། བོད་རྒྱལ་གཉའ་ཁྲི་བཙན་པོ་མན་ཆད་ཀྱི། །མཛད་རྗེས་གསལ་ལེར་མཐོང་འདི་པར་བརྐོའི་དྲིན། །ཕན་བདེའི་འབྱུང་གནས་ལྷག་བསམ་ཡིད་བཞིན་ནོར། །དབང་གི་རྒྱལ་པོ་ལྟ་བུའི་ཤེས་བྱའི་གཞུང་། །སྡེ་བཞི་དགེ་བཅུའི་དཔལ་གྱི་ཕྱི་མོ་རུ། །བསྐྲུན་པ་མཛད་གང་པར་ཁང་ཆོས་མཛོད་ཡིན། །དེང་གི་དུས་ནས་ཇི་སྲིད་བསྐལ་པའི་བར། །མི་ནུབ་རྡོ་རྗེའི་ཆོས་སུ་གཟུགས་བརྟན་ནས། །པར་བརྐོའི་ལས་གཞིའི་བྱ་བ་མཐར་ཕྱིན་པར། །མི་འགྱུར་མཆོག་གསུམ་བདེན་པའི་བྱིན་རླབས་སྩོལ། །
——ཚང་བཀྲས།
༈ ཤིང་གི་དྲུང་ནས་སྟོན་པ་མངོན་སངས་རྒྱས། །ཤིང་གི་དྲུང་ནས་སྟོན་པས་ཆོས་འཁོར་བསྐོར། །ཤིང་གི་ངོས་ལ་ཆོས་ཀྱི་གླེགས་བམ་བྲིས། །ཤིང་གི་ངོས་ནས་ཆོས་ཀྱི་འོད་སྣང་འཕྲོས། །སླ་ཡང་ཡིད་རྟོན་མེད་པ་དེང་གི་འཕྲུལ། །མཛེས་ཀྱང་སྙིང་པོས་དབེན་པ་གློག་གི་རླབས། །གསལ་དག་བརྟན་གསུམ་ཀུན་ལས་འཕགས་པ་ཡི། །སྔོན་བྱོན་དམ་པའི་ལག་རྩལ་རྨད་དུ་བྱུང་། །དང་པོ་ལས་གཞི་ཐུགས་བསྐྱེད་རྩལ་གྱིས་བཙུགས། །བར་དུ་གསུང་རབ་ལག་པའི་འཕྲུལ་གྱིས་བསྐྲུན། །ཐ་མ་བསྟན་སྲོག་སྨོན་ལམ་སྟོབས་ཀྱིས་གསོས། །ཆོས་རྒྱལ་ཆེན་པོའི་མཛད་པ་རྨད་དུ་བྱུང་། །
——མུ་ར་ཀུན་བཟང་གིས།
གོང་གི་ཤིས་ཚིག་དང་རེ་སྨོན་དེ་དག་ནི་ས་གནས་སོ་སོའི་མཁས་དབང་དང་སྐྱེས་ཆེན་དམ་པ་ཚོས་གཙོ་བོར་སྡེ་དགེ་པར་ཁང་དང་། ལྷག་པར་དུ་སྡེ་དགེ་པར་གཞིའི་བཀའ་བསྟན་གསར་བརྐོས་མའི་བརྐོས་དཔོན་ཀུ་སེ་འཇམ་དབྱངས་གྲགས་པའི་རེ་བསྐུལ་ལྟར་ཕུལ་བའི་གསུང་ཚིག་ཁག་ཅིག་ལས་བཏུས།།