སྤྱི་ཟླ་4པའི་ཚེས་26ཉིན་གྱི་དགོང་མོར། འབའ་ཐང་མཚོ་ཕུག་ཏུ་རང་འཁོར་བཏང་ནས་འགྲོ་ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་ཁྲེང་ཏུའུ་རུ་སྤེལ་བ་དང་། ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་དེས་ཡུལ་སྐོར་ལས་དོན་ཁང་གྲགས་ཅན་དང་། སྒེར་འཁོར་གཏོང་བའི་སྤྲོ་སྐྱིད་ཁང་། ལས་རིགས་མཐུན་ཚོགས་ཀྱི་འཐུས་མི། ཁྲེང་ཏུའུ་གྲོང་མི་བཅས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་འབའ་ཐང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ།
འབའ་ཐང་མཚོ་ཕུག་མཛེས་ལྗོངས་ཁུལ་ཀུང་སིའི་ཏུང་ཧྲི་ཀྲང་བཟང་པོ་ཡིས་མཚོ་ཕུག་གི་སྣོད་བཅུད་རིག་གནས་ཐོན་ཁུངས་གསར་སྤེལ་དང་སྒེར་འཁོར་གཏོང་བའི་སྤྱི་གླིང་སྐྲུན་པ་དང་། ཐོན་རྫས་ཞབས་ཞུ་མཐོར་གཏོང་སོགས་ཐད་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་དང་འབྱུང་འགྱུར་གྱི་འཆར་འགོད་ངོ་སྤྲོད་བྱས་པ་དང་འབྲེལ་ཐབས་ལམ་བརྒྱུད་ནས་མགྲོན་པོ་སྣེ་ལེན་བྱེད་པའི་སྲིད་ཇུས་ཀྱང་ཁྱབ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་འབའ་ཐང་གི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དེ་བཞིན་མཚོ་ཕུག་མཛེས་ལྗོངས་ཁུལ་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཁྱད་ཆོས་དང་ལེགས་ཆ་མངོན་པར་བྱས།
བྱེད་སྒོ་སྤེལ་ཡུལ་དུ་ཁྱད་ལྡན་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན་དང་ཞིང་ལས་དམིགས་བསལ་ཐོན་རྫས་འགྲེམས་ཚོང་། དེ་བཞིན་སྤྲོ་སྣང་ལྡན་པའི་མཉམ་འགུལ་རོལ་རྩེད་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། ཁྲེང་ཏུའུ་ཡི་གྲོང་མི་མི་ཉུང་བ་ཞིག་མཉམ་འགུལ་ནང་ཞུགས་པར་ཡིད་དབང་བཀུག་ཡོད། འབའ་ཐང་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་དང་འབའ་ཐང་མཚོ་ཕུག་མཛེས་ལྗོངས་ཁུལ་གྱིས་ད་དུང་ཁྲེང་ཏུའུ་གྲོང་ཁྱེར་རི་འཛེག་ལུས་རྩལ་མཐུན་ཚོགས་དང་ཡུལ་སྐོར་ལས་དོན་ཁང་གི་ཁེ་ལས་སོགས་ཀྱི་འཐུས་མི་དང་སོ་སོར་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་གཙོ་གནད་ཐབས་ལམ་མཉམ་ལས་གྲོས་མཐུན་མིང་རྟགས་བཀོད་པ་རེད། །