ཁམས་ལུགས་ཀྱི་ཤིང་པར་བརྐོ་བའི་བྱ་བཞག་དེ་སྡེ་དགེའི་རྒྱལ་རབས་བཅུ་པའམ་ཆོས་རྒྱལ་ཁྲི་རབས་བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པའི་དུས་ནས་དར་ཡོད་པ་དང་། ཆེས་འཕེལ་རྒྱས་མྱུར་བའི་དུས་ཚོད་ནི་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པའམ་ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གི་དུས་ཡིན། དེ་ནས་རིམ་བཞིན་སྡེ་དགེའི་རྒྱལ་རབས་རིམ་བྱོན་དུ་དར་སྤེལ་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ལོ་རབས་གོང་མའི་དུས་རབས་བརྒྱད་ཅུ་པ་ནས་འགོ་བཙུགས་ཏེ་པར་དཔོན་རིམ་བྱུང་ནས་ད་བར་ཞིག་གསོ་དང་ཁ་སྣོན་རྒྱ་ཆེར་བྱས་ཏེ་སྡེ་དགེའི་པར་ཁང་ཁོ་ནའི་ནང་ད་ལྟ་ཤིང་པར་གསར་རྙིང་ཁྲི་སོ་གསུམ་ཙམ་ཡོད་པ་དང་། ད་དུང་དཔལ་སྤུངས་དང་། ཀཿཐོག །
དཔལ་ཡུལ། རྫོགས་ཆེན། ཞེ་ཆེན་དགོན་སོགས་ཀྱི་པར་ཁང་ཆེ་ཆུང་དག་ལའང་ཤིང་པར་མང་དག་ཉར་ཚགས་བྱས་ཡོད་ལ་ད་དུང་གསར་བརྐོ་གྲངས་མང་བྱེད་བཞིན་པའི་སྒང་རེད། འོག་ཏུ་དུས་རབས་རིམ་བྱུང་དུ་ཁམས་ལུགས་ཀྱི་ཤིང་པར་བརྐོས་ཚུལ་རོབ་ཙམ་ངོ་སྤྲོད་བྱའོ།།
གཅིག །སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་དུས་སུ་ཤིང་པར་བརྐོས་ཚུལ།
ཁྲི་ཆེན་སངས་རྒྱས་བསྟན་པའི་དུས་སུ་ཤིང་པར་བརྐོས་ཚུལ།
བོད་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༧༠༤ལོར་སྡེ་དགེའི་ཆོས་རྒྱལ་ཁྲི་རབས་བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། ཁྲི་རབས་ལྔ་པ་ས་སྐྱོང་བསོད་ནམས་ཕུན་ཚོགས་རྣམ་གཉིས་ཀྱིས་ལྕགས་ར་ཐུབ་བསྟན་ནོར་བུའི་གླིང་གི་རྫོང་ཆེན་བསམ་འགྲུབ་རྩེར་བརྒྱད་སྟོང་སུམ་ཕབ་པར་དུ་བརྐོས། ཆོས་རྒྱལ་འདིའི་སྔོན་དུ་ཤིང་པར་བརྐོ་སྲོལ་ཡོད་མེད་གསལ་པོར་མ་ཤེས་ཀྱང་། ད་ལྟ་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་རྒྱལ་པོ་འདིའི་རིང་དུ་ཡིན་མོད། འོན་ཀྱང་འདིའི་ཐད་དུ་ཤེས་དགོས་པའི་གསལ་བཤད་གཅིག་ལ་སངས་རྒྱས་བསྟན་པའི་སྐབས་སུ་བརྐོས་པའི་བརྒྱད་སྟོང་གི་ཡི་གེའི་བརྐོས་ཚུགས་དང་། རྒྱལ་རབས་བཅུ་གཉིས་པའམ་ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གི་དུས་ཀྱི་བཀའ་འགྱུར་གྱི་བརྐོས་ཚུགས་གཉིས་ལ་ཁྱད་པར་ཆེན་པོ་ཡོད། དེང་སང་མི་འགའ་རེས་སྐབས་དེའི་པར་བརྐོ་ཚུགས་དང་བསྟན་པ་ཚེ་རིང་གི་ཚུན་ཆད་ཀྱི་བརྐོ་ཚུགས་གཉིས་པོ་གཅིག་པ་ལྟར་བཤད་ཀྱང་ཁོ་ཚོ་པར་བརྐོས་ལ་རྒྱུས་མངའ་མེད་པས་གཅིག་པ་དང་ཧ་ཅང་འདྲ་བ་ལྟར་མཐོང་། དོན་དུ་པར་བརྐོས་ལ་ཆ་རྒྱུས་ཡོད་མཁན་ཚོས་བལྟས་ན་དབྱེ་བ་ཆེན་པོ་ཡོད། ལྕང་རའི་བརྒྱད་སྟོང་སུམ་ཕབ་ནི་འདྲ་བརྐོས་ཀྱི་བརྐོས་ཚུགས་ཡིན་ལ། པར་ཁང་བཞེངས་སྐབས་ཀྱི་ཤིང་པར་ཆེས་སྔ་ཤོས་དེའང་ཡིན་ནོ།།
བསྟན་པ་ཚེ་རིང་གི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་ནས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ་༡༧༢༩ ལོར་འགོ་བཙུགས་ནས། ༡༧༣༥ ལོར་བཀའ་འགྱུར་ཆ་ཚང་ལེགས་གྲུབ་བྱུང་བར་མ་ཟད། གསོ་རིག་རྒྱུད་བཞི་དང་། འབུམ་ཚར་འགའ་རེ་བརྐོས་ཚུལ་བཤད། བསྟན་འགྱུར་པོད་དྲུག་ཙམ་བརྐོས་རྗེས་སུ་ཁོང་ཉིད་དགུང་གྲངས་རེ་གཅིག་སྟེ་༡༧༣༨ ལོར་སྐུ་མྱ་ངན་ལས་འདས། ཁོང་གི་རིང་དུ་དམིགས་བསལ་གྱི་པར་གཞི་ཡི་གེ་འབྲི་བ་དང་། ཤིང་པར་བརྐོ་བ་བཅས་སྡེ་དགེའི་ཡུལ་གྲུ་ཁག་ཏུ་བཟོ་རིག་པའི་ལག་རྩལ་རིག་གནས་ཀྱི་ཕྱོགས་སུ་དར་རྒྱས་གོང་འཕེལ་རྒྱ་ཆེན་པོ་བྱུང་ཞིང་། ཁྱད་པར་དུ་འབྲི་བརྐོས་གཉིས་ཀྱི་ལག་རྩལ་འདི་དག་གསར་གཏོད་ཀྱི་སྤུས་ཀ་ཚད་གཞི་མཐོན་པོར་བཏང་ཡོད། ཁམས་དང་གངས་ལྗོངས་ཙམ་དུ་མ་ཟད། ད་སྐབས་ལ་མཚོན་ན་འཛམ་གླིང་གི་ཐོག་ཏུ་གྲགས་བཞིན་པའི་རིག་དངོས་འདི་ཁོང་གི་བཀའ་དྲིན་ལས་མ་འདས་སོ།།
ཀུན་དགའ་ཕྲིན་ལས་རྒྱ་མཚོའི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་ཆོས་རྒྱལ་བསྟན་པ་ཚེ་རིང་གི་རིགས་སྲས་དམ་པ་བླ་ཆེན་ཀུན་དགའ་ཕྲིན་ལས་རྒྱ་མཚོས་ཆོས་རྒྱལ་ཁྲི་རབས་བདུན་པའི་འགན་བཞེས་གནང་། ༡༧༤༤ ལོར་ཁོང་གིས་བསྟན་འགྱུར་མཐར་ཕྱིན་ལེགས་གྲུབ་བསྐྱངས། གཞན་ཡང་མ་ཎི་བཀའ་འབུམ་དང་། བཀའ་ཐང་སྡེ་ལྔ་། སྙན་ངག་དཎྜིའི་དགོངས་རྒྱན། བཻཌཱུརྱ་དཀར་པོ་དང་། བཻཌཱུརྱ་སྔོན་པོ། བཻཌཱུརྱ་གཡའ་སེལ། སྙན་སྒྲོན། ཀླུ་འབུམ་དཀར་ནག་ཁྲ་གསུམ། རྒྱལ་སྲས་ཐོགས་མེད་རྣམ་ཐར། ངེས་དོན་སྙིང་པོ་བསྟན་པའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཉེར་གཉིས། མདོ་སྡེ་བསྐལ་བཟང་། རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་སོགས་བརྐོས་མཛད། ཁོང་ནི་སྡེ་དགེའི་ཆོས་དཔལ་རིག་གསུམ་གྱི་ཕྱོགས་སུ་མཛད་རྗེས་ཧ་ཅང་ཆེ་བའི་མི་སྣ་གལ་ཆེན་ཞིག་གོ།
བློ་གྲོས་རྒྱ་མཚོའི་དུས་སུ་ཤིང་པར་བརྐོས་ཚུལ།
དེའི་རྗེས་སུ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྲས་གཉིས་པ་བློ་གྲོས་རྒྱ་མཚོས། གཅེན་པོ་གཤེགས་རྗེས་སུ་ཆོས་རྒྱལ་ཁྲི་རབས་བརྒྱད་པའི་འགན་བཞེས་ཏེ། སྔོན་རྗེས་སུ་རྗེ་ཉིད་ཀྱིས་ཀློང་ཆེན་མཛོད་བདུན་དང་། ཞུ་ཆེན་པའི་གསུང་འབུམ་པོ་ཏི་བཅུ་དང་། གཡུ་ཐོག་ཆ་ལག་བཅོ་བརྒྱད། གསོ་རིག་མན་ངག་གཅེས་བསྡུས། བྱེ་བ་རིང་བསྲེལ། དར་མོ་བཀའ་རྒྱ་མ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་པོ་ཏི་ལྔ་བཅུ་ཙམ་པར་དུ་བརྐོས་མཛད་དོ།།
ཚེ་དབང་ལྷ་མོའི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་དཔོན་མོ་ཚེ་དབང་ལྷ་མོའི་སྐུ་དུས་སུ་རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་ཅན་གྱི་ཤིང་པར་དེ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ་པོད་དགུ་ཅན། དཀོན་མཆོག་ལྷུན་འགྲུབ་གཉིས་ཀྱི་བཀའ་འབུམ་སོགས་པོད་ལྔ་བཅུ་ལ་ཉེ་བ་ཙམ་བརྐོས་མཛད་པ་དང་། རྫོགས་ཆེན་སྙིང་ཐིག་ཡ་བཞི་མཐིང་ཤོག་ལ་གསེར་བྲིས་བཅས་བརྐོས་བྲིས་མཛད་དོ།།
ཚེ་དབང་རྡོ་རྗེ་རིག་འཛིན་གྱི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་དེའི་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས། སྙན་བརྒྱུད་སྐོར་དང་། སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་རྣམ་ཐར་དང་བསྟན་བཅོས་སོགས་མང་དུ་བརྐོས་མཛད་པ་སོགས་རྣམ་དཀར་གྱི་འཕྲིན་ལས་སྤེལ་ཡོད་དོ།།
འཆི་མེད་རྟག་པའི་རྡོ་རྗེའི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེའི་སྐུ་དུས་སུ་སྒྲུབ་ཐབས་ཀུན་བཏུས་དང་། ཀོང་སྤྲུལ་རིན་པོ་ཆེའི་མཛོད་ཆེན་རྣམ་ལྔའི་པར་དཔལ་སྤུངས་དགོན་པས་གསར་བཞེངས་ལ་ཞབས་འདེབས་ཐོག་མར་ཞུས། ཤེར་ཕྱིན་འབུམ་པ་ཆ་གཉིས་དང་། གསང་བདག་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའི་རྒྱུད་སྡེ་ཀུན་བཏུས་སོགས་ཤིང་པར་བརྐོས་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། རྙིང་མ་རྒྱུད་འབུམ་སོགས་གསེར་ཞུན་མས་བྲིས་པ་སོགས་གསུང་རབ་འབྲི་བརྐོས་ཕྱོགས་སུ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
ཨ་ཇ་རྡོ་རྗེ་སེངྒེའི་སྐུ་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་ཨ་ཇ་རྡོ་རྗེ་སེངྒེའི་སྐུ་དུས་སུ་གོ་རམས་པའི་གསུང་འབུམ་དང་། རོང་སྟོན་གསུང་འབུམ། གཡག་སྟོན་གསུང་འབུམ། རྗེ་ཙོང་ཁ་པའི་གསུང་འབུམ། དྭགས་པོ་ལྷ་རྗེའི་གསུང་འབུམ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་གསུང་འབུམ། ངོར་ཀུན་དགའ་བཟང་པོའི་གསུང་འབུམ། ས་སྐྱའི་ལམ་འབྲས་ཀྱི་ཆོས་བཀའ་ཆ་ཚང་མ་བཅས་བརྐོས་མཛད་པའོ།།
ལྷ་སྲས་ཚེ་དབང་བདུད་འདུལ་གྱི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་ལྷ་སྲས་ཚེ་དབང་བདུད་འདུལ་གྱི་སྐུ་དུས་སུ། འཇུ་མི་ཕམ་གྱི་གསུང་འབུམ་པོད་བཅུ་བཞི་དང་། མི་ཉག་ཀུན་བསོད་ཀྱི་བཀའ་འབུམ། ཐུབ་བསྟན་ཆོས་ཀྱི་གྲགས་པའི་གསུང་འབུམ་སོགས་ཤིང་པར་ཁག་གཅིག་བརྐོས་མཛད་གནང་བའོ། །སྤྱི་ཚོགས་རྙིང་པའི་དུས་སུ་ཆོས་རྒྱལ་དགུ་པོ་འདི་དག་གིས་གཙོར་མཛད་ནས། ད་ལྟ་སྡེ་དགེའི་པར་ཁང་ཞེས་འཛམ་གླིང་ཐོག་ཏུ་གྲགས་པ་འབར་བ་ཙམ་དུ་མ་ཟད། ཆོས་དཔལ་རིག་གསུམ་གྱི་ཐད་དུ་ཞིམ་མངར་རོ་བརྒྱ་ལྡན་པའི་ཟས་མཆོག་ལྟ་བུ་ལོངས་སུ་སྤྱོད་ཆོག་པ་འདི་ནི་ཡབ་མེས་ཁོང་རྣམ་པའི་སྐུ་དྲིན་ལས་བྱུང་བ་ཡིན་པས་ང་ཚོས་དུས་ནམ་ཡང་བཀའ་དྲིན་མི་བརྗེད་པའི་ཐོག་ཏུ། མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་བྱ་རྒྱུ་ནི་མ་བཀལ་ཕྲག་སྟེང་དུ་བབ་པའི་འོས་འགན་ཞིག་ཏུ་འཛིན་དགོས་སྙམ།
དེང་གི་དུས་སུ་སྡེ་དགེའི་པར་ཁང་དུ་ཤིང་པར་བརྐོས་ཚུལ།
པར་དཔོན་ཡོན་ཏན་དང་རྒྱུན་ལས་པར་དཔོན་གཞོན་པ་བཀྲ་ཤིས་རྡོ་རྗེའི་དུས་སུ་པར་ཁང་བསྐྱར་གསོ་བྱས་ཚུལ།
སྤྱི་ལོ་༡༩༧༩ལོར་སྡེ་དགེ་པར་ཁང་གི་པར་བརྐོ་འདེབས་ཀྱི་ཕྲིན་ལས་ཡང་བསྐྱར་འགོ་ཚུགས། དེའི་སྐབས་སུ་ཐོག་མའི་པར་དཔོན་ཆེ་བ། དབོན་སྟོད་ཡོན་ཏན་གྱིས་ལོ་གཅིག་ལྷག་ཙམ་ལ་འགན་ཁུར། སྐབས་དེར་བཀྲ་ཤིས་རྡོ་རྗེས་རྒྱུན་ལས་པར་དཔོན་གཞོན་པའི་འགན་ཐོག་ནས་ཁོང་རྣམ་པ་གཉིས་ཀྱིས་ཤིང་པར་ཉར་ཚགས་དོ་དམ་དང་། པར་འདེབས་པའི་ལས་ཀ་ལ་སྔོན་འགྲོ་རྣམས་ཚུལ་བཞིན་བྱས་རྗེས། པར་འདེབས་ཀྱི་ལས་གྲྭ་བསྡུས། སྐབས་དེར་སྤྱི་ཚོགས་རྙིང་པའི་དུས་སུ་པར་འདེབས་མྱངས་མཁན་གྱི་མི་སྣ་མང་པོ་བསྡུས་ཏེ་པར་འདེབས་སྐབས་སུ་པར་སྒྲིལ་བས། བཞི་བསྒྲིལ་ལས་ཉུང་མི་ཆོག་པ་དང་། པར་ཕར་ཁུར་ཚུར་ཁུར་སྐབས་སུ་པར་ལེབ་བཅུ་རེ་ལས་མང་མི་ཆོག་པ་དང་། ལག་པས་ཡར་བཟུང་བྱེད་ནས་ཁུར་དགོས་པ་སོགས་པར་འདེབས་ཕྱོགས་ལ་སྒྲིག་གཞི་ལེགས་པར་བཞག །ལོ་ཕྱེད་གཉིས་ཙམ་གྱི་རིང་དུ་པར་འདེབས་ཀྱི་ཕྱག་ལས་རྒྱ་ཆེན་མཛད།
པར་དཔོན་ངག་དབང་དང་རྒྱུན་ལས་པར་དཔོན་གཞོན་པ་བཀྲ་ཤིས་རྡོ་རྗེའི་དུས་སུ་ཤིང་པར་བརྐོས་ཚུལ།
དེའི་རྗེས་སུ་ངག་དབང་གིས་ ༡༩༨༠ ལ་པར་དཔོན་ཆེ་བའི་འགན་བཞེས་ཤིང་། བཀྲ་ཤིས་རྡོ་རྗེས་སྔར་བཞིན་རྒྱུན་ལས་པར་དཔོན་གཞོན་པའི་ལས་ཀའི་ཐུགས་འགན་བཞེས་ནས། ཤིང་པར་གསར་བརྐོས་ཐད་འབུམ་དང་། གཟུངས་འདུས། བརྒྱད་སྟོང་རྐྱང་པ། གྲ་ཏོག་གསེར་གསུམ། བཀའ་བརྒྱུད་ཀྱི་ཆོས་སྐོར་འགའ། ཁྲོ་ཕུ་བརྒྱ་རྩ། སྤྱོད་འཇུག་འབྲེལ་བ། ཟབ་མོའི་ནང་དོན། ཟབ་མོའི་ནང་དོན་གྱི་འགྲེལ་བཤད། འཇིགས་གླིང་བཀའ་འབུམ་ལྡེབ་ཐུང་ཅན། བདུད་རྩིའི་རོལ་མཚོ། ས་སྐྱའི་དབང་རྒྱུད། བཟོ་གསོ་སྒྲ་ཚད་སོགས་རིག་གནས་ཀྱི་སྐོར། ལོ་རྒྱུས་རྣམ་ཐར་སྐོར། ཆོས་སྤྱོད་ཆོ་ག་སྐོར། རིན་ཆེན་གཏེར་མཛོད་བརྐོ་འགོ་བརྩམས་པ་སོགས་མཛད་པར་མ་ཟད། པར་བརྐོས་ལས་གྲྭ་རྣམས་ལ་དུ་བ་འཐེན་མི་ཆོག་པ་སོགས་ཀྱི་སྒྲིག་ལམ་ཡང་དག་བཞག་པ་མཛད། དེ་མཚུངས་སུ་སྡེ་དགེའི་ཕྱོགས་ཀྱི་བཟོ་རིག་ལག་རྩལ་གྱི་རྒྱུན་འཛིན་མི་སྣ་གྲངས་མེད་ཞིག་གསོ་སྐྱོང་བྱས་ཤིང་། སྡེ་དགེའི་པར་ཁང་གི་ཕྱི་ནང་གསང་གསུམ་ཐད་ཕྱག་ལས་མང་པོ་གནང་ཡོད། ད་ལྟའི་བར་པར་བརྐོ་བ་དང་། བྲིས་པ། ཐང་ག་འབྲི་མཁན། མགར་བཟོ་བ་སོགས་ཤེས་ལྡན་ལག་རྩལ་མི་སྣ་མང་པོ་ཡོད་པ་འདི་དག་ཁོང་གིས་རྨང་གཞི་བཞག་པའི་བཀའ་དྲིན་ལས་བྱུང་བ་ཡིན་སྙམ། བཀྲ་ཤིས་རྡོ་རྗེས་པར་ཁང་དུ་མི་ལོ་ཧྲིལ་པོ་བརྒྱད་ཙམ་ལ་པར་དཔོན་ཆེ་བ་གསུམ་གྱི་རིང་དུ་ཕྱག་ལས་རྒྱ་ཆེན་གནང་ཡོད།
པར་དཔོན་སྐལ་དགའི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་སྐལ་དགས་སྤྱི་ལོ་༡༩༨༣ལོར་པར་དཔོན་ཆེ་བའི་འགན་བཞེས། དེའི་དུས་བཀྲ་ཤིས་རྡོ་རྗེ་དང་། བསྟན་དམར་གཉིས་ཀྱིས་པར་དཔོན་གཞོན་པའི་འགན་ཐོག་ནས། མི་ཕམ་བཀའ་འབུམ་ཁ་སྣོན་དང་། ཚད་མ་རྣམ་འགྲེལ་དང་། མཁས་འཇུག །སྐད་གཉིས་ཤན་སྦྱར། རིན་ཆེན་གཏེར་མཛོད་ཙཀླི་རྐོ་འགོ་བཙུགས་པ་དང་། གནས་བརྟན་ལྷ་པར་དང་། གུ་རུ་མཚན་བརྒྱད་གྱི་ལྷ་པར། ཆོ་འཕྲུལ་སྨོན་ལམ་གྱི་ལྷ་པར་བཅོ་ལྔ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལྷ་པར། གསར་རྙིང་གཟུངས་སོགས་དང་། དཀྱིལ་འཁོར་ཇོ་དར་སོགས་གསར་དུ་བརྐོས་མཛད་ཡོད།
པར་དཔོན་ཤཱཀྱའི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་ལྕང་ར་ཤཱཀྱས། སྤྱི་ལོ་ ༡༩༨༧ ལོར་པར་དཔོན་ཆེ་བའི་ཐོག་ཏུ་ལོ་བཞི་ལ་འགན་བཞེས་ཏེ། རིན་ཆེན་གཏེར་མཛོད་སོགས་ཀྱི་ལས་མཐར་ཕུད་པ་དང་། འབྲི་གུང་བཀའ་འབུམ་དང་། ཀརྨ་པ་དུས་གསུམ་མཁྱེན་པའི་གསུང་འབུམ། རིན་ཆེན་གཏེར་མཛོད་ཙཀླི་རྐོ་མཇུག་སྐྱོང་བ་དང་།
རྣམ་སྲས་རྐྱ་བརྒྱད་ལྷ་པར། བསམ་ལྷུན་ལྷ་པར། བར་ཆད་ལམ་སེལ། ཞང་བློན་བཀའ་སྲུང་སྡེ་དགུའི་ལྷ་པར། གེ་སར་ལྷ་པར། བོན་པོའི་རྫོགས་ཆེན་གྱི་ཆོས་སྐོར་སོགས་བརྐོས། ཀརྨ་པ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་ལས་མངོན་པ་མཛོད་དང་། ཚད་མ་རིག་གཞུང་རྒྱ་མཚོ། ཆགས་མེད་བདེ་སྨོན་འགྲེལ་པ། ཀློང་ཆེན་པའི་གསུང་ཐོར་སྐོར། འཇིགས་གླིང་གི་གསུང་ཐོར་བུའི་སྐོར་བཅས་བརྐོས། དེའི་སྐབས་སུ་ཨ་ཀོང་སྤྲུལ་སྐུས་པར་བརྐོ་སར་རོགས་སྐྱོར་ཆེན་པོ་གནང་།
འདིའི་རིང་དུ་སྐལ་དགའ་དང་བསྟན་དམར་གཉིས་ཀྱིས་པར་དཔོན་གཞོན་པའི་གོ་གནས་ཐོག་ཏུ་ཕྱག་ལས་གནང་ཡོད།
པར་དཔོན་ག་ལུག་གི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་དབོན་སྟོད་གཡུ་འབོས་ག་ལུག་གིས། སྤྱི་ལོ་༡༩༩༥ ལོར་པར་དཔོན་ཆེ་བའི་འགན་བཞེས་ནས་པར་དཔོན་སྔོན་མ་རྣམས་ཀྱི་ལས་འཕྲོ་རྔ་མ་ཕུད་པ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་དང་སྡོམ་གསུམ། འཇམ་དབྱངས་དགོངས་རྒྱན། ཕག་གྲུ་བཀའ་འབུམ་དང་པདྨ་ཉིན་བྱེད་བཀའ་འབུམ་བརྐོ་འགོ་བཙུགས། དེའི་སྐབས་སུ་མཁན་ཡེ་ཤེས་བཟང་པོས་ཁྲོཾ་རྡོ་ཁོ་དགོན་གྱི་གཞུང་ཆེན་བཅུ་གསུམ་ཤིང་པར་བརྐོས་པ་དེ་དག་པར་ཁང་དུ་ཡར་ཕུལ་བས། དེའི་ཞུ་དག་དང་བརྐོ་བཙུགས་སོགས་ལས་འཕྲོ་ཕུད་པ་སོགས་ཀྱི་ཕྱག་ལས་གནང་ཡོད། འདིའི་དུས་བསྟན་མར་གྱིས་པར་དཔོན་ཆུང་བའི་འགན་བཞེས་ཡོད།
པར་དཔོན་བསོད་རྒྱལ་གྱི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་༡༩༩༦ལོར་ཀོ་གོ་བསོད་རྒྱལ་གྱིས་པར་དཔོན་ཆེ་བའི་འགན་ལོ་བཞིར་བཞེས། ཁོང་གིས་པར་དཔོན་སྔོན་མ་རྣམས་ཀྱི་ལས་འཕྲོ་རྔ་མ་ཕུད་པ་སོགས་ཀྱི་མཛད་པ་སྐྱོང་བར་མ་ཟད། པར་བསྐྱར་བརྐོ་བྱ་རྒྱུ་སོགས་ལས་ཀ་མང་པོའི་འཆར་གཞི་བཀོད་པ་དང་། བོད་ཤོག་བཟོ་བ། སྣག་ཚ་བཟོ་རྒྱུ་སོགས་བཟོ་རིགས་སྐོར་དར་སྤེལ་གཏོང་བའི་དམིགས་ཡུལ་ཆེན་པོ་བཟུང་ཡང་གློ་བུར་དུ་ཚེ་ལས་འདས་པས་དོན་དག་མང་པོ་འགྲུབ་པའི་གོ་སྐབས་མ་བྱུང་།
དེའི་རིང་དུ་པར་དཔོན་ཆུང་བ་བྱང་དགའ་དང་བསྟན་དམར་གཉིས་ཡིན།
པར་དཔོན་གཞོན་པ་པ་སངས་དང་བྱང་དགའ། བསྟན་དམར་གྱི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ་སྤྱི་ལོ་༢༠༠༠ལོར་པ་སངས་ཀྱིས་རྒྱུན་ལས་པར་དཔོན་གཞོན་པའི་ཐོག་ནས་གཙོ་བོའི་ལས་འགན་བཞེས་ནས་ལོ་གསུམ་རིང་། ཞལ་དམར་དཀོན་མཆོག་ཡན་ལག་གི་འདུལ་སྐོར་དང་། ཤཱཀ་མཆོག་བཀའ་འབུམ་སོགས་བརྐོས། སྐབས་དེར་པར་དཔོན་གཞོན་པ་བྱང་དགའ་དང་། བསྟན་དམར་གཉིས་ཀྱིས་པར་གསར་རྐོ་དང་པར་ཁང་བདག་གཉེར་ཕྱོགས་ལ་ཕྱག་ལས་མང་པོ་གནང་ཡོད།
པར་དཔོན་འཇིགས་དགའི་དུས་སུ་ཤིང་པར་བརྐོས་ཚུལ།
དེའི་རྗེས་སུ། སྤྱི་ལོ་༢༠༠༣ལོར་འཇིགས་མེད་ཚེ་དབང་ངམ་མཆོག་སྤྲུལ་འཇིགས་དགས་པར་དཔོན་ཆེ་བའི་འགན་བཞེས་ཏེ། གྲུབ་མཐའ་ཁག་ལྔའི་ཆོས་འབྱུང་དང་། ཤྰཀྱ་མཆོག་ལྡན་གྱི་བཀའ་འབུམ། མར་པའི་བཀའ་འབུམ། རྒྱ་ཆེན་རྣམ་ཐར་དང་། སྒྲ་མདོ། སྒྲ་ཊིཀ །བོན་གྱི་གཟུངས་གཞུག་ཆ་ཚང་། རྒྱལ་གཤེན་རྣམ་ཐར། བོན་གྱི་ཐར་མདོ། རྙིང་མ་རྒྱུད་འབུམ་བསྐྱར་བརྐོ། འབྲི་གུང་བཀའ་འབུམ་སོགས་དང་། ཕག་གྲུ་བཀའ་འབུམ་དང་པདྨ་ཉིན་བྱེད་བཀའ་འབུམ་བརྐོ་མཇུག་བསྐྱངས། མཁྱེན་བརྩེ་དང་། ཀོང་སྤྲུལ་བླ་བརྒྱུད་ལྷ་པར། གྲུབ་མཐའ་ལྔའི་གཙོ་བོའི་ལྷ་པར་སོགས་ཤིང་པར་དང་ལྷ་པར་མང་ཙམ་བརྐོས། གྱང་ལྷ་ཉམས་གསོ་དང་། ཁང་སྟེང་དུ་ཨརྒ་བརྡུང་བ། ཁོར་ཡུག་ཏུ་རྡོ་གཅལ་བསྒྲིགས་པ། གྲུབ་མཐའ་ལྔའི་སྐུ་བརྙན་ཟངས་གསེར་གྱི་འདྲ་སྐུ་བརྒྱད་བཞེངས། སྐབས་དེར་པར་དཔོན་གཞོན་པ་བསྟན་དམར་དང་ཚེ་དབང་བཀྲ་ཤིས་གཉིས་ཀྱིས་པར་ཁང་གི་ཕྱི་ནང་གསང་གསུམ་ལ་ཉམས་གསོ་དང་པར་ཁང་བདག་གཉེར་ཕྱོགས་ལ་ཕྱག་ལས་མང་པོ་གནང་ཡོད།
པར་དཔོན་ཚེ་དབང་བཀྲ་ཤིས་ཀྱི་དུས་སུ་ཤིང་པར་བརྐོས་ཚུལ།
དེ་རྗེས་སུ། སྤྱི་ལོ་༢༠༡༢ལོར་མཁར་མདོ་ཚེ་དབང་བཀྲ་ཤིས་སམ་ཚང་བཀྲས་པར་དཔོན་ཆེ་བའི་འགན་ལོ་བརྒྱད་ལ་བཞེས་ཏེ། ཁོང་གི་སྐབས་སུ་སྡེ་དགེ་རྫོང་སྲིད་གཞུང་གིས་བཀའ་བསྟན་བསྐྱར་བརྐོའི་ལས་འགོ་བཙུགས་པ་དང་། ཁོང་གིས་བརྒྱད་སྟོང་སུམ་ཕབ་བསྐྱར་བརྐོས་དང་། བླ་རུང་གསུང་འབུམ། བརྒྱད་སྟོང་རྐྱང་པ། བསྐང་གསོ། ཐར་མདོ། ཀླུ་འབུམ། བཀའ་ཐང་། གསེར་ཆུང་། བཟང་སྤྱོད་སོགས་དཔེ་ཆའི་རིགས་དང་། གསར་གཟུངས་རྙིང་གཟུངས་སོགས་གཟུངས་པར་རིགས། བཀའ་བརྒྱད་དགུ་ཐང་གི་ལྷ་པར། ཉེ་སྲས་བརྒྱད་ཀྱི་དགུ་ཐང་གི་ལྷ་པར། དབང་སྡུད་ལྷ་པར། རྗེ་འབངས་ཉེར་ལྔའི་ལྷ་པར། བཀྲ་ཤིས་བརྒྱད་པའི་ལྷ་པར། རྗེ་གཟིགས་པ་ལྔ་ལྡན་གྱི་ལྷ་པར། ས་སྙིང་ལྷ་པར། རྣམ་སྲས་ལྷ་པར། རིག་བྱེད་མའི་ལྷ་པར། བསྟན་པ་ཚེ་རིང་དང་། སི་ཏུ་དང་། ཞུ་ཆེན་དང་། བརྐོས་ལྷ། ཀརྨ་ཚེ་དཔལ་བཅས་པར་ཁང་གི་དམིགས་གསལ་གྱི་བྱེད་པོ་མི་སྣ་ལྔའི་སྔར་མེད་ལྷ་པར་སྐོར་གསར་བརྐོས་དང་། སོ་སོར་འབྲང་མ་དང། བཏགས་གྲོལ་ཐིག་བརྒྱ་ཆེ་བ། བཏགས་གྲོལ་ཐིག་བརྒྱ་ཆུང་བ། བཀྲ་ཤིས་རྟགས་བརྒྱད་ཀྱི་འཁོར་ལོ་བརྒྱད། བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ། དབང་ཐང་རླུང་བསྐྱེད་སོགས་འཁོར་ལོའི་རིགས་མང་བ་སྔར་མེད་གསར་བརྐོ་དང་ཉམས་པ་བསྐྱར་བརྐོ་བྱས། རྙིང་མ་རྒྱུད་འབུམ་གྱི་ཞུ་དག་དང་བརྐོ་བཙུགས་སོགས་ཀྱི་ལས་རྔ་ཕུད་པ་དང་། ཆོས་ཚན་མང་པོ་བྱི་བས་ཟོས་པའི་ཤིང་པར་རྣམས་ལོ་མང་རིང་དུ་བརྐོ་བཙུགས་ཉམས་གསོ་བྱས་པ་སོགས་མཛད། པར་ཁང་ཐོག་ཏུ་ལྷ་སའི་སྲོལ་རྒྱུན་ལུགས་ཀྱི་ཨརྒ་བརྡུང་བ་དང་། ཁང་ཤོད་བར་འཁྱམས་རྣམས་དང་ཁང་སྟེང་རྒྱ་མཐོངས་སོགས་སུ་ཚོན་རྩི་ཉམས་པ་སོགས་ལ་ཚོན་རྩི་གསར་དུ་བཏང་། ནང་གི་ལྷ་རྣམས་ལ་གསེར་བཞེས་གསོལ་བ་དང་། གསེར་དངུལ་བཀྲ་མའི་མཎྜལ་སྤུས་ལེགས་བཞེངས་པ་དང་། སྟེང་གི་རྒྱལ་མཚན་ལ་གསེར་བྱུགས་པ་བཅས་པར་ཁང་གི་ཕྱི་ནང་གསང་གསུམ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད། ཤཱཀྱའི་དུས་སུ་པར་ཁང་དཀར་ཆག་སྒྲིག་སྐབས་གཙོ་འགན་བཞེས། ཁོང་གི་རིང་དུ་བསྟན་དམར་དང་། ཁྲེང་ནིང་། འཇིགས་མེད་དབང་མོ་གསུམ་གྱིས་པར་དཔོན་གཞོན་པའི་འགན་བཞེས་ཐོག་ནས་ཕྱག་ལས་རྒྱ་མི་ཆུང་བ་གནང་ཡོད་དོ།།
པར་དཔོན་ཀྲོའུ་ཞུའེ་སུང་གི་དུས་སུ་ཤིང་པར་བརྐོས་ཚུལ།
དེའི་རྗེས་སུ། ཀྲོའུ་ཞེའུ་སོང་གིས་སྤྱི་ལོ་༢༠༢༠ ལོར་པར་དཔོན་ཆེ་བའི་འགན་བཞེས་ཏེ། སྡེ་དགེ་རྫོང་གི་བཀའ་བསྟན་བསྐྱར་བརྐོས་ཀྱི་ལས་ཀ་མུ་མཐུད་དེ་མཐའ་ཕུད་རྒྱུའི་འགན་བཞེས་ཐོག །སྔོན་རྗེས་སུ་ཨ་ཁྱུག་གསུང་འབུམ་དང་། པདྨ་སྐལ་བཟང་གསུང་འབུམ། ཨ་པད་གསུང་འབུམ་གསར་བརྐོས་བྱས་པ་དང་། མི་ཉག་ཀུན་བསོད་གསུང་འབུམ་ཁ་སྣོན་སོགས་དང་། ད་དུང་སྡེ་དགེའི་པར་ཁང་གིས་ཐང་རྒྱལ་ས་གཡོ་སྲུང་འཁོར་དང་། རཏྣ་གླིང་པའི་འཁོར་ལོ་ཆེ་ཆུང་རིགས་ལྔ། དབྱངས་ཅན་མའི་ལྷ་པར། དབང་སྡུད་ཇོ་དར། སྤྱན་རས་གཟིགས་ཕྱག་བཞི་པའི་ལྷ་པར། ཛཾ་བྷ་ལྷའི་ལྷ་པར། འཇམ་དབྱངས་ལྷ་པར། སྲིད་པ་ཧོའི་ཕྱག་བརྒྱ། གཟུངས་ལྡེབ་བརྒྱ། ཤཱཀ་མཆོག་ལྡེབ་ཆད་ལྡེབ་བརྒྱ་ལྷག་སོགས་བརྐོས་ཏེ་རྐོ་བཙུགས་སོགས་ཀྱི་ལས་ཀའི་མཐའ་ཕུད་པ་དང་། པར་ཁང་སྟེང་ནས་ཕྱིའི་རྡུལ་རླུང་འགོག་པའི་ཆེད་དུ་རྒྱ་མཐོངས་ཤེལ་ཡོལ་སྤྲད་པ། སྒྲོལ་མ་གསུང་འབྱོན་གྱི་གཡས་ངོས་སུ་སྒྲོལ་མ་ཉེར་གཅིག་གི་སྐུ་བརྙན་བྲིས་པ་སོགས་ཀྱི་བྱ་བ་གཉེར་ཏེ་ད་ལྟའང་ལས་ཀའི་ཐུགས་འགན་བཞེས་དང་བཞེས་བཞིན་པའོ། །ཁོང་གི་འབོད་སྐུལ་ལ་བརྟེན་ནས་སྡེ་དགེ་པར་ཁང་གི་པར་གཞི་རྙིང་པ་ཡོད་ཚད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འཛམ་གླིང་དྲན་ཤེས་མིང་ཐོའི་ནང་དུ་ཚུད་ཡོད། འདིའི་སྐབས་སུ་དང་ཐོག་འགྱུར་མེད་དབང་མོ་དང་དེའི་རྗེས་སུ་སྨན་སྒང་པ་བློ་གྲོས་རྣམ་རྒྱལ་གྱིས་པར་དཔོན་གཞོན་པའི་འགན་བཞེས་གནང་སྟེ། ཕྱག་ལས་རྒྱ་མི་ཆུང་བ་གནང་དང་གནང་བཞིན་པའོ།།
དེ་ཡང་། སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དུས་སུ་ཆོས་རྒྱལ་དང་པར་དཔོན་རྣམས་ཀྱི་སྐུ་དུས་སུ་ཤིང་པར་ཅི་བརྐོས་དང་། མཛད་ཕྲིན་གང་བཞག་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག འབྲི་དགོས་རྒྱུའི་བྱ་བ་འདི་ཉིད་མ་བསྐུལ་དང་བླང་གི་ཚུལ་དུ་འོས་འགན་བཞེས་ཁུལ་བྱས་པ་ཡིན། རྒྱུ་མཚན་ནི། རིག་གསར་རྗེས་སུ་པར་ཁང་སྒོ་ཕྱེས་པ་ནས་བཟུང་སྟེ། ལས་ཀའི་ཐོག་འགན་བཞེས་མྱངས་པའི་རྒན་རབས་རྣམས་ད་ལྟ་ཞལ་བཞུགས་ཡོད་ཚེ། ཁོང་རྣམས་ནི་པར་ཁང་གི་ལས་ཀ་ལ་ཆ་རྒྱུས་ཆེ་ཡང་ད་སྐབས་ནི་ལོ་ན་མཐོ་བས། གལ་ཏེ་འཇིག་རྟེན་གཞན་ཡུལ་དུ་སོང་ན་ཁོང་རྣམ་པའི་ངག་ཐོག་ཏུ་དངོས་ཡོད་ཀྱི་ལོ་རྒྱུས་མང་པོ་ཞིག་མཉམ་དུ་སོང་ཉེན་ཆེ་བའི་ཕྱིར་ན། ཕ་ཨ་ཁུའི་ལོ་རྒྱུས་མ་ཤེས་ན། །བུ་ཚ་བོ་སྤྲེའུ་ནགས་གནས་འདྲ། །གསུངས་པ་ལྟར་ཆོས་མཛོད་འདི་ཉིད་ནི་མི་རབས་མང་པོར་བརྒྱུད་ནས་སྤུས་ཇེ་ལེགས་དང་ཕུན་སུམ་ཇེ་ཚོགས་སུ་བྱུང་བ་ཡིན་པས། མི་རབས་རྗེས་མ་རྣམས་ཀྱི་སྤྱན་མིག་ཡར་ལྟོས་དང་། སྔར་དཔེ་ཕྱིར་འཇོག་གི་མིག་ལྟོས་དང་ཀུན་སློང་རེ་ཡང་འབྱུང་སྲིད་པས་དེའི་ཕྱིར་ན་ཆ་རྒྱུས་ཆེ་བ་དང་། ཕྱོགས་ཞེན་མེད་པའི་མི་བུ་ལྷག་བསམ་ཅན་རྣམས་ལ་བཀའ་འདྲི་དང་ལོ་རྒྱུས་ཡིག་ཐོག་འཁོད་པ་གཉིས་ཀ་གོ་བསྡུར་ནས་ཞིབ་དཔྱད་ཀྱིས་བྲིས་པ་ཡིན་པས་སྤྱིའི་ཆ་ནས་འཐུས་སྒོ་ཚང་བ་བྱུང་མོད། ད་དུང་ཡང་ནོར་བ་དང་ཆད་ལུས་མང་དག་ཡོད་སྲིད་པས་དགོངས་གསོལ་མཐོལ་བཤགས་ཞུས་ཏེ། ཕྱི་རབས་པ་ལ་ཕན་རེ་ཐོག་པའི་རྒྱུར་གྱུར་ཅིག།
གསལ་བཤད།
སྡེ་དགེའི་རྒྱལ་རབས་རིམ་བྱོན་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་སུ་པར་དཔོན་སོ་སོས་པར་ཁང་བསྐྱར་གསོ་དང་ཤིང་པར་གསར་བརྐོས་བྱས་ཚུལ་ནང་ད་དུང་ཆ་མ་ཚང་བ་དང་མ་ཤེས་པ་མང་པོ་ཡོད་སྲིད་པས་དགོངས་དག་ཞུ་བ་དང་ཆབས་ཅིག་ཏུ་ཤེས་མཁན་ཚོས་རྗེས་མར་ཁ་སྣོན་བྱ་རྒྱུའི་རེ་བ་ཞུ།