མཐོན་མཐིང་གི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་འདབ་མ་གཡོ། ལྗོན་ཤིང་དང་མེ་ཏོག་གིས་བརྒྱན་པའི་ར་སྐོར་ཆེན་པོ། མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་ར། གྲལ་དག་པའི་སྔོ་ཚལ་ལྡུམ་ར། སྤུས་གཙང་གི་ཆུ་ཁོལ། གྲོགས་པོ་ཆུང་ཆུང་སྤྲོ་བས་ཁེངས་བཞིན་འཕྱང་རྡང་ལ་རྩེ་མུས་རེད། སྒོ་ཁྱི་དེ་བག་ཕེབས་ངང་ཉལ་ནས་བསྡད་ཡོད། སྒོ་ར་རུ་ཉལ་གདན་དཀར་པོ་སྐམ་ཡོད། དེ་ནི་འབའ་ཐང་རྫོང་ཉ་མགོ་སྡེ་པའི་སྡེ་མི་བསྟན་འཕེལ་ཚང་གི་རྣམ་པ་རེད། ལོ་ན་40ལོན་པའི་བསྟན་འཕེལ་གྱིས་རང་ཁྱིམ་གྱི་དམངས་གཞིས་མགྲོན་ཁང་དུ་ཉལ་ཐུམ་ལེན་བཞིན་ཡོད། ཁ་སང་དགོང་མོ་སྐུ་མགྲོན་ཞིག་བསྡད་མ་ཐག་ཡིན་པས། ཁོས་ཉལ་ཁྲིའི་སྟེང་གི་མཁོ་ཆས་བརྗེས་ནས་གཙང་འཁྲུད་དང་དུག་སེལ་བྱས་ཏེ། སྐུ་མགྲོན་རྣམས་ལ་སྡོད་གནས་གཙང་མ་ཡོང་བར་ཁག་ཐེག་བྱས། ཁོས་དམངས་གཞིས་མགྲོན་ཁང་དེ་གཉེར་ནས་ལོ་གཉིས་འགོར་བ་དང་། ལོ་རེར་ཡོང་འབབ་སྒོར་འབུམ་གཅིག་ལྷག་ལེན་ཐུབ་ཟེར།
ངག་དབང་ནི་ཉ་མགོ་སྡེ་པའི་ཕུལ་བྱུང་གཉིས་འཛོམས་ཀྱི་ལས་བྱེད་པ་ཞིག་ཡིན་པས། དམངས་གཞིས་མགྲོན་ཁང་དར་སྤེལ་གཏོང་སྐབས་ཁོས་རང་འགུལ་ངང་ཚང་མར་མི་དགོས་པའི་ཁང་པ་བདམས། ངའི་ཁང་པ་ཟུར་དེ་ན་ཡོད། སྒོ་ཁ་ན་ཆུ་ཡུར་ཞིག་ཡོད་པས་སྐབས་དེར་དགོས་མཁན་མི་འདུག །ང་ཏང་ཡོན་ཡིན་པས་ངས་དེ་བདམས་པ་ཡིན་ཟེར།
འབའ་ཐང་རྫོང་སོ་བ་ནང་ཡུལ་ཚོ་ཉ་མགོ་སྡེ་པ་ནི་གནས་སྤོས་སྡེ་པ་ཞིག་ཡིན་པ་དང་།གནས་སྤོ་མ་བྱས་གོང་ཉ་མགོ་སྡེ་པ་ནི་འབྲི་ཆུའི་འགྲམ་དུ་ཆགས་ཡོད། འབྲི་ཆུའི་ཕར་ཁ་ན་བོད་ལྗོངས་ཡོད། རྫོང་གྲོང་དང་བར་ཐག་སྤྱི་ལེ་72ཡོད། ཐེམ་ཐོར་བཀོད་པའི་མི་འབོར་ལྟར་ན་དུད་ཚང་61དང་མི་304ཡོད། རི་གཟར་ལ་ལུང་པ་ཟབ་པ། ཁ་ཐོར་ནས་བསྡད་ཡོད་པས་ཐོན་ལས་གྲུབ་ཚུལ་གཅིག་རྐྱང་ཡིན་ལ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཞན་པ། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད། 2015ལོར་ཉ་མགོ་སྡེ་པས་འབའ་ཐང་རྫོང་ཨུའི་ཆུ་བེད་ཆུ་གློག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ། གནས་སྤོས་ཀྱི་གོ་སྐབས་དམ་འཛིན་བྱས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ནུས་པ་གང་ལེགས་བཏོན། ཏང་འཛུགས་སྐྱོང་གི་ཐོན་ཁུངས་འཕེལ་རྒྱས་ཐོན་ཁུངས་སུ་བསྒྱུར་ཞིང་། རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ། སྡེ་པའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ཁྲོད་གྲོང་གསེབ་ཏང་ཡོན་གྱི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས། གྲོང་གསེབ་ཏང་ཡོན་གྱི“ཐོབ་ཐང་སྔོན་ལ་སྟོན། ཁེ་ཕན་གཞན་ལ་སྤྲོད། དཀའ་ཁག་ཕྲག་ཏུ་འཁུར”ཞེས་པའི་ལམ་སྲོལ་འཚོལ་ཞིབ་དང་ལག་ལེན་བྱས། “སྡོད་ཁང་གསར་པ། ལས་གནས་གསར་པ། རྣམ་པ་གསར་པ”བཅས་ཀྱི་རིམ་གསུམ་མཆོང་སྐྱོད་ལ་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་གཏོང་བར་སྣེ་ཁྲིད་པའི་འགྲུལ་བཞུད་དུ་བསྐྱོད། ཉ་མགོ་སྡེ་པ་ལ་2022ལོར་དཀར་མཛེས་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི“ལས་གཞི་བརྒྱ་གཉིས”སྤུས་ལེགས་གྲོང་སྡེ་དང་དཀར་མཛེས་ཁུལ་བདེ་འཇགས་སྡེ་པ(སྡེ་ཁུལ)ཡི་གཟེངས་རྟགས་ཐོབ།
ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་པར་དོད་ནས་རང་ཉིད་ཀྱི་ཐོབ་ཐང་སྔོན་ལ་སྟོན་ཏེ་མང་ཚོགས་ལ་ཁྲིད་སྟོན་བྱེད།
གནས་སྤོ་ལས་དོན་ནི་གནམ་འོག་གི་ལས་ཀ་ཁག་པོ་ཞིག་རེད། མེས་པོས་བཞག་པའི་ཕ་ས་ཕ་ཡུལ་བསྐྱུར་ནས་འགྲོ་དགོས། དེར“བསམ་བློའི་འགག་སྒོ་དང་ཁེ་ཕན་གྱི་འགག་སྒོ། འགལ་བའི་འགག་སྒོ”སོགས་འགག་སྒོ་མང་པོར་འཕྲད་སྲིད། ཉ་མགོ་སྡེ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ངག་དབང་གིས་ངོ་སྤྲོད་བྱས་དོན། “ཐོག་མར་ཉ་མགོ་སྡེ་པ་སྤོ་གནས་སོ་བ་ནང་ཡུལ་ཚོའི་མངའ་ཁོངས་བློ་བཟང་བདེ་བཀོད་གནས་ཡིན་པ་དང་། སྔོན་གྱི་ཆགས་གནས་དང་བར་ཐག་སྤྱི་ལེ་3ཡོད། རྗེས་སུ་སྡེ་པའི་ཏང་ཀྲི་པུའུ་ཡིས་ཡུལ་དངོས་ནས་རྟོག་ཞིབ་ཐེངས་མང་བྱས་པར་བརྒྱུད། རྫོང་གྲོང་དང་བར་ཐག་སྤྱི་ལེ་3ལས་མེད་པའི་རྒྱལ་ལམ་318རྒྱུད་ཀྱི་ས་ཆ་དེ་གནས་ཡུལ་དང་ཐོན་ལས་འཕེལ་རྒྱས་གང་ཅི་ཐད་ནས་ལེགས་ཆ་ཆེན་པོ་ལྡན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པར་མ་ཟད། རྫོང་གྲོང་གི་སྨན་བཅོས་དང་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པས། སྔོན་སློབ་གྲྭར་འགྲོ་དཀའ་བ་དང་སྨན་པར་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱ་ཐུབ་པ་གསལ་པོར་རྟོགས། དེ་དང་ཆབས་ཅིག་སྡེ་མི་རྣམས་ཀྱི་ཕ་ཡུལ་དང་འབྲལ་དཀའ་བ་དང་། སྲོལ་རྒྱུན་འདེབས་གསོ་ལས་རིགས་དང་སིལ་ཏོག་དཔལ་འབྱོར་རྒྱབ་ཏུ་བསྐྱུར་ནས། འཚོ་བ་དང་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་བ་གཏོང་བའི་གནད་དོན་ལ་འཕྲད། མང་ཚོགས་ཀྱིས་དེར་ངེས་ཤེས་གསལ་པོ་མེད་པས་རྒྱབ་སྐྱོར་བྱེད་མི་ཉུང་། སྡེ་པའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་འཚོགས་ནས་གྲོས་མོལ་ཡང་ཡང་བྱས། ཏང་ཡོན་ཚོ་ཆུང་བགོས་ནས་ཁྱིམ་ཚང་རེ་རེ་བཞིན་བསམ་བློའི་ལས་ཀ་ཡག་པོ་བསྒྲུབས། གཞན་ཏང་ཡོན་རྣམས་ཀྱིས་སྔོན་ལ་གནས་སྤོ་དགོས་པའི་རེ་བ་བཏོན། ཉ་མགོ་སྡེ་པའི་ཏང་ཡོན་25ཡིས་སྔོན་ལ་འབོད་སྐུལ་དང་ལེན་བྱས་ཏེ་སྣེ་ཁྲིད་ནས་གྲོས་མཐུན་བཞག་པ་དང་རང་འགུལ་ངང་གནས་སྤོ་བྱས་པས། གནས་སྤོས་མང་ཚོགས་གཞན་དག་བདེ་བླག་ངང་གནས་སྤོ་བྱེད་པར་སྐུལ་ཁྲིད་བྱས། ཟླ་བ་གཅིག་གི་རིང་ལ་གནས་སྤོ་གྲོས་མཐུན་100%བཞག་པ་མངོན་འགྱུར་བྱུང་ཡོད་ཅེས་བཤད། མཐར་ཉ་མགོ་སྡེ་པ་དུས་ཡུན་ཟླ་བ་60ཡི་རིང་ལ་གནས་སྤོ་ལེགས་གྲུབ་བྱུང་ནས་ཞུ་གཏུག་མེད་པར་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོ་རྒྱུ་མངོན་འགྱུར་བྱུང་།
སྡེ་པའི་ཏང་ཡོན་རྣམས་ནི་ཉ་མགོ་སྡེ་པའི་དོན་དག་གལ་ཆེན་ཤེས་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། སྡེ་པ་གསར་པ་གཅིག་གྱུར་འཆར་འགོད་དང་དེང་ཕྱིན་གྱི་ཐོན་ལས་འཕེལ་རྒྱས་ཐད། སྡེ་པའི་ཨུ་ལྷན་གཉིས་ཀྱིས་ཏང་ཡོན་དང་སྡེ་མིའི་འཐུས་མི་སྒྲིག་འཛུགས་བྱས་ནས། སྡེ་པའི་བཀོད་པ་དང་ཁང་པ་ཇུས་འགོད་ལ་ཞིབ་དཔྱད་བྱས་ཏེ། བོད་མི་རིགས་ཀྱི་སྲོལ་རྒྱུན་སྡོད་ཁང་གི་བཀོད་པ་ལས་བརྒལ་ནས་དམངས་གཞིས་མགྲོན་ཁང་གཉེར་བའི་ཚད་གཞི་ལྟར། ཐོག་བརྩེགས་རེ་རེའི་ཁང་པ་བཀོད་སྒྲིག་དང་ཁྲུས་ཁང་སོགས་ཀྱི་ཚད་གཞི་གཅིག་གྱུར་བྱས་ཏེ། རྗེས་ཕྱོགས་ཀྱི་ཁྱད་ལྡན་དམངས་གཞིས་མགྲོན་ཁང་གི་འཕེལ་ཕྱོགས་ལ་རྨང་གཞི་ཡག་པོ་བཏིང་། གྲོང་སྡེ་གསར་པར་སྤོས་རྗེས། གྲོང་སྡེའི་ཏང་ཀྲི་པུའུ་ཡིས་གཞིས་སྡོད་དང་ལས་ཞུགས་ལ་འཚམ་པའི་མཛེས་ལྡན་གྲོང་གསེབ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་སྟེ། མི་སེར་གྱི་བདེ་སྐྱིད་དང་བདེ་འཇགས། ཐོབ་ཚོར་བཅས་ཆེ་རུ་གཏོང་ཆེད། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ལ་ཚོད་ལྟ་བྱས། ཞིང་འབྲོག་པའི་ཏང་ཡོན་གྱིས་མིང་བྱང་གསལ་སྟོན་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས། ཏང་ཡོན་ཁྱིམ་ཚང་གི་སྡོད་ཁང་གི་སྒོ་འགྲམ་དུ“གུང་ཁྲན་ཏང་ཡོན་ཁྱིམ་ཚང”གི་རྟགས་བྱང་བཀལ་བས། ཏང་ཡོན་གདོང་ལེན་རུ་ཁག་དང་དང་བླངས་ཞབས་ཞུ་རུ་ཁག་སོགས་དཔུང་ཁག་ལེགས་འཛུགས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་བཀུག་པས། ཏང་ཡོན་གྱི་ཐོབ་ཐང་ལེགས་པར་མངོན་ནས་འགལ་བ་འདུམ་འགྲིག་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་ཀའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན། “སྒོ་བྱང་ལེགས་པོ་བཀལ་ནས་མི་གཅིག་གསལ་པོར་ངོམ། ཁྱིམ་ཚང་གཅིག་གི་སྣེ་ཁྲིད་ནས་ས་ཁུལ་གཅིག་སྐུལ་ཁྲིད་བྱེད་པའི”ནུས་པ་ལེགས་པོ་བཏོན། དེས་རྗེས་ཕྱོགས་ཀྱི“བོད་དུ་བསྐྱོད་པའི་དམངས་གཞིས་མགྲོན་ཁང་གྲོང་སྡེ་ཐོག་མ”བསྐྲུན་པར་ཁོར་ཡུག་བཟང་པོ་བསྐྲུན། གུས་པར་འོས་པ་ཞིག་ལ་ཉ་མགོ་སྡེ་པའི་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ངག་དབང་ལ་བསྟུད་མར་ལོ་གཉིས་ལ་གྲོང་སྡེའི་གཞི་རིམ་རྩ་འཛུགས་དང་མི་སྒེར་གྱི་ལོ་འཁོར་དཔྱད་ཞིབ་ཁྲོད་ཕུལ་བྱུང་ཐོབ་པ་དང་། “གཉིས་བཀུར”ལས་བྱེད་པའི་དཔུང་ཁག་ཏུ་བསྡུས་ནས། ཡུལ་གྲོང་གི་ལས་བཟོ་མི་སྣའི་ཐོབ་ཐང་ལོངས་སྤྱོད་བྱེད་ཀྱིན་ཡོད། ད་ལྟའི་གྲོང་སྡེ་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་ཚེ་རིང་ལ་2022ལོའི་ཞིང་ཆེན་རིམ་པའི“འགན་ལེགས་འཁུར་གྱི་ཀྲི་པུའུ་ཧྲུའུ་ཅི”ཞེས་པའི་གཟེངས་རྟགས་ཐོབ་ཡོད།
དཔེ་སྟོན་གྱི་ཚད་གཞི་འབུར་དུ་དོད་དེ་ཁེ་ཕན་གཞན་ལ་སྤྲད་ནས་མང་ཚོགས་ཀྱི་སྙིང་ཉེ་བའི་མི་བྱེད་པ།
“གྲོང་སྡེ་ཕན་ཚུན་བར་དང་དུད་ཚང་ཕན་ཚུན་བར་བལྟས་ནས། མང་ཚོགས་ཀྱིས་ཏང་ཡོན་ལ་སློབ་སྦྱོང་དང་ཏང་ཡོན་གྱིས་ཀྲི་པུའུ་ཡི་བཀའ་ལ་ཉན་དགོས” གནས་སྤོའི་ཐབས་ཇུས་རེ་རེ་སྡེ་མིའི་ཁེ་ཕན་ལ་ཐུག་ཡོད་པས། དེ་ནི་ཀུན་གྱིས་དོ་ཁུར་དང་གྲོས་མོལ་བྱེད་པའི་གནད་དོན་ཞིག་རེད། ཉ་མགོ་སྡེ་པའི་ཁང་པ་གསར་བགོ་བྱེད་སྐབས། ཁང་པ་འཁོར་ཕྱོགས་དང་འོད་རྒྱག་མིན། ཁང་གནས་ལེགས་མིན་སོགས་ཡོད་པས། སྡེ་མི་ཚོས་ཁང་པ་འདེམས་སྐབས“གནད་དོན་ཅན་གྱི་ཁང་པ”དེ་དག་རང་ཉིད་ཀྱིས་བདམས་པར་སྐྲག་པས། བགོ་བཤའི་ལས་ཀ་སྐབས་ཤིག་ནར་འགྱངས་དང་ཐ་ན་མཚམས་བཞག་པ་རེད། སྡེ་མི་ཚོའི་བསམ་ཚུལ་དེ་དག་ཤེས་རྗེས། སྡེ་པའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཏང་ཡོན་ཚོགས་ཆེན་འཚོགས། སྡེ་པའི་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་ཚེ་རིང་གིས་བཤད་རྒྱུར། སྐབས་དེར་ཏང་ཡོན་ལས་བྱེད་པས་འགོ་ཁྲིད་དེ་སྤྱི་ཡོངས་ལ་དམིགས་ནས་རང་གི་ཁེ་ཕན་སྐྱུར་ན་ད་གཟོད་དོན་ཆེན་འགྲུབ། སྡེ་པའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་འབོད་ཚིག་ཞིག་བཏོན་པ་དང་སྲིད་ཇུས་ཤིག་ཀྱང་ཡིན་ཏེ། “ང་ཏང་ཡོན་ཡིན་པས་ཁེ་ཕན་གཞན་ལ་སྤྲོད། ང་ཏང་ཡོན་ཡིན་པས་སྔོན་ལ་རྒྱུགས།”ཞེས་པ་དེ་ཡིན། གཉིས་བཀུར་གྲོང་སྡེའི་ལས་བྱེད་པ་ངག་དབང་དང་གྲོང་སྡེའི་ཧྲུའུ་ཅི་ཡེ་ཤེས་ཚེ་རིང་གིས་ཚབ་བྱས་པའི་ཏང་ཡོན་ལས་བྱེད་པས་ཁྱིམ་མིར་ཁ་ཏ་སློབ་སྟོན་བྱས་ཏེ། ཁང་གནས་མི་ལེགས་པ་བདམས། སྡེ་མི་རྣམས་ལ་ཁང་གནས་ལེགས་པ་དྲང་བཞག་སྒོས་འདེམས་སུ་བཅུག །ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་གྱིས་སྣེ་ཁྲིད་པས་མང་ཚོགས་ཁྲོད་དཔེ་སྟོན་གྱི་ནུས་པ་ལེགས་པོ་བཏོན། མི་སེར་རྣམས་ཀྱིས་རང་ཉིད་ཀྱི་བློར་བབས་པའི་ཁང་པ་བདམས་པས་འཁང་ར་དང་རྩོད་གཞི་མེད་པར་བཏང་། གདོང་ལེན་གྱི་དཔེ་སྟོན་འདི་འདྲ་ཞིག་གིས་རྙོག་འཛིང་ཆེ་བའི་ལས་ཀ་ཐག་གཅོད་ཡག་པོ་བྱས་ཡོད་ལ། མང་ཚོགས་ཀྱིས་རྩ་འཛུགས་ལ་ཡིད་ཆེས་བརྟན་པོ་བསྐྱེད་དུ་བཅུག
དེ་ཡང་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྟོབས་ཤུགས་ཀྱི་དབང་གིས་ཡིན་པས། ཉ་མགོ་སྡེ་པའི་ཏང་ཀྲི་པུའུ་ཡིས “མང་ཚོགས་ཀྱི་དགོས་མཁོ་མཐོང་ཐུབ་པ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཐུབ་པའི”ལས་སྲོལ་རྒྱུན་འཛིན་བྱས་ནས། སྡེ་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ཀྱི་སློབ་ཕྱིའི་བྱང་ཚད་མཐོ་རུ་གཏོང་བའི་སློབ་གསོའི་དགོས་མཁོ་དང་། རྒྱ་ཆེའི་ཞིང་འབྲོག་ཁྱིམ་བདག་གི་རིག་གནས་ཆུ་ཚད་དམའ་བ། ཞིང་ལས་བྲེལ་འཚུབ་ཆེ་བའི་དུས་སུ་བྱིས་པར་ལྟ་སྐྱོང་བྱེད་ཁོམ་མེད་པར་གཞིགས་ནས། ཕྱོགས་སོ་སོའི་རིག་ནུས་སྟོབས་ཤུགས་གཅིག་བསྡུས་དང་མ་རྩས་འདེགས་སྐྱོར། ཤེས་ལྡན་མི་སྣའི་རོགས་སྐྱོར་བཅས་བརྩོན་ལེན་ཧུར་ཐག་བྱས་ཏེ། ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་དང་གྲངས་གཞི་ཅན་གྱི་བསྒྱུར་བཅོས་གྲུབ་འབྲས་ལ་བརྟེན་ནས། ཀྲེ་ཅང་གི་སྤྱི་ཚོགས་རོགས་སྐྱོར་འཛུགས་སྐྲུན་མ་དངུལ་བཏང་ནས། དཀར་མཛེས་ཁུལ་གྱི་གཞོན་ནུ་ལོ་ཆུང་སྤྱི་ཕན་རང་བཞིན་གྱི“ཁྱིམ་མཚེས་སློབ་ཁང”ཐོག་མ་བཙུགས། དེས“ཏང་འཛུགས་སྐྱོང་སྣེ་ཁྲིད་+སྤྱི་ཚོགས་མཉམ་སྐྲུན+སྤྱི་ཚོགས་ལས་བཟོ་པའི་གཙོ་སྐྲུན”གྱི་རྣམ་པ་དང་། “ཏང་འཛུགས་སྐྱོང་སྣེ་ཁྲིད་དང་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”བསམ་ཕྱོགས་ལྟར། ཚོགས་པའི་ལས་བྱེད་པ་དང་སྤྱི་ཚོགས་ལས་བཟོ་རྩ་འཛུགས། གཞོན་ནུ་གསར་གཏོད་པ། ལས་འཁྱུར་ངལ་གསོའི་ཏང་ཡོན་སོགས་སྤྱི་ཚོགས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། གཟའ་མཇུག་དང་དགུན་དབྱར་གནང་གི་དུས་སྐབས་སྤྱད་དེ། མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭར་དགའ་ཞེན། ཚན་རིག་ཁྱབ་གདལ་སློབ་ཁྲིད། དཔེ་ཀློག་མཉམ་སྤྱོད་སོགས་སྤུས་ལེགས་སློབ་གསོའི་སློབ་ཚན་ཁྲིད། མཐོ་སྒང་གི་བྱིས་པ་རྣམས་ཀྱི་སྤྱི་ཚོགས་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་ཞན་ཆ་ཁ་གསབ་བྱས་ཏེ། སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱས་ནས། སློབ་མར“ལྟ་སྐྱོང་དཀའ་བའི”གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་། མི་རིགས་ཁག་གི་བྱིས་པ་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་པ་བརྒྱུད་མི་རིགས་འགྲོ་འོང་བྱེད་སྟངས་གསར་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པ། སློབ་གསོ་མཉམ་སྤྱོད་ཀྱི་ཐབས་ལམ་གསར་པ་བཅས་བཏོད། སྡེ་པའི་ཏང་ཡོན་མང་ཚོགས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་སྐབས། “སྲིད་གཞུང་གི་མ་དངུལ+གྲོང་སྡེ་རིམ་པའི་མ་དངུལ་བསྡུ་བའི”བྱ་ཐབས་བརྒྱུད་སྒོར་ཁྲི་280བཏང་ནས། རྫོང་ཡོངས་ཀྱི་ཏང་ཡོན་གསོ་སྦྱོང་སློབ་གསོ་དང་སྡེ་པའི་ལོ་རྒྱུས་ཁང་། མི་རིགས་མཐུན་སྒྲིལ་ཡར་ཐོན། དཔལ་ཡོན་ལག་ལེན་ལྟེ་གནས། གཞི་རིམ་བཅོས་སྐྱོང་བཅས་ཚད་ལྡན་ཅན་གྱི་ཏང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཐོག་མ་བསྐྲུན་ནས། གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཐབས་ཇུས་བཀོད་སྒྲིག་རེ་རེ་བཞིན་མངོན་འགྱུར་བྱུང་ཡོད།
སྣེ་ཁྲིད་ཞབས་ཞུ་མངོན་པར་དོད་དེ་དཀའ་ཁག་ཕྲག་ཏུ་འཁུར་བའི་སྙིང་སྟོབས་བསྐྱེད་ནས་མང་ཚོགས་ཀྱི་སྣེ་ཁྲིད་པ་བྱེད།
ཉ་མགོ་སྡེ་པའི་སྔོན་གྱི་ཆགས་གནས་དེ་རྫོང་གྲོང་དང་ཐག་རིང་ལ། རི་མཐོ་གྲོག་རོང་དུ་ཡོད་པས་གཙོ་བོ་སྲོལ་རྒྱུན་འདེབས་འཛུགས་ལས་རིགས་ལ་བརྟེན་ཡོད། དེ་ཡང་གཙོ་བོ་ལྷོ་ཁུལ་གྱི་སུར་པན་འདེབས་འཛུགས་བྱེད་ཀྱི་ཡོད། འདེབས་འཛུགས་ཀྱི་འཕེལ་ལམ་དང་སྔོན་གྱི་བསམ་བློ་མཁྲེགས་འཛིན་བྱས་ཏེ་གྲོང་གསེབ་གསར་པ་སྐྲུན་པར་འགོག་རྐྱེན་བཟོ་བའི་གནད་དོན་སེལ་ཆེད། ཉ་མགོ་སྡེ་པའི་ཏང་ཀྲི་པུའུ་ཡིས་དོན་དངོས་དང་འབྲེལ་ནས་གནས་ཡུལ་དང་ཐོན་ཁུངས། སྐྱེས་སྟོབས་ཀྱི་ལེགས་ཆར་གཞིགས་ནས་གཞིས་སྡོད་ལ་འཚམ་ཞིང་ལས་སྐུལ་ཐུབ་པའི་མཛེས་ལྡན་གྲོང་གསེབ་དང་སྐྱེ་ཁམས་ཡུལ་སྐོར། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་མུས་རེད།
སྡེ་པའི་ཏང་ཀྲི་པུའུ་ཡིས་ཐེངས་མང་པོར་རྟོག་ཞིབ་བྱས་པ་རྒྱུད། ཚད་ཡོད་ཀྱི་ས་ཞིང་ཐོན་ཁུངས་ཁྲོད་ས་ཞིང་མ་རྐང་གསར་བཟོ་དང་སྡེ་པའི་གཞུང་གཉེར་ཁང་ཐུན་མོང་དཔལ་འབྱོར་ཐོན་ལས་སྐྱེད་སྲིང་བྱ་རྒྱུའི་ཐག་བཅད་པ་རེད། བློ་ཁོག་ཆེ་བའི་བསམ་ཚུལ་དེར་ཐོག་མར་སྡེ་མི་མང་ཆེ་བས་དོགས་འདྲི་གནང་བ་དང་། སྡེ་པའི་ཏང་ཀྲི་པུའུ་ཡིས་སླར་ཡང་ཏང་ཡོན་གྱི་བསམ་བློ་གཅིག་གྱུར་བྱས་ཏེ། ཏང་ཡོན་གྱི་རྐང་འཛིན་སྟོབས་ཤུགས་འདོན་སྤེལ་བྱས། མང་ཚོགས་ཀྱི་བསམ་བློའི་ལས་ཀ་ཟབ་སྤེལ་བྱས། མཐར་ས་ཞིང་འཁོར་རྒྱུག་ཐད“ས་ཞིང་མ་རྐང+མ་དངུལ་བསྡུ་ལེན+ཁེ་བཟང་བགོ་བའི”ཐབས་ལམ་བརྒྱུད། “སྡེ་མི་རང་འདོད་ཀྱིས་མ་རྐང་དུ་ཞུགས་པ་དང་ཁེ་ཕན་མ་རྐང་ལྟར་བགོ་བའི”རྣམ་པའི་ཐོག་ནས་མ་དངུལ་སྒོར་ས་ཡ་4བསྡུ་རུབ་བྱས་ནས་གྲོང་སྡེའི་གཞུང་གཉེར་ཁང་བསྐྲུན། ཁེ་ཕན་བགོ་བཤའི་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྡེ་པའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་རག་དཀའ་བའི་གནད་ལས་སྒྲོལ་ཏེ། འདས་མཆོད་དང་གཉེན་དོན་སྤེལ་ཡུལ་གླས་པ་སོགས་ཞོར་ལས་འཕེལ་རྒྱས་བཏང་། སྡེ་པ་གསར་པར་གནས་སྤོས་པའི་ལོ་དང་པོར་སྡེ་པའི་ཐུན་མོང་དཔལ་འབྱོར་ཡོང་འབབ“ཀླད་ཀོར”ནས་ཁྲི་53བར་བརྒལ་བ་དང་། ཐུན་མོང་དཔལ་འབྱོར“ཆུང་བ”ནས“སྟོབས་ཆེ་བའི”བར་བསྒྱུར། སྡེ་པའི་ཀྲི་པུའུ་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། མི་སེར་ནི་ཧ་ཅང་དོན་དངོས་ཤིག་རེད། ད་ལྟ་ང་ཚོར་ཕན་འབྲས་ཐོན་པ་དང་ཁེ་བཟང་ཐོབ། མི་རེའི་ཆ་སྙོམས་ལོ་ལྟར་ཁེ་བཟང་བགོད་ཐུབ་པས། ཚང་མས་དང་ཐོག་གི་བྱེད་སྟངས་འདིར་མོས་མཐུན་དང་ཁས་ལེན་བྱེད་ཀྱི་ཡོད་ཟེར།
ཐོན་ལས་ཀྱི་སྣེ་གཅིག་ནི་ཞིང་པ་མང་ཚོགས་ཀྱི“སྒོར་ཁུག”དང་འབྲེལ་ཡོད། སྣེ་གཅིག་ནི་གྲོང་གསེབ་དར་རྒྱས་ཀྱི“སྒུལ་ནུས”དང་འབྲེལ་ཡོད། ཉ་མགོ་སྡེ་པས་འབབ་ལེན་ཐབས་ལམ་རྒྱ་བསྐྱེད་ནས། སི་ཁྲོན་ནས་བོད་ལྗོངས་སུ་བསྐྱོད་པའི་རྒྱལ་ལམ་318ཡི་ལམ་རྒྱུད་དང་རང་བྱུང་ཆུ་ཚན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། “དམངས་གཞིས་མགྲོན་ཁང+”གི་འཕེལ་རྣམ་གསར་པ་བཏོད“ཐབས་ཤེས་གང་འདྲ་ཞིག་ཡིན་རུང་ང་ཚོ་ཏང་ཡོན་རང་ཉིད་ཀྱིས་སྣེ་ཁྲིད་ན་ཕན་འབྲས་ལེགས་པོ་མངོན་ཐུབ”ཅེས་པ་དེ་ཉ་མགོ་སྡེ་པའི་ཏང་ཀྲི་པུའུ་ཡིས་ལོ་ངོ་མང་པོར་ལག་ལེན་ཁྲོད་ཐོབ་པའི་ཉམས་མྱོང་རེད། དེ་ལྟར་ཐོན་ལས་གཞན་བསྒྱུར་དང་ལྗང་མདོག་དཔལ་འབྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་ཆེད། ཉ་མགོ་སྡེ་པའི་ཏང་ཡོན་ཁྱིམ་ཚང་20ཡིས་སྣེ་ཁྲིད་དེ་དམངས་གཞིས་མགྲོན་ཁང་གཉེར། སྐུ་མགྲོན་སྣེ་ལེན་དང་ཡུལ་སྐོར་ལས་སྟེགས་མཉམ་ལས། སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་སློབ་སྦྱོང་བྱེད་འགོ་བརྩམས། “དོན་དག་ཐམས་ཅད་འགོ་བརྩམས་དུས་དཀའ” ལོ་དང་པོར་ཏང་ཡོན་རྣམས་ཀྱིས་སློབ་ཞོར་གཉེར་ཞོར་བྱས་ཏེ་ཡོང་འབབ་འཕར་སྣོན་སོང་། ལོ་གཉིས་པར་ཏང་ཡོན་གྱིས་མཛུབ་ཁྲིད་འོག་སྡེ་པ་ཡོངས་ལ་དམངས་གཞིས་མགྲོན་ཁང་43ཇེ་མང་དུ་ཕྱིན། ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་ཆ་སྙོམས་ལྟར་ན་སྒོར་ཁྲི་8ཡན་ཟིན་པས། མང་ཚོགས་རྣམས་ཀྱི་མགྲོན་ཁང་གཉེར་བའི་སྤྲོ་སེམས་ཆེ་རུ་འཕེལ། ཐོན་ལས་ལ་གསོན་ཤུགས་རྒྱས་པ་ན་སྡེ་པའི་ཨུ་གཉིས་ཀྱིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
གནས་སྤོ་ཡུལ་མིས་དུས་མཇུག་གི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་སྡེ་པའི་གཞིས་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་འགོ་བརྩམས། བཙོག་ཆུ་བཅོས་སྐྱོང་དང་གད་སྙིགས་རིགས་དབྱེ། གསང་སྤྱོད་གསར་བརྗེ། ལྗང་མདོག་མཛེས་བཟོ་བཅས་ཀྱི་བྱ་སྤྱོད་མུ་མཐུད་དུ་སྤེལ། སྡེ་པའི་དཔལ་ཡོན་གྱི“དམར་ནག་མིང་ཐོ”དང་དགེ་སྒྲུབ་དྲང་བདེན་གྱི་མིང་ཐོ་བཟོས། སྡེ་མི་སྒྲིག་འཛུགས་བྱས་ནས་སྒོ་ར་རིམ་སྤོར་བསྒྱུར་བཀོད་བྱས་ཏེ། གྱང་གི་མཐོ་ཚད་ཇེ་དམའ་རུ་བཏང་། ཁྱིམ་མཚེས་བར་གྱི་འབྲེལ་ཐག་ཇེ་ཉེར་བཏང་། “གོ་རོང་ཡུལ་སྲོལ་འདུ་ཚོགས་དུས་ཆེན”དང་འབའ་གཞས་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་ཁྱད་ཆོས་ལྡན་པའི་དུས་ཆེན་བྱེད་སྒོ་སྤེལ། རབ་མཛེས་མེ་ཏོག་སྡེ་པའི་ལོ་རྒྱུས་བཤམས་མཛོད་ཁང་། སྤོ་ལོ་རྩེ་ར། ལུས་སྦྱོང་ཁུལ་བཅས་བསྐྲུན་ནས་མང་ཚོགས“ལྟད་མོ་བ”ནས“ལས་ཞུགས་མཁན”དུ་བསྒྱུར་ཏེ། མཉམ་ཇུས་དང་མཉམ་སྐྲུན། མཉམ་སྐྱོང་གི་དར་སྲོལ་གསར་པ་བསྐྲུན།
ད་སྐབས་ཀྱི་ཉ་མགོ་སྡེ་པ་རུ་ཏང་ཡོན་གྱི་སྒོ་བྱང་ལེགས་པོ་བཀལ་བ། “འབའ་ཐང་གདོང་ལེན་གྱིས་ཁྱེད་ལ་ཞབས་འདེགས་ཞུ་བ།”དང་“དོན་དག་ཡོད་ན་ཏང་ཡོན་འཚོལ་བ།” ཏང་ཡོན་གྱི་ལས་འགན་གཏན་འཁེལ་བྱས་པ་སོགས། གཞི་རིམ་ཏང་ཡོན་གྱིས་རང་ནུས་ལེགས་འདོན་གྱི་ལས་གནས་རྙེད་ཡོད། ལག་ལེན་ལ་བརྟེན་ནས་གཞི་རིམ་སྐྱོང་མཁས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཏང་འཛུགས་སྐྱོང་གྱིས“བཅོས་སྐྱོང་གསུམ་མཉམ་འདྲེས”སྣེ་ཁྲིད་བྱེད་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་གསར་པ་གཏོད་པར་གཞི་འཛིན་ས་མཁོ་འདོན་བྱས། །