ས་བཅད་དང་པོ། པར་བརྐོའི་གོ་རིམ་བཤད་པ།
རིམ་པ་དང་པོ། ཤིང་བཟོ་བ།
ཤིང་བཟོ་བ་ལ་རིམ་པ་ལྔ་ཡོད་པ་སྟེ། ཤིང་ངོས་གཟུང་བ་དང་། ཤིང་གཅོད་པ།
ཤིང་དྲ་བ། ཤིང་སྐམ་པ། པར་ཤིང་བཟོ་བའོ།།
1.ཤིང་ངོས་གཟུང་བ།
ཤིང་ངོས་གཟུང་བ་ལ་སྤྱིར་སྟངས་ནས་བཤད་ན་མཐོ་སྒང་གི་ས་ཆ་གང་དུ་ཡང་ཤིང་རིགས་རྣམ་པ་སྣ་ཚོགས་པ་ཞིག་ཡོད་ཀྱང་། དེ་དག་ལས་ཡི་གེ་བརྐོ་སའི་ཤིང་ལ་ཁྱད་ཆོས་སྲ་བ། མཉེན་པ། དམ་པོ་གསུམ་དང་ལྡན་པ་ཞིག་ཡིན་དགོས་ཏེ། དེའི་ཕྱིར་ཤིང་འཁྲིས་པ་དང་། སྟག་པ་སྟེ་རིགས་གཉིས་ཁོ་ནར་ངེས་སོ། །གཞན་རྣམས་སྲ་མཉེན་དམ་གསུམ་གྱི་ཁྱད་ཆོས་ལྡན་པའི་ཤིང་ཤིན་ཏུ་དཀོན་ནོ། །
དེ་གཉིས་ལས་ཀྱང་བཀའ་འགྱུར་དང་བསྟན་འགྱུར་སོགས་འབྲུ་ཆུང་བ་དཔེ་ཆའི་རིགས་སོགས་ཀྱི་བརྐོས་ཤིང་ནི་ཤིང་འཁྲིས་པ་བཟང་སྟེ། ཡིག་གཟུགས་བརྐོས་ཟིན་པ་རྣམས་ཡུན་རིང་པོ་གནས་ཐུབ་ཆེ་བའི་ཡོན་ཏན་ཡོད། ཐབས་ཆག་ན་འབྲུ་ཆེ་བའི་རིགས་ཇོ་དར་ལྟ་བུ་ནི། སྟག་པ་ལའང་བརྐོ་རུང་བ་ཙམ་ཡིན་ཞིང་གཉིས་ཀ་ལ་འཛེར་མ་མེད་པ་དྲང་པོ་ཡོད་དགོས། བོད་མིའི་ངག་རྒྱུན་དུ་ལྷས་སྨོན་ལམ་ཐེབས་པའི་ཤིང་ཡིན་ཞེས་བཤད་སྲོལ་ཡང་ཡོད་དོ། །ཤིང་འཐུ་བའི་དུས་སྐབས་ཀྱང་སྟོན་ཁ་ལ་བཟང་ཞིང་སྐབས་དེར་ཤིང་ཆུ་ཕར་འཐག་པའི་སྒང་ཡིན་པས་སྲ་མཉེན་དམ་གསུམ་ལྡན་ཆེ་བའི་དགེ་མཚན་ཡོད་ཅེས་རྒན་རབས་པས་གསུངས་སོ། །
2.ཤིང་གཅོད་པ།
ཤིང་ཕྲ་སྦོམ་སྐབས་དང་བསྟུན་ནས་ཤིང་སྡོང་གི་གཡས་གཡོན་དུ་སྟ་རེས་གཅོད་སྐབས་གནད་ལ་མཁས་པར་དགོས་ཏེ། གཡས་གཡོན་དུ་ལེགས་པོར་བཅད་མ་ཚར་བའི་གོང་དུ་ལག་པས་ཤིང་སྡོང་རྫོགས་བཞག་ན། དཀྱིལ་ནས་གས་འགྲོ་བས་པར་ཤིང་བཟོ་བའི་འགལ་རྐྱེན་ཆེ་ཤོས་ཤིག་ཏུ་འགྲོ། ཤིང་གཅོད་ཚུལ་ལེགས་པར་མ་བྱུང་བའི་དབང་གིས། པར་ཤིང་བརྐོས་ཚར་རྗེས་བརྗེ་དགོས་པའི་གནས་ཚུལ་མང་དུ་བྱུང་སོང་བས་ཡིད་འཇོག་བྱེད་པར་ཤིན་ཏུ་གལ་ཆེའོ། །
3.ཤིང་དྲ་བ།
པར་ཤིང་དྲ་བའི་སྐབས་སུ་དང་པོ་ཤིང་སྙིང་བཀས་ཏེ་མ་དྲས་ཐབས་མེད་ཡིན། ཤིང་སྙིང་བཀས་ཏེ་དྲ་ཞེས་པ་ནི། དང་པོ་ཤིང་གི་དཀྱིལ་ངོ་མ་ནས་ཕྱེད་བཤགས་བྱས་ཏེ་དྲ་བ་ལ་གོ །དེ་ནས་རིམ་བཞིན་སྲབ་མཐུག་སྐབས་དང་བསྟུན་དགོས་སོ། །སྔ་དུས་སུ་སྟ་རེས་ཤིང་བཀས་གཞོག་བྱ་དགོས་ལ། བར་སྐབས་སུ་བཀས་སོག་དང་ལག་སོག་གིས་དྲ་སྲོལ་ཡོད། དེང་སང་འཕྲུལ་སོག་གིས་སྟབས་བདེའི་ངང་དུ་དྲ་ཆོག་གོ །
4.སྐམ་པ།
དྲས་ཟིན་རྗེས་ཐ་ནའང་ཟླ་བ་ཁ་ཤས་དང་། རབ་ན་ལོ་གཅིག་ཙམ་ལ་གྲིབ་སྐམ་བྱས་ན་ལེགས། ཤིང་དྲ་ཟིན་མ་ཐག་པར་ཤིང་བཟོས་བཞག་ན་བརྐོས་ཟིན་པའི་པར་བྱང་གུག་གཅུ་ཀྱོག་གསུམ་སོགས་གནོད་སྐྱོན་ཆེ་བས། དང་པོ་ནས་ཤིང་སྐམ་པའི་ལག་ལེན་ཡང་དག་པ་ལ་འཇུག་རྒྱུ་ཤིན་ཏུ་གལ་ཆེའོ། །
5.པར་ཤིང་བཟོ་བ།
ཤིང་གཅོད་པ་དང་དྲ་བ་སྐམ་པ་སོགས་ཀྱི་རིམ་པ་བརྒྱུད་ཚར་བའི་རྗེས་ཤིང་མཁན་གྱིས་པར་ཤིང་བཟོ་སྐབས་ཤིང་སྣ་ལ་བལྟ་རྒྱུ་གལ་ཆེ། ཤིང་སྣ་ལ་དོ་སྣང་མ་བྱས་ནས་འབུར་ལེན་ཅི་འདོད་ལྟར་བརྒྱབ་བཞག་ན། ཤིང་ཟེགས་གོག་པས་ཤིང་ལ་སྤུས་ཀ་མི་ཡོང་། དེའི་ཕྱིར་ཤིང་བཟོའི་ལག་ཆ་ཡག་པོ་གྲ་བསྒྲིགས་ཏེ་ཤིང་མཁན་གྱིས་ཤིང་སྣ་ལ་ཅི་ནས་ཀྱང་དོ་སྣང་གནང་བར་གལ་ཆེན་དུ་སྣང་། བཟོ་དབྱིབས་ནི་སྣར་པར་དང་འཕྲེད་པར་གང་ཡིན་ཡང་རུང་སྟེ། པར་རྩ་ཆེ་ཆུང་ལ་ལྟོས་ནས་བཟོ་དགོས། པར་ཡུ་ལ་རྩེ་སྦོམ་ཞིང་གཏིང་དུ་ཅུང་ཟད་ཕྲ་བའི་ཉམས་དོད་པ་ཞིག་དགོས་པ་ནི་པར་ཡུའི་མཛེས་ཆོས་ཀྱི་ལུགས་སྲོལ་ལོ། །
རིམ་པ་གཉིས་པ། པར་རྩ་སྦྱར་བ།
པར་རྩ་སྦྱར་བ་ལ་རིམ་པ་དྲུག་སྟེ། པར་ཤིང་གཞར་བ། སྤྱིན་བྱུག་པ།
པར་རྩ་སྦྱར་བ། སྐམ་པ། ཆུ་ཟིམ་པ། བཤུ་བའོ།།
1.པར་ཤིང་གཞར་བ།
པར་ཤིང་བཟོས་ཟིན་པའི་རྗེས་སུ་གཞར་གྲིས་པར་ཤིང་གཡས་གཡོན་གཉིས་ཀ་ངོས་འཇམ་པོར་གཞར་དགོས་སོ།།
2.སྤྱིན་བྱུག་པ།
སྔར་ཡིན་ན་བོད་གྲོ་ཆུ་ལ་བསྐྱམས་ཏེ་དྭངས་སྙིགས་ཕྱེས་པའི་དྭངས་མ་དེ་བཀོལ་ནས། གར་སླ་རན་ཙམ་བྱས་པའི་གྲོ་འདམ་དང་། ཕྱིས་སུ་རྒྱ་ཡི་གྲོ་ཕྱེས་བཀོལ་བའི་གྲོ་འདམ་དང་། དེང་སང་རྒྱ་སྤྱིན་དཀར་པོ་འདི་བཟང་། དེ་ཤིང་ངོས་སུ་སྲབ་མཐུག་ཁོད་སྙོམས་པོར་བྱུག་དགོས་སོ། །
3.པར་རྩ་སྦྱར་བ།
པར་རྩ་ནི་པར་ཤིང་གི་ངོས་སུ་སྦྱར་རྒྱུའི་ཤོག་ངོས་ཀྱི་ཡིག་གཟུགས་ལ་ཟེར། པར་གཞི་ཡིག་འབྲུ་ཤིང་ངོར་ཁ་ཕར་བསྐོར་ཏེ་ཡ་ཡོ་དང་ཀྱག་ཀྱོག་མེད་པར་དྲང་པོར་ཤིང་གི་ཐོག་ཏུ་བཀོད་དེ། ལག་གཡས་པས་ལྷོད་པོས་དེའི་ཐོག་ཏུ་ལག་པའི་མཛུབ་མོས་བྱུགས་ཏེ་ཤིང་ངོར་འབར་འབུར་སོགས་གང་ཡང་མེད་པར་སྦྱར་དགོས་སོ། །
4.སྐམ་པ།
པར་རྩ་སྦྱར་ཚར་རྗེས་མི་དང་སྲོག་ཆགས་སོགས་འགྲོ་འདུག་དང་སྤྱོད་ལམ་མེད་པའི་གནས་སུ་འཇོག་པ་གལ་ཆེ། ཅུང་ཟད་རྗེས་ནས་སྐམ་ཡག་མ་ཚར་གོང་དུ། ཤིང་ངོས་ཀྱི་པར་རྩ་འབར་འབུར་ཡོང་བ་རྣམས། ལག་མཐིལ་གྱིས་ཤིང་ངོས་སུ་མནན་མནན་བྱེད་ནས་ངོས་མཉམ་པོར་བྱ། ཉི་མ་དང་གྲིབ་སྐམ་གང་བདེར་བཟོ་ཞིང་ལེགས་པར་སྐམ་དགོས་སོ། །
5.ཆུ་ཟིམ་པ།
ཤིང་ངོས་ཀྱི་པར་རྩ་ལེགས་པོར་སྐམ་རྗེས། ཤིང་པར་ངོས་ལ་ཤོག་བུ་སྲབ་མཐུག་དང་བསྟུན་ནས་ཆུ་ཟིམ་ཟིམ་གཏོར་དགོས་སོ། །
6.པར་བཤུ་བ།
པར་གཞི་ཤིང་ཐོག་ཏུ་སྦྱར་ཟིན་པའི་ཤོག་རོ་ཚུར་ལེན་པ་ལ་ཟེར། ཆུ་ཟིམ་རྗེས་མཛུབ་མོ་བཞིའམ་ཡང་ན་ལག་མཐིལ་གྱིས་འཕུར་འཕུར་བྱ། དེའི་ཚེ་ཤོག་རོ་རྣམས་རིལ་གྱིས་འགྲིལ་ཡོང་བས་ལྷོད་པོར་མ་བྱས་ན་ཡིག་འབྲུ་རྣམས་ནག་ནོག་ཏུ་འགྱུར་བའི་ཉེན་ཁ་ཆེ་བས་གཟབ་པར་བྱ། ཤོག་རོ་ཤིང་ཐོག་ཏུ་ལྷག་ན་ཞིབ་བརྐོས་སྐབས་སུ་ཡི་གེའི་རི་མོ་དང་བཅས་ཡལ་འགྲོ་བའི་སྐྱོན་ཡོད་པས། བཤུ་བའི་དུས་སུ་ཤོག་རོ་རྣམས་མི་ལྷག་པར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ཡིན། སྐབས་འགའ་རེར་ཤོག་རོ་ལེན་ཚར་ཡང་ཡིག་འབྲུ་རྣམས་སྐྱ་བོའི་རྣམ་པ་གྱུར་ཞིང་མི་གསལ་བ་ཡོད་པས། ཆེ་གཅོད་མགོ་བཀད་གཤགས་ཟིན་རྗེས་ཏིལ་མར་ཅུང་ཙམ་བྱུག་ན་ཡིག་གཟུགས་གསལ་པོར་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཡོད། ཏིལ་མར་བྱུག་དགོས་ཚེ་མགོ་བཀད་གཤགས་རྗེས་སུ་སྣུམ་བསྐུ་དགོས་མ་གཏོགས། སྣུམ་གྱིས་རྐྱེན་ལས་གསེག་གཅོད་འདྲེད་དེ་ཡི་གེ་སོགས་ལ་རྨས་སྐྱོན་བཟོ་ཉེན་ཡོད་པས་དེ་ལྟར་ཐུགས་འཇགས་འཚལ་ལོ། །
རིམ་པ་གསུམ་པ། བརྐོ་བ་དངོས།
1.ཆེ་གཅོད་ཡར་བཙུགས་པ།
ཆེ་གཅོད་ཡར་བཙུགས་པ་ནི། ། དེང་དུས་སུ་སྟབས་བདེའི་ལུགས་ལྟར་མི་བྱེད་པར། སྔོན་སྲོལ་ཚད་ལྡན་རྒན་རབས་པ་རྣམས་ཀྱི་ལུགས་སུ་བྱ་དགོས་ཏེ། མགོ་བཀད་ཐུང་བར་གཤགས་ནས་ཕྱོགས་བཞིའི་ཁ་ས་གཅུ་རིས་རྣམས་ཀྱང་དྲང་མོར་ཉིད་དུ་གཤགས་དགོས། དེ་ནས་གསེག་གཅོད་དྲངས་སྐབས་ཕུ་འགྱེལ་དང་། མདའ་འགྱེལ་མེད་པར་ཡིག་འབྲུ་རྣམས་ཀྱི་བར་དང་། དབྱངས་བཞིའི་འགྲམ་དང་སྟེང་རྣམས་སུ་དྲང་ཚུགས་སུ་འཛུགས་པར་བྱ། རྐང་ཐུང་དང་རྐང་འབྲིང་གི་ཡི་གེ་རྣམས་ཀྱི་ཞབས་སུ་ཆེ་ཆུང་སྐབས་དང་བསྟུན་ནས་རྐང་གདན་ལེན་དགོས་ཤིང་རྐང་རིང་ལ་མི་དགོས་སོ། །གོང་གི་མགོ་བཀད་གཤགས་ཟེར་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཡིག་འབྲུའི་བར་དུ་ཐིག་གདབ་པ་བཞིན་དུ་ཡོ་འཁྱོག་མེད་པར་གསེག་གཅོད་དྲང་མོར་དྲངས་བ་ལ་མགོ་བཀད་གཤགས་ཟེར་ཞིང་། ཆེ་གཅོད་སྐབས་ནས་ཡིག་འབྲུའི་སྣག་རིས་ཀྱི་ཐོག་ཏུ་ཁབ་ཀྱི་ཚད་ཙམ་ཞིག་དཀར་ཆ་གཞག་དགོས་པ་དང་། ཞིབ་བརྐོས་མགོ་བཀད་ཀྱི་སྐབས་སུ་དཀར་ཆ་མི་འཇོག་ལ་ནག་ཆའང་མི་བཅད་ནས་གསེག་གཅོད་དྲངས་པའི་རིམ་པ་ཡང་དག་པར་འགྲོ་ཤེས་པར་གལ་ཆེའོ། །
2.ཆེ་གཅོད་མར་བཏེས་པ།
ཆེ་གཅོད་མར་བཏེས་པ་ནི། ཤིང་པར་གིྱི་ཡིག་འབྲུ་ཁ་ཐུར་དུ་བསྐོར་ཏེ་སྟོང་ཆ་རྣམས་ལེན་པ་ལ་ཟེར་ཞིང་། དེའི་སྐབས་སུ་ཡིག་འབྲུའི་སྣག་རིས་ཀྱི་ཕྲ་སྦོམ་ཙམ་ཞིག་དཀར་ཆ་གཞག་དགོས་པས་དེ་ལ་དཀར་ཆ་ནག་མཉམ་ཟེར། དཀར་ཆ་དེ་ཞིབ་བརྐོས་ཀྱི་སྐབས་སུ་ཡིག་འབྲུ་བརྐོ་བདེ་བ་དང་སྐྱོན་མི་ཞུགས་པའི་ཆེད་ཡིན་པས་ཆེ་གཅོད་སྐབས་སུ་མ་བཞག་ཐབས་མེད་ཡིན། ཡིག་འབྲུ་ལ་སྲ་བརྟན་ཡོང་ཕྱིར་དུ་ཕྱོགས་སོ་སོར་ནས་རྩ་བ་སྦོམ་ལ་རྩེ་མོར་ཕྲ་བའི་ཉམས་དོད་པ་ཞིག་དགོས་ཏེ། དཔེར་ན་སྟ་རེ་གྱེན་དུ་བསླང་བའམ། ཤ་མོང་སྤང་ཐོག་ཏུ་བརྡོལ་བ་ལྟ་བུ་ནི་ལེགས་པའི་དཔེ་དང་། ངན་པའི་དཔེ་ཤིང་གད་ཐོག་ཏུ་གནས་པ་ལྟ་བུ་ནི་ཆེ་གཅོད་ཀྱི་སྐྱོན་ཆེ་ཤོས་ཡིན་པས་དང་པོ་ནས་ཡིད་གཟབ་བྱེད་པ་གལ་ཆེ།
ཆེ་གཅོད་ཀྱི་སྐབས་སུ། སྔོན་གྱི་པར་བརྐོས་རྒན་པ་རྣམས་ཀྱི་ངག་རྒྱུན་ལ། སྟོན་ཁའི་གྲོ་མ་ནང་བཞིན་དགོས་པ་ལས། སོག་ངན་གྱི་སོ་ལྟ་བུ་ནི་ཆེ་གཅོད་མི་ལེགས་པའི་ཚད་དུ་ཡབ་མེས་རྒན་རབས་པ་ནས་ད་ལྟའི་བར་དུ་མན་ངག་གི་ཚུལ་དུ་གསུངས་ཡོད། དེང་སང་བརྐོས་པ་ཕལ་ཆེ་བས་མགོ་བཀད་སོགས་རིང་གཤགས་བྱེད་པ་དང་། བརྐོ་ཚུལ་སྟབས་བདེ་བྱེད་པ་ལ་བརྟེན་ནས་པར་བརྐོའི་རིག་གནས་འདི་ལ་མིག་མཐོང་ལག་ཟིན་དུ་ཉམས་རྒུད་ཚབས་ཆེན་ཐེབས་ཡོད་པ་དང་། དེ་ལས་ཀྱང་ཧ་ཅང་ཛ་དྲག་ཆེ་བ་ཡིག་འབྲུ་ཕལ་ཆེར་སྤྲུགས་ཤིང་སྲ་བརྟན་མེད་པར་བྱེད་པའི་འཕྲུལ་ཆས་ཀྱི་བརྐོས་འདི་ནི་སྟབས་བདེ་བདེ་འདྲ་ཡང་། དོན་ལ་ཤིང་བརྐོས་རིག་གནས་བརླག་བྱེད་ཀྱི་གཤེད་མ་དང་། ལྟ་སྣང་ལ་ངོས་གཙང་མ་ལྟར་སྣང་ཡང་དོན་ལ་སྤུས་ཀ་ཞན་པ་སོགས་སྐྱོན་གང་མང་ཞིག །ང་ཚོའི་མཐོང་སྣང་ལ་མངོན་སུམ་དུ་གྲུབ་པས་ཀུན་གྱིས་དོ་སྣང་དང་འགན་འཁུར་ཞིག་གནང་རན་འདུག་ཅེས་གསལ་འདེབས་བྱས་པ་ལགས་སོ། །
3.མིག་འབུག་ཡར་བཙུགས་པ།
ཡི་གེའི་མིག་ཆ་རྣམས་ནི། ཆུ་ནང་གི་ཉ་མོའི་མིག་ནང་བཞིན་ཡ་ཡོ་མེད་པར་སྒོར་སྒོར་དགོས་ཏེ། ཆ་མིག ། ན་མིག །མ་མིག་སོགས་ཆུ་ནང་ཉ་མོའི་མིག་འདྲ་དགོས་ཟེར་ནས་མེས་པོ་རྣམས་ཀྱི་ཁ་དཔེའང་ཡོད། མིག་འབུག་ཡར་བཙུགས་དུས་འཕྲེད་ཤིང་ཡིན་ན་ཤིང་སྣའི་འགྲོས་དང་བསྟུན་ནས་མིག་འབུག་ཁ་ཡར་ཡིག་འབྲུའི་སྔོན་དུ་སྐོར་བ་དང་། སྣར་དཔར་ཡིན་ན་མགོ་བཀད་སར་སྐོར་ཏེ་འཛུགས་དགོས་སོ། །
4.མིག་འབུག་མར་བཏེས་པ།
མིག་འབུག་བཙུགས་པ་དང་། བཏེས་པ་གཉིས་ཡག་པོ་ཁ་འཕྲད་དགོས། དེ་གཉིས་ཁ་མ་འཕྲད་ན་མིག་འབུག་འཇོང་འཇོང་ལས་ཆུ་ནང་གི་ཉ་མོའི་མིག་ལྟར་ཡོང་མི་ཐུབ། དཔེར་ན་ཡིག་གཟུགས་ན་ལྟ་བུའི་བུ་ག་སྒོར་མོ་ཡོང་མ་ཐུབ་ན་པར་ལ་སྐྱོན་ཆ་དང་བརྐོས་པ་ཡག་པོ་མ་ཡིན་པའི་རྟགས་སོ། །
མིག་འབུག་འདི་ཡིག་འབྲུ་ལ་ལ་བཙུགས་དགོས་ལ་བཏེས་མི་དགོས་པ་ཡོད། དཔེར་ན་ཁ་དང་ཡ་བཏགས་ཅན་ཀྱ་ཁྱའི་ཁུག་ལྟ་བུའོ། །
ལ་ལ་མར་ཁོ་ན་བཙུགས་དགོས་པ། དཔེར་ན། ཞ་དང་ཅ་ཡིག་ལྟ་བུ་དང་། ལ་ལ་ནི་ཡར་མར་གཉིས་ཀ་བཙུགས་དགོས་ཀྱང་མིག་ནང་གི་དཀར་ཆ་ལེན་མི་དགོས་པ། འ་ལ་ཞ་གསུམ་ལྟ་བུ། ལ་ལ་བཙུགས་བཏེས་གཉིས་ཀ་དགོས་པ། དཔེར་ན། ཆ་ན་མ་སོགས་ཏེ་རིགས་མི་འདྲ་བ་བཞི་ཡོད་པས་དཔེ་རིས་ཀྱི་སྐབས་སུ་གསལ་བ་ལྟར་རོ། །མིག་འབུག་བཏེས་དུས་སུ་ཤིང་པར་ཁ་ཐུར་དུ་བསྐོར་ནས་འཕྲེད་ཤིང་ཡིན་ན་མིག་འབུག་ཀྱང་ཡིག་འབྲུའི་ཕྱི་སོ་དང་། སྣར་ཤིང་ཡིན་ན་རྐང་རྩེར་སྐོར་ཏེ་བཏེས་དགོས་སོ། །
5.ཞིབ་བརྐོས་གསེག་གཅོད་ཡར་བཙུགས་པ།
དབྱངས་དང་གསལ་བྱེད་ཀྱི་བར་དུ་མགོ་བཀད་གཤགས་ཏེ་དཀར་ཆ་མི་བཞག་ལ། ནག་ཆ་མི་གཅོད་དེ་དྲང་མོར་རིང་དུ་དྲངས་དགོས། དེ་ནས་ཡིག་འབྲུ་གང་ཞིག་གི་ཕྱི་དཔུང་སོགས་ཀྱི་ཡི་གེའི་སྔ་སོའམ་ནང་དང་། མགོ་བཀད་ཀྱི་ཞབས་དང་། སྦོ་སོགས་ཀྱི་སྟེང་ནས་གསེག་གཅོད་དྲངས་བར་བྱ། དེའི་སྐབས་སུ་གསེག་གཅོད་དྲངས་སྟངས་ལ་དགེ་རྒན་གྱིས་རྫང་རྫང་གྱིས། སྔེས་སྔེས་མ་བཟོ་ཟེར་ནས་བསླབ་སྲོལ་ཡོད། རྫང་རྫང་དང་སྔེས་སྔེས་ནི་ཡུལ་སྐད་དུ་གདིང་ཟབ་མིན་ལ་ཟེར། རྫང་རྫང་བྱས་ནས་གསེག་གཅོད་དྲངས་ན། ཡིག་འབྲུ་ཤིང་ཐོག་ཏུ་གདིང་ཟབ་མོ་ཡོང་བ་དང་། སྔེས་སྔེས་བྱས་ན་དེ་ལས་ལྡོག་སྟེ་ཡིག་འབྲུ་ཤིང་ཐོག་ཏུ་གདིང་ཟབ་མི་ཡོང་བའོ། །
དཔེར་ན་རྫང་རྫང་བྱས་ནས་བརྐོས་པའི་ཤིང་པར་དེ་ཚར་གྲངས་འབུམ་ཐེར་དང་། སྔེས་སྔེས་བྱས་ནས་བརྐོས་པའི་ཤིང་པར་ཚར་གྲངས་ཁྲི་བཞི་ལྔ་ཙམ་ལས་དཔར་མི་ཐུབ་པ་ནི་ཞིབ་འཇུག་གི་མྱོང་བས་གྲུབ་སྟེ་པར་བརྐོའི་ལག་རྩལ་པ་རྣམས་ཀྱི་ཡིད་ལ་ངེས་དགོས་པའི་གནད་དོན་ཆེ་ཤོས་ཤིག་ཡིན་ནོ། །
6.སྦོ་མར་བཏེས་པ།
ཞིབ་བརྐོས་སྦོ་འབུག་མར་བཏེས་པ་ནི་གསེག་གཅོད་ཡར་མར་གཉིས་བར་གྱི་བྱ་བ་ཞིག་ཡིན་ཞིང་། ཡིག་འབྲུ་ཆེ་ཆུང་གང་ལ་གང་དགོས་སུ་འཕྲད་ངེས་པའི་སྦོ་འབུག་ཅིག་ཅིས་ཀྱང་ཡོད་དགོས། དེ་ཡང་ཡིག་འབྲུའི་རྐང་རྩེར་ཁ་སྐོར་ནས་སྦོ་འབུག་དྲངས་ལ། དེང་སང་ཡིག་འབྲུ་ལ་མི་ལྟོས་པར་སྦོ་འབུག་གི་རྣམ་པ་དོད་ཙམ་གྱི་ཡིག་འབྲུ་ཆེ་ཆུང་གང་ལའང་ཆོག་པར་བྱས་ནས་བརྐོ་མཁན་གྱི་པར་བརྐོས་ཕལ་ཆེར་རེད་འདུག །
དེ་ནི་ངེས་པ་དོན་གྱི་ཐོག་ནས་ཤིང་པར་བརྐོ་སྟངས་ཀྱི་རིག་གནས་འདིའི་ཞབས་འདྲེན་པ་ཆགས་ཡོད། སྔོན་གྱི་དགེ་རྒན་མཁས་པ་རྣམས་ཀྱིས། སྦོ་རབ་ཟླ་བ་ཚེས་འདྲ། སྦོ་འབྲིང་མར་སྒར་སེན་རིས། སྦོ་མཐའ་སྒ་རུ་བཀུག་འདྲ་ཞེས་གསུངས་མྱོང་བ་བཞིན་དུ་སྦོ་ཆེ་སོང་ན་ཚེས་གསུམ་གྱི་ཟླ་བ་འདྲ་བ་མི་ཡོང་། ཆུང་སོང་ན་སྒ་རུ་བཀུག་པ་ལྟ་བུ་རེད་ཡོང་བས། ཡིག་འབྲུ་ལ་ལྟོས་ནས་སྦོ་འབུག་བཟོ་རྒྱུ་ཡང་གལ་ཆེན་ཡིན་པས་ལག་ལེན་ལ་འདེབས་རྒྱུ་མ་བརྗེད་ཨང་།
7.ཞིབ་བརྐོས་གསེག་གཅོད་མར་བཏེས་པ།
གསེག་གཅོད་མར་བཏེས་པའི་སྐབས་འདི་ནི་ཡིག་འབྲུ་ཡག་བཙོག་དང་། སྒྲོས་ཆ། ཕྲ་སྦོམ་གདིང་ཟབ་པ་སོགས་པར་བརྐོའི་མཚན་ཉིད་ལྟར་ལེགས་ཆ་ཡོང་མིན་གྱི་སྐབས་གཙོ་ཤོས་ཤིག་ཡིན་པས་ཐོག་མར་གསེག་གཅོད་དམ། རྐོས་གྲི་རྣོ་ངར་སོགས་ཚད་ལྡན་གྲ་བསྒྲིགས་ཏེ། དེ་ནས་མཐའ་ཁའི་གཅུ་རིས་ནི་ཡིག་འབྲུའི་མཐའ་སྐོར་གྱི་ཐིག་ལ་ཟེར་བས་དེ་དྲང་མོར་ཐིག་གདབ་པ་ལྟར་དུ་ཕྲ་སྦོམ་ཚད་རན་བྱེད་དགོས།
དེ་ནས་ཤིང་པར་ངམ་ཡིག་འབྲུའི་ཁ་ཐུར་དུ་སྐོར་ཏེ། མཇུག་ནས་ཡི་གེ་རེ་རེ་བཞིན་ཡིག་ཕྲེང་མགོར་དེད་ནས་འགྲོ་བ་དང་། མར་བཏེས་སྐབས་སུ་གཙོ་བོ་ཡིག་མཁན་མཁས་པའི་སྣག་རིས་གཞིར་གཞག་ཐོག་ཏུ་བརྐོས་ཏེ། ཡིག་ཕྲེང་དང་པོའི་མཇུག་གི་ཡིག་འབྲུ་དེ་ཕྲ་སྦོམ་ལེགས་པོ་ཞིག་བྱ་ནས། དེ་ལ་ཚད་གཞི་རུ་འཇོག་སྟེ་འབྲུ་རོགས་རྣམས་ཀྱང་དེ་ལྟར་བརྐོ་དགོས་པར་བཤད། དེ་ལྟར་བྱུང་ན་ཡིག་འབྲུ་རྣམས་ཕྲ་སྦོམ་ཆ་སྙོམས་པོར་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པར་ཤེས་དགོས་སོ། །ནང་གི་བརྐོ་བ་དངོས་ཀྱི་རིམ་པ་བདུན་པོ་ཆ་ཚང་བར་བསྟན་ཟིན་ཏོ། །
རིམ་པ་བཞི་པ། སྣུམ་སྲེག་པ།
སྣུམ་སྲེག་པ་ལ་གཉིས་ཏེ། སྣུམ་བླུག་པ་དང་། སྐམ་པ་གཉིས་སོ། །
1.སྣུམ་བླུག་པ།
སྣུམ་བླུག་པ་ནི་པར་བརྐོས་ཟིན་པ་རྣམས་བརྟན་པོར་འཇོག་སྟེ། དེའི་ཐོག་ཡིག་གཟུགས་བརྐོས་ཟིན་པ་རྣམས་ལ་མར་ཁུ་བྱུགས་ཤིང་། ཞུན་མར་གྱི་ཁུ་བ་རྙེད་ན་རབ་དང་། ཏིལ་མར་ཡང་རུང་བ་ཙམ་ཡིན་པས་ཡིག་གཟུགས་བརྐོས་ཟིན་པའི་སྟེང་དུ་བླུགས་དགོས།
2.སྐམ་པ།
ཤིང་པར་ཡིག་གཟུགས་ངོས་ལ་མར་ཁུ་བླུགས་ཟིན་པ་རྣམས་པར་ངོས་སྙིང་ནས་མ་ཐིམ་བར་དུ་ཉི་མ་ལ་སྐམ་པ་ཞིག་ལ་ཟེར་ཞིང་།སྐབས་དེར་ཉི་མའི་ཚ་གདུང་ཇི་ལྟར་ཆེ་ན་དེ་ཙམ་ཞིག་བཟང་། སྣུམ་བླུགས་རྗེས་སྐབས་སྐབས་ལ་ཕག་ཟེས་ཤིང་པར་ངོས་ཀྱི་སྣུམ་ཁོད་སྙོམས་པར་བྱ། སྣུམ་ཐེངས་གཉིས་རེ་ཙམ་ཉི་འོད་ཀྱིས་སྐམ་ཐུབ་པར་བྱས་ན་བཟང་ཤོས་ཡིན། གཞན་ཡང་སྣུམ་རིགས་གཉིས་པོ་གང་ཡིན་ཀྱང་ཆོག །ཐབ་ཐོག་ཏུ་མར་ཁུ་མ་འཁོལ་བ་ཙམ་བྱས་ནས་པར་གྱི་སྟེང་དུ་ལན་གྲངས་གཉིས་གསུམ་བླུགས་ཏེ་ཤིང་པར་སྣུམ་ལ་སྲེག་ནའང་རུང་བ་ཙམ་མོ། །
སྣུམ་སྲེག་གི་དགོས་པ་ནི། ཤིང་པར་སྲ་མཁྲེགས་ཅན་དུ་འགྱུར་ཞིང་། ཡིག་གཟུགས་བརྐོས་ཟིན་པ་རྣམས་ཟད་དཀའ་བའི་ཆེད་དང་། ཡུལ་སྐད་དུ་ཆུ་ཡིས་སྦིང་ཟེར་ཞིང་། སྣུམ་སྲེག་མ་བྱས་པའི་ཤིང་པར་ལ་སྣག་མཚལ་དང་ཆུ་སོགས་བརླན་ཕོག་ན་ཡིག་འབྲུ་རྣམས་ཁ་ཟུམ་པ་དང་། སྦོམ་པོར་འགྱུར་ཞིང་། ཡིག་གཟུགས་མི་མཛེས་པ་དང་། ཤིང་གས་སྐྱོན་ཤོར་བའི་སྐྱོན་རྣམས་སེལ་བ་དང་། ཡུན་རིང་པར་འདེབས་པའི་ཤིང་པར་སྣག་ཚ་དང་མཚལ་སོགས་ཀྱིས་ཡིག་འབྲུ་རྣམས་འཚང་ཞིང་ཆུ་ལ་བཀྲུ་སྐབས་ཤིང་པར་ལ་གནོད་སྐྱོན་མི་ཡོང་བའི་ཆེད་སོགས་དགོས་པ་མང་དུ་ཡོད། ཤིང་པར་ཆུ་ལ་བཀྲུ་ཐེངས་རེའི་སྐབས་སུ་སྣུམ་ཐེངས་རེ་བྱུག་རྒྱུ་བྱུང་ན་རབ་དང་། དེ་ལྟར་མ་བྱུང་ན་གཉིས་གསུམ་མཚམས་ནས་སྣུམ་སྲེག་རེ་མ་བྱས་ཐབས་མེད་ཡིན་ནོ། །
རིམ་པ་ལྔ་པ། ཆུ་ལ་བཀྲུ་བ།
ཆུ་ལ་བཀྲུ་བ་ལ་གཉིས་ཏེ། ཆུ་ལ་བཀྲུ་བ་དང་། སྐམ་པའོ།།
1.ཆུ་ལ་བཀྲུ་བ།
ཤིང་པར་སྣུམ་སྲེག་ཚར་བའི་རྗེས་དང་སྣག་ཚས་འབྲུ་འཚང་ཞིང་གསལ་པོར་མི་དོད་པའི་སྐབས་ཆུ་ལ་འཁྲུ་བ་ལ་ཟེར། ཤིང་པར་སྣུམ་སྲེག་གི་རྗེས་སུ་ངེས་པར་ཆུ་ལ་བཀྲུ་དགོས་ཏེ། སྣུམ་གྱིས་ནུས་པས་པར་འདེབས་སྐབས་སྣག་ཚ་ཤིང་ངོར་ཡག་པོར་འགོས་མི་ནུས་ཤིང་། དེའི་སྐྱོན་གྱིས་ཡིག་འབྲུ་གསལ་པོར་དོད་མི་ཐུབ་པ་དང་། ཤིང་པར་འཚང་སླ་བའི་སྐྱོན་ཡོད་པས་ཆུ་ལ་བཀྲུ་དགོས། ཆུ་ལ་བཀྲུ་སྐབས་ཆུ་ཚ་གྲང་ཚད་རན་བྱས་ཏེ་བཀྲུ་བར་བྱ། བཀྲུ་བྱེད་ཕག་ཟེ་རྩུབ་མོས་ཡིག་འབྲུ་ཆག་གྲུམ་སོགས་ཀྱི་སྐྱོན་གཏོང་བ་དང་། ཧ་ཅང་འཇམ་ནའང་སྣུམ་རྩི་བཀྲུ་མི་ཐུབ་པས། འཇམ་རྩུབ་ཚད་རན་ཞིག་གིས་བཀྲུ་དགོས་སོ། །
2.སྐམ་པ།
གཉིས་པ། ཤིང་པར་བཀྲུ་བའི་རྗེས་སུ་ཉི་འོད་སོགས་ལ་ངེས་པར་དུ་སྐམ་དགོས། ཆུ་མ་སྐམ་ན་ཤིང་པར་གུག་ལྡེམ་སོགས་ཀྱི་སྐྱོན་འབྱུང་ཉེན་ཆེ་བས་ཡིད་གཟབ་བྱེད་པ་གལ་ཆེའོ། །
རིམ་པ་དྲུག་པ། ཞུ་དག་པ།
ཐོག་མར་པར་རྩ་སྟེང་ནས་ཞུ་དག་བཟོ་བའི་ཚེ། མ་དཔེའི་སྔོན་དུ་བུ་དཔེ་སྒྲ་དག་སྒྲོས་གཙང་འདོན་ཏེ་རྟགས་རྒྱེབ་པ། མ་དཔེ་ལྟ་བ། འདིའི་སྐབས་སེམས་མི་གཡེང་ཞིང་ནོར་ཡོད་མེད་ལ་གཟབ་ནན་མཛད་པ་གལ་ཆེའོ། །
ཞུ་དག་བྱེད་སྟངས་དེ་ལ་དང་པོ་པར་རྩའི་སྟེང་དུ་ཞུ་དག་བཟོ་བ་དང་། དཔར་མའི་ཐོག་ཏུ་ཞུ་དག་བྱེད་པ། ཤིང་པར་ཐོག་ཏུ་ཞུ་དག་བཟོ་བ་སྟེ་རིགས་གསུམ་ཡོད། དེའི་ནང་ནས་ཤིང་པར་ཐོག་ཏུ་ཡོད་པའི་ཡི་གེ་ནི་ཕྱིར་ལོག་ཡིན་སྟབས་མི་ཕལ་ཆེ་བས་འདོན་མི་ཐུབ་ཅིང་། ཕྱིས་སུ་དཔར་མ་ཁོ་ནའི་སྟེང་དུ་ཞུ་དག་བྱེད་པ་མང་ངོ་། །ཤིང་པར་བརྐོས་ཟིན་པའི་ཡི་གེའི་སྟེང་ནས་མ་དཔེ་དང་བསྡུར་སྐབས་སུ་ཞུ་མཁན་གཉིས་ཀ་དབེན་གནས་སུ་འདུག་སྟེ་རྣམ་གཡེང་མེད་པར་སེམས་ཞི་བར་གནས་དགོས་པ་ཆེས་གནད་འགག་ཆེའོ། །
སྡེ་དགེའི་བསྟན་འགྱུར་ལྟ་བུ་པར་ངོས་ནས་ཞུ་དག་ཐེངས་གཅིག་དང་། དཔར་མའི་ཐོག་ཏུ་ཞུ་དག་ཐེངས་བཞི་མཛད་པའི་ལོ་རྒྱུས་འདུག་པས་དེ་ལྟར་བྱུང་ན་ཡིད་རྟོན་ཁེལ་བའི་གནས་སོ། །ཞུ་དག་མཛད་མཁན་གཙོ་བོ་ལ་ཞུ་ཆེན་ཞེས་པའི་མིང་ཐོགས་པ། བསྟན་འགྱུར་ཤིང་པར་ཞུ་དག་པ་གཙོ་བོ་ཚུལ་ཁྲིམས་རིན་ཆེན་ལ་ཞུ་ཆེན་ཞེས་པའི་མིང་ཐོགས་པ་ལྟ་བུའོ། །
རིམ་པ་བདུན་པ། བརྐོ་བཙུགས་བྱེད་པ།
བརྐོ་བཙུགས་བྱེད་པ་ལ་རིམ་པ་བཅུ་གཅིག་སྟེ། གསེག་ལམ་ཕྱེ་བ་དང་། བཙུགས་འབུག་བརྡུང་བ།
བཙུགས་ཤིང་གཞོག་པ། སྤྱིན་བསྐུ་བ། བཙུགས་ཐོས་བརྡུང་བ། བཙུགས་སོག་དྲངས་བ།
བཙུགས་གྲིས་འཇམ་པ། ཕྱིར་བྲིས་བྱེད་པ། བརྐོ་བ། དབུར་བ། སྣུམ་བསྐུ་བ་རྣམས་སོ།།
བརྐོ་བཙུགས་ཞེས་བྱ་བ་ནི་བརྐོས་ཟིན་རྗེས་རང་བཞིན་གྱིས་ཤིང་པར་གས་པ་དང་། པར་གཞི་ཡི་གེ་ལ་ཆད་ལྷག་ཤོར་བ། བརྐོས་པས་སྟབས་མ་ལེགས་པར་ཆག་གྲུམ་ཤོར་བ་སོགས་སླར་གསོ་བྱེད་པ་ལ་བརྐོ་བཙུགས་ཟེར་རོ། །
དེ་ཇི་ལྟར་བྱ་བའི་ཚུལ་ནི་ཡིག་འབྲུ་གཅིག་ཆད་ན་ཡིག་འབྲུ་བདུན་ཙམ་མར་བཀོག་སྟེ་སླར་གསོ་དགོས་པ་དང་། དེ་བཞིན་དུ་ཡིག་འབྲུ་ཆད་མང་ཉུང་ལ་ལྟོས་ཏེ་ཡིག་ཕྲེང་རེ་དང་། ཚིག་རྐང་རེ་དང་། ཡིག་འབྲུ་བདུན་སོགས་ཆེ་འབྲིང་ཆུང་གསུམ་ལ་སླར་གསོ་དགོས་པའི་སྐབས་ཡོད་དོ། །
1.གསེག་ལམ་ཕྱེ་བ།
གསེག་ལམ་ཕྱེ་བ་ནི། སླར་གསོའི་སྐབས་སུ་བཙུགས་འབུག་བརྡུང་བདེ་བ་དང་། འབྲུ་རོགས་ལ་གནོད་པ་མི་ཡོང་བའི་ཆེད་དུ་གསེག་གཅོད་ཀྱིས་ཤིང་པར་ངོས་ཀྱི་ཡིག་གཟུགས་ཉམས་པ་དག་ཁོད་སྙོམས་བྱེད་དེ་གསེག་ལམ་ཡང་དག་པར་ཕྱེ་ཤེས་པ་གལ་ཆེན་ཞིག་ཡིན་ནོ། །
2.བཙུགས་འབུག་བརྡུང་བ།
བཙུགས་ཤིང་བརྡུང་ས་དང་ཤིང་སྒམ་སྤྲད་ས་ཡིན་པས། ཤིང་མ་བརྡུང་བའི་སྔོན་དུ་བཙུགས་འབུག་བརྡུང་དགོས་པས་དེ་ལ་བཙུགས་འབུག་བརྡུང་བ་ཟེར། དེའི་སྐབས་ཡོ་འཁྱོག་མེད་པར་དྲང་པོར་བརྡུང་དགོས། བརྡུང་སྟངས་སྟབས་མ་ལེགས་ན་བཙུགས་འབུག་བརྡུང་སའི་གཡས་གཡོན་གྱི་འབྲུ་རོགས་ལ་གནོད་སྐྱོན་ཆེ་བས་ཡིད་གཟབ་གནང་བ་ཤིན་ཏུ་གལ་ཆེའོ། །
3.བཙུགས་ཤིང་གཞོག་པ།
བཙུགས་འབུག་བརྡུང་ཤུལ་དུ་སླར་གསོ་དགོས་པའི་ཡིག་འབྲུ་བརྐོ་སའི་ཤིང་དགོས་པ་དེ་སྐབས་ཐོབ་ཀྱི་བཙུགས་འབུག་བརྡུང་ཤུལ་འཛུགས་རྒྱུའི་ཤིང་དེ་འཚམས་པོར་གྲིས་གཞོག་དགོས་པས་དེ་ལ་བཙུགས་ཤིང་གཞོག་ཟེར་རོ། །བཙུགས་ཤིང་དེ་ཡང་སྟག་པ་དང་། སྟག་མ་སུར་དཀར་སོགས་ཤིང་སྲ་མཁྲེགས་ཅན་མ་ཡིན་པ་ཤིང་སྙི་མོའི་རིགས་དགོས་ཏེ། བཙུགས་ཤིང་ནི་ཤིང་སྲ་མཁྲེགས་ཅན་བརྡུང་ན་ཤིང་པར་སྟེང་ས་ཐོག་ཕུར་པ་བརྡུང་བ་ལྟར་ཡིན་པས་ཤིང་སྣ་བརྡུང་བ་དེ་ཟད་དཀའ་བས། ཤིང་པར་ཟད་འོང་དུས་བཙུགས་ཤིང་དེ་ཟད་མི་ཐུབ་ནས་ཀེ་རེ་ལང་སྟེ་པར་འདེབས་ཀྱི་སྐབས་སུ་ཤོག་བུ་རལ་བ་སོགས་ཀྱི་གནོད་སྐྱོན་ཆེ་བས་སོ། །སྐབས་ཀྱི་ཆག་གྲུམ་ཤོར་བའི་ཡིག་འབྲུ་མང་ཉུང་ལ་ལྟོས་ནས་བཙུགས་ཤིང་གཞོག་ཅིང་། བཙུགས་འབུག་བརྡུང་ཤུལ་དུ་བཙུགས་ཤིང་ཆེ་ན་ཤིང་པར་གས་སྐྱོན་ཡོད་ལ། ཆུང་སོང་ནའང་ཡུན་མི་རིང་བར་ལྷུང་འོང་བའི་སྐྱོན་ཡོད་པས་ཚོད་ལ་རན་པར་གཞོག་ཤེས་པར་གལ་ཆེའོ། །
4.སྤྱིན་བསྐུ་བ།
བཙུགས་འབུག་བརྡུང་ཤུལ་དང་། བཙུགས་ཤིང་གཞོག་པ་ལ་སྤྱིན་ལེགས་པར་བྱུགས་དགོས། སྤྱིན་བསྐུ་སྟངས་དེ་ཡིག་འབྲུ་གཅིག་མན་ཆད་ཀྱི་བཙུགས་ཤིང་ལ་མཐེ་མཛུབ་གཉིས་ཀྱི་རྩ་བར་སྤྱིན་བླངས་ནས་ལན་གྲངས་ཁ་ཤས་བྱུགས་དགོས། ཡིག་འབྲུ་གཅིག་ལས་མང་བ་བྱུང་ན་བཙུགས་ཤིང་གི་ཕྱོགས་བཞི་ཞབས་སོགས་ལ་མཛུབ་མོས་སྤྱིན་མང་ཉུང་ཚོད་རན་བྱུགས་ཤེས་དགོས་སོ། །
5.བཙུགས་ཤིང་བརྡུང་བ།
བཙུགས་ཤིང་ལ་སྤྱིན་བསྐུ་ཚར་མ་ཐག་ཏུ་བཙུགས་འབུག་བརྡུང་ཤུལ་དུ་འཛུད་ཅིང་། ཤིང་ཐོས་ཡང་མོས་བརྡུང་དགོས། སྐབས་དེར་གཡས་གཡོན་སོགས་ལ་གནད་ཁ་ཤས་བྱུགས་དགོས། ཡིག་འབྲུ་གཅིག་ལས་མང་བ་བྱུང་ན་བཙུགས་ཤིང་གི་ཕྱོགས་བཞི་ཞབས་སོགས་ལ་མཛུབ་མོས་སྤྱིན་མང་ཉུང་ཚད་རན་བྱུགས་ཤེས་དགོས།
6.བཙུགས་སོག་འདྲེན་པ།
བཙུགས་ཤིང་བརྡུང་རྗེས་སུ་བཙུགས་སོག་གིས་དྲ་དགོས། དེའི་སྐབས་སུ་སོག་ལེའི་སོས་ཡིག་འབྲུ་ལ་གནོད་སྐྱོན་གཏོང་བ་མང་བས། སོག་སོ་དེ་ཅུང་ཟད་ཁ་གྱེན་དུ་བསྟན་པའི་རྣམ་པ་ཅན་དུ་བྱས་ནས་དྲ་བར་བྱ། དེ་ཡང་གཡས་གཡོན་གཉིས་ཀ་ནས་འདྲེན་དགོས་པ་ལས་ངོས་གཅིག་ནས་གཅད་ན་བཙུགས་ཤིང་གས་འཐོར་འགྲོ་བས་གཟབ་དགོས་སོ། །
7.བཙུགས་གྲིས་འཇམ་པོར་བྱེད་པ།
བཙུགས་སོག་གིས་དྲས་རྗེས་སུ་ངེས་པར་དུ་གྲི་ཡིས་འཇམ་པོར་གཞོག་ལ་མཐོ་དམན་མཉམ་དགོས། གྲི་གཏོང་བ་མ་ལེགས་ན་ཕྲེང་གོང་འོག་གི་ཡིག་འབྲུ་རྣམས་ལ་རྨས་སྐྱོན་གཏོང་ཉེན་ཆེ་བས་གཟབ་གཟབ་བྱེད་དགོས་སོ། །
8.ཕྱིར་བྲིས་བྱེད་པ།
སླར་གསོ་བའི་ཡི་གེ་ཁ་ཕྱིར་སྐོར་ཏེ། པར་ངོས་སུ་འབྲི་བ་ལ་ཕྱིར་བྲིས་ཟེར་བས་དེའི་སྐབས་སུ་ཡིད་འཇོག་གནང་ས་གཙོ་བོ་ཕྱིར་འབྲི་བྱེད་དུས་ཆད་ལྷག་མི་ཡོང་བ་དང་། ཡིག་འབྲུ་ཆེ་ཆུང་མི་ཤོར་བ་བྱ་དགོས། གལ་ཏེ་ཡི་གེའི་བར་སྟོང་ཆ་བྱུང་ན་དེའི་མལ་དུ་ཚེག་འཁྲིད་བྱ་དགོས་སོ། །
9.བརྐོ་བ།
འབྲི་ཚར་བའི་རྗེས་སུ། ཤིང་ངོས་སུ་སྤབས་ཅུང་ཙམ་ཡོད་པ་བྱས་ནས་བརྐོ་ཚུལ་གྱི་གོ་རིམ་ཇི་བཞིན་བརྐོ་དགོས་སོ། །
10.དབུར་བ།
བརྐོས་ཟིན་རྗེས་གཡས་གཡོན་གྱི་འབྲུ་རོགས་རྣམས་དང་མཐོ་དམན་མཉམ་པའི་ཆེད་དུ་གསེག་གཅོད་ཀྱི་མགོ་དང་། སྔོན་གྱི་རྒན་རབས་པས་ཆུ་རྡོ་འཇམ་པོས་དབུར་བའང་མཐོང་། དེང་སོང་ནི་ཤེལ་སོགས་འཇམ་པོ་ཅན་གྱི་རིགས་ཤིན་ཏུ་མང་བས་དེ་དག་གིས་དབུར་ན་བཟང་ངོ་། །
11.སྣུམ་བསྐུ་བ།
སྣུམ་བསྐུ་བ་ནི་སྲ་མཁྲེགས་ཡོང་བ་སོགས་ཀྱི་དགོས་པ་ཡོད་པས་ངེས་པར་དུ་སླར་གསོའི་ཡི་གེ་ལའང་སྣུམ་བསྐུ་དགོས་སོ། །
རིམ་པ་བརྒྱད་པ། པར་འདེབས་པ།
པར་འདེབས་པ་ལ་རིམ་པ་བཅུ་གཉིས་ཏེ། པར་ཚུར་ལེན་པ། སྣག་ཚ་བྱུག་པ། ཤོག་བུ་པར་ཐོག་འཇོག་པ།
པར་སྒྲིལ་བསྒྲིལ་བ། དཔར་མ་ཚུར་ལེན་པ། ཕར་བཏིང་བ། ཚུར་བསྡུ་བ། ཆགས་གཤིབས་པ།
གྲངས་སྒྲིག་པ། ཚགས་འཛེར་བ། དྲད་བྱེད་པ། གདོང་མཚལ་བྱུག་པ་རྣམས་སོ།།
1.པར་ཚུར་ལེན་པ།
ཤིང་པར་འཇོག་སའི་རུ་ཆེན་སྟེང་ནས་ཤིང་པར་དེ། པར་འགོས་ཚུར་བླངས་ཏེ་པར་ཟམ་སྟེང་དུ་འཇོག་པ་ལ་པར་ཚུར་ལེན་པ་ཟེར་ཞིང་། དཔེ་ཆ་དཔར་བའི་རིམ་པ་ཞིག་གོ །
2.སྣག་ཚ་བྱུག་པ།
པར་འགོས་ཤིང་པར་གྱི་སྟེང་དུ་སྣག་ཚ་མང་ཉུང་ཚོད་རན་པོ་བྱུགས་དགོས་ལ། ཚོད་རན་པོ་མ་ཡོང་ན་ཤོག་ངོས་ནག་ནོག་འགྱུར་བ་དང་། མི་གསལ་བ་སོགས་ཀྱི་སྐྱོན་ཡོད་པས་དོ་གཟབ་གནང་དགོས་སོ། །
3.ཤོག་བུ་པར་ཐོག་འཇོག་པ།
པར་འགོས་སྣག་ཚ་བྱུགས་རྗེས་སུ། པར་སྒྲིལ་བས་ཤིང་པར་ངོས་སུ་ཤོག་བུ་མཐོ་དམན་དང་། ཡ་ཡོ་ཀྱག་ཀྱོག་མེད་པར་དྲང་པོར་འཇོག་པའོ། །ཤོག་བུ་ནི་ཤིང་པར་གྱི་ཚོད་གཞི་ལྟར་དྲས་ནས་ཞག་གཅིག་གི་སྔོན་དུ་ཆུ་ནང་དུ་འཛུད་ཙམ་བྱས་ཏེ། ཆུ་ཤོག་ནང་དུ་བཏུམས་ལ་ཤིང་ལེབ་བར་དུ་མནན་ཏེ། དཔེ་ཆ་མ་དཔར་བའི་སྔོན་དུ་སྟ་གོན་སོགས་ལེགས་པར་བཟོ་དགོས་སོ། །
4.པར་སྒྲིལ་སྒྲིལ་བ།
ཤོག་བུ་དྲང་པོར་བཞག་རྗེས་དེའི་ཐོག་པར་སྒྲིལ་སྒྲིལ་དགོས། རབ་ན་ཐེངས་བཞི་དང་། ཐ་ནའང་ལན་གསུམ་སྒྲིལ་དགོས་ངེས་པ་ཡིན་ཞིང་། པར་སྒྲིལ་གྲངས་ཉུང་སོང་ན་མི་གསལ་བའི་སྐྱོན་ཤིན་ཏུ་ཆེ། དཔེ་ཆ་གསལ་མི་གསལ་གནད་འགག་ཆེས་ཆེ་ཤོས་འདིའི་སྐབས་ཡིན་པས་གཟབ་དགོས་སོ། །
5.དཔར་མ་ཚུར་ལེན་པ།
པར་སྒྲིལ་སྒྲིལ་ཚར་རྗེས་སུ་ཤིང་པར་ཐོག་གི་དཔར་མ། ལག་གཡས་པས་ཚུར་ལེན་པར་བྱའོ།།
6.བཏིང་བ།
དཔར་མ་རྣམས་ཨང་ཀའི་གོ་རིམ་མི་འཁྲུགས་པར་བྱ་ཞིང་སྐམ་སའི་གདོང་ཐོག་ཏུ་མ་སྐམ་བར་དུ་བརྡལ་བའོ། །
7.བསྡུ་བ།
དེ་ལྟར་བཏིང་བའི་དཔར་མ་དག་སྐམ་ཟིན་རྗེས་གོ་རིམ་མི་འཁྲུགས་པར་སླར་བསྡུ་བའོ། །
8.ཆགས་གཤིབ་པ།
དཔར་མ་བསྡུ་རྗེས་སུ་ཤོག་ལྡེབ་རྣམས་རིང་ཐུང་མཉམ་པ་དང་། ལྟེབ་པ་སོགས་དྲང་པོར་ཆགས་གཤིབ་པར་བྱ་བའོ། །
9.གྲངས་སྒྲིག་པ།
ཆགས་གཤིབས་རྗེས་ལྡེབ་ངོས་ཀྱི་ཨང་རིམ་རྣམས་ཆད་ལྷག་མེད་པར་གྲངས་ཀ་ཚང་བར་བྱ་ཞིང་པོ་ཏི་གྲངས་བསྒྲིགས་པའོ། །
10.ཚགས་འཛེར་བ།
གྲངས་བསྒྲིགས་རྗེས་སུ་ཚགས་འཛེར་མ་བྱས་ན་དྲས་རྒྱག་སྐབས་སུ་ཡི་གེ་གཅོད་པ་དང་། ཡི་གེ་ཡོ་འཁྱོག་འགྲོ་བའི་སྐྱོན་ཡོད། ཚགས་འཛེར་སྟངས་ནི་དཔེ་ཆ་སྣ་སྒམ་གྱི་ཟུར་ཐིག་ཕྱི་མའི་ནང་ནས་ཁབ་ཀྱིས་འཛེར་དགོས་པས་དེ་ཚགས་འཛེར་ཞེས་བྱའོ། །སྔ་རབས་སུ་ཚགས་འཛེར་བྱེད་ལ་ཟོག་གི་རྩིད་པ་འཁེལ་བའི་རྩིད་སྐུད་ཡིན་ལ། དེང་སང་རྒྱ་ཡི་རྩ་སྐུད་སྐོར་འདི་རིགས་བེད་སྤྱོད་ན་སྟབས་བདེའོ། །
11.དྲད་བྱེད་པ།
ཚགས་འཛེར་ཟིན་རྗེས་སུ་དཔེ་ཆའི་སྣ་གཉིས་ནས་སོག་གྲིས་གཅོད་པ་དང་། སྒང་ངོས་གཡས་གཡོན་གཉིས་ནས། སྔར་སྲོལ་རྒྱུན་ལྟར་ན་ལྕགས་ལེབ་ཏུ་དྲ་ཁུང་མང་པོ་ཕུགས་ཏེ་དེའི་སོས་རྡར་དྲད་བྱེད་དགོས་སོ། །
12.གདོང་མཚལ་བྱུག་པ།
དྲད་བྱས་ཟིན་རྗེས་སུ་མཚལ་བྱུག་པ་ནི་དཔེ་ཆའི་སྒང་ལ་སྡོང་ཀག་ཚོན་རྩི་གསོལ་བ་ཡིན། དེ་ལ་དམར་པོ་དང་སེར་པོ་གཉིས་བྱུག་སྲོལ་མང་ཆེའོ། །
བརྐོ་བ་དངོས་ལ་རིམ་པ་བདུན་ཏེ། ཆེ་གཅོད་ཡར་བཙུགས། ཆེ་གཅོད་མར་བཏེས། མིག་འབུག་ཡར་བཙུགས། མིག་འབུག་མར་བཏེས། གསེག་གཅོད་ཡར་བཙུགས། སྦོ་འབུག་མར་བཏེས། ཞིབ་བརྐོས་གསེག་གཅོད་མར་བཏེས་པ་རྣམས་སོ། །འདི་ལ་ཁམས་བརྐོས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཡིག་གཟུགས་བརྐོ་བ་དངོས་ཀྱི་རིམ་པ་བདུན་ཞེས་གྲགས་པ་དེ་ཡིན་ནོ།།