མཚོ་འཕགས་སྨི་3500ཡི་རྔ་བ་རྫོང་འབྲུ་ཆུ་འགོ་སྡེ་པའི་ཕྱོགས་བཞི་གངས་རིས་བསྐོར་ཞིང་རི་རྩེར་དར་ལྕོག་ལྷབ་ལྷུབ་ཏུ་གཡོ། 2023ལོའི་ཟླ་7པར་ང་རང་རོགས་སྐྱོར་སྨན་པར་མངགས་ཏེ་ཡུལ་འདིའི་བོད་རིགས་སྤུན་ཟླའི་སེམས་ཁོང་གི་སྨན་པ་ངོ་མ་ཞིག་ཏུ་འགྱུར་བར་སེམས་ཐག་བཅད།
མཐོ་སྒང་དུ་སླེབས་ནས་དུད་ཚང་གཅིག་ལ་ཐབས་ཇུས་གཅིག་བཏོན་པ་ནི་ཚེ་སྲོག་གི་སྲུང་མ་ཡིན།
ཐོག་དང་པོར་སྡེ་པ་འདིར་སླེབས་པར་མཁའ་དབུགས་དཀོན་པོས་དཀའ་ངལ་དང་འཕྲད་མོད། འོན་ཀྱང་དེ་ལས་དོན་དག་གལ་ཆེན་ཞིག་ནི་དུད་ཚང་རེ་རེའི་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱ་རྒྱུ་དེ་རེད། འདྲི་རྩད་ཁྲོད། ངས་སྦྲུམ་མ་སྒྲོལ་མ་ཆུང་ཆུང་ཁྱིམ་ཚང་གང་པོ་དང་ངོ་ཤེས་བྱུང་། ཁོ་མོར་སྔོན་ཆད་མངལ་ཤོར་མྱངས་པས། ཕྲུ་གུ་སྐྱེ་ཁར་རེ་སྒུག་གིས་ཁེངས་མོད་སེམས་ཁྲལ་ཡང་བྱེད་ཀྱི་ཡོད།
མཐོ་སྒང་ནས་ཕྲུ་གུ་བཙའ་བར་ཉེན་ཁ་ཧ་ཅང་ཆེ་བས་ངས་མོ་ལྟ་རྟོག་བྱེད་གཞི་གཙོ་བོར་བརྩིས་ནས་དོ་སྣང་བྱེད་དགོས་སར་ཡང་དུ་བསྐྱར་དུ་མངགས་བཅོལ་བྱས་པ་ཡིན། 2023ལོའི་ཟླ་12པའི་མཚན་མོ་ཞིག་ལ། སྒྲོལ་མ་ཆུང་ཆུང་གི་ཨ་ཕས་ཁ་པར་བཏང་སྟེ་ཕྲུ་གུ་འཕྲེད་དུ་གནས་པས་སྐྱེ་རྒྱུ་དཀའ་ཟེར། ངས་འཕྲལ་དུ་རྫོང་སྨན་ཁང་ལ་འབྲེལ་གཏུག་བྱས་པ་དང་དེར་གཞོགས་འདེགས་བྱེད་སར་སོང་། བུ་སྐྱེ་ཁང་དུ་སྦྲུམ་མ་ཐང་ཆད་ཡོད་ལ་ཕྲུ་གུ་སྔར་བཞིན་ཉེན་ཁའི་གནས་སུ་གྱར་ཡོད། ངང་རྒྱུད་རིང་པོའི་འབྲེལ་བ་བྱས་མཐར་ཁྱིམ་མིས་འཕྲལ་མྱུར་ཐག་གཅོད་བྱ་རྒྱུར་མོས་མཐུན་བྱུང་། ཕྲུ་གུ་དམར་འབྱར་གྱི་ངུ་སྒྲ་ཐོས་མ་ཐག་ཚང་མའི་སེམས་ལྷོད་ལ་བབས་བྱུང་། སྤྱི་ཚེས་ཀྱི་ཉིན་དེར་སྒྲོལ་མ་ཆུང་ཆུང་གིས་ང་ལ་ཕྲུ་གུའི་མིང་ལ་རིན་ཆེན་སྒྲོལ་མ་ཞེས་བཏགས་པ་དང་མཛེས་ལྡན་གཅེས་ལོ་ཡི་དོན་ཡིན་ཟེར།
རྒྱང་བསྟེན་སྨན་བཅོས་ནི་སྤྱི་ལེ་400ལྷག་བརྒལ་བའི་དུས་ཐོག་གི་རོགས་སྐྱོར་ཡིན།
2024ལོའི་ཟླ་7པར། བརྒྱལ་གཟེར་ནད་ཕོག་པའི་བྱིས་པ་ཞིག་གི་ཁྱིམ་མིས་བྲེལ་འཚུབ་ངང་སྐྱོབ་རེ་ཞུས་ཤིང་། མཐོ་སྒང་དུ་སྨན་པ་དང་སྨན་རྫས་དཀོན་པས་ནད་གཞིས་ཚེ་སྲོག་ལ་ཉེན་ཁ་ཕོག་ཉེན་ཆེ། ངས་འཕྲལ་དུ་སི་ཁྲོན་ཞིང་ཆེན་ཀྲུང་ཕྱི་ལུགས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་གི་ཆེད་མཁས་དང་མཐུན་སྦྱོར་བྱས་ཏེ་རྒྱང་བསྟེན་ནད་དཔྱད་བྱས་བྱུང་།
བརྙན་ལམ་སྣེ་གཉིས་ཀྱི་ཕྱོགས་གཅིག་ནི་བྲེལ་འཚུབ་ཆེ་བའི་ཕ་མ་དང་། ཕྱོགས་གཞན་ཞིག་ནི་ཆེད་མཁས་ཚོགས་པ་རེད། ཆེད་མཁས་པ་ཚོས་ནད་གཞིར་དབྱེ་ཞིབ་ཞིབ་ཚགས་དང་རང་གཤིས་ཅན་གྱི་ནད་བཅོས་ཇུས་གཞི་བཟོས། བྱིས་པའི་ཨ་མས་བོད་སྐད་ཀྱིས་ཁྱེད་ཚོས་ངའི་ཕྲུ་གུ་བསྐྱབས་པར་བཀའ་དྲིན་ཆེ་ཡང་ཡང་ཞུས་བྱུང་། སྐབས་དེར་ང་རང་ལ་རྒྱང་བསྟེན་སྨན་བཅོས་ནི་ལག་རྩལ་རྐྱང་རྐྱང་ཞིག་གིས་མ་ཚད་པར། ལྷག་ཏུ་ཚེ་སྲོག་གི་ཟམ་པ་ཞིག་ཡིན་པས་མྱོང་ཚོར་ཟབ་མོ་སྐྱེས་བྱུང་།
རོགས་སྐྱོར་ཐེངས་གཅིག་གིས་གངས་རིའི་སྟེང་གི་བདེ་ཐང་གི་འགོག་སྲུང་བརྟན་པོ་བསྐྲུན།
འབྲུ་ཆུ་འགོ་སྡེ་པའི་སྡེ་མི་མང་པོས་རུས་ཆེན་ནད་ཀྱི་མནར་སྡུག་མྱོང་བཞིན་ཡོད། ཚེ་དཔལ་ལྷ་མོའི་རུས་ཚིགས་ཀྱི་དབྱིབས་འགྱུར་ཚབས་ཆེན་ཡིན་པ་དང་། ཐ་ན་འགྲོ་སྐྱོད་ལའང་དཀའ་ངལ་ལྡན་པས། ང་རྒྱུན་དུ་མོ་ཚང་ལ་སྨན་སྟེར་བ་དང་གཙང་སྦྲ་བྱེད་པར་སོང་ནས་ཁོ་མོར་སྨན་བཅོས་རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་མ་བཏང་།
ནད་པ་དེ་བས་མང་བར་རོགས་རམ་བྱ་ཆེད། ངས་རྔ་བ་རྫོང་བོད་སྨན་ཁང་དང་རོགས་སྐྱོར་ཚན་ཆུང་དང་མཉམ་འབྲེལ་བྱས་ཏེ། དུད་ཚང་དུ་བསྐྱོད་ནས་སྨན་བཅོས་དང་རིན་མེད་ངང་གཅེས་སེམས་མཚོན་པའི་སྨན་ཁུག་སྤྲད་པ་ཡིན། སྨན་བཅོས་བྱས་པར་བརྒྱུད་ཚེ་དཔལ་ལྷ་མོའི་ན་ཟུག་ཆུང་དུ་ཕྱིན་པར་མ་ཟད། ཞིང་ལས་ཀྱང་བྱེད་ཐུབ། མོའི་ངོ་གདོང་ན་རྒྱས་པའི་འཛུམ་མདངས་ནི་ང་ཚོར་ཁས་ལེན་གང་ལེགས་གནང་བའི་རྟགས་རེད།
གཞན་ཡང་ང་ཚོས་ད་དུང་འོས་འགན་སྨན་བཅོས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བརྒྱལ་གཟེར་ནད་དང་པགས་ནད་སོགས་དོགས་གཞི་ཡོད་པའི་ནད་ལ་དམིགས་ནས་རྒྱང་བསྟེན་ནད་དཔྱད་བྱས་ཏེ་གཅོང་ནད་ལ་སྒོ་རྩ་ནས་ཞབས་འདེགས་བྱེད་བཞིན་ཡོད། སྨན་བཅོས་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ས་གནས་ཀྱི་སྨན་དོན་མི་སྣ་གསོ་སྦྱོང་བྱས་པ་བརྒྱུད་མཐོ་སྒང་གི་སྨན་བཅོས་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་ཕྱིན།
མཐོ་སྒང་དུ། སྨན་བཅོས་བྱེད་པར་སྐྱོད་ཐེངས་རེ་རེ་ནི་འགྲན་སློང་ཐེངས་རེ་རེ་ཡིན་མོད། འོན་ཀྱང་སྡེ་མིའི་ཡིད་ཆེས་ལས་ང་ལ་སྟོབས་ཤུགས་ཀྱིས་ཁེངས་ཡོད། ཁོང་ཚོས་ང་ལ་ང་ཚོའི་སྨན་པ་ཞེས་བྱམས་བརྩེའི་ངང་འབོད་སྐབས། དཀའ་ཚེགས་ཚང་མ་སྒུལ་ཤུགས་སུ་གྱུར་བྱུང་། ང་ཚོས་སྲུང་གཞི་ནི་བདེ་ཐང་ཡིན་པར་མ་ཟད། ཡུལ་གྲུ་འདིར་མཆེད་པའི་ནུབ་རྒྱུ་མེད་པའི་རེ་བའང་ཡིན་ནོ། །
(རྩོམ་པ་པོ་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུའི་རྔ་བ་རྫོང་དུ་བཅའ་སྡོད་རོགས་སྐྱོར་ལས་དོན་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་ཀྲུང་ཕྱི་ལུགས་སྨན་ཁང་གིས་རྔ་བ་རྫོང་སྤྲོ་ཚིགས་གྲོང་རྡལ་འབྲུ་ཆུ་འགོ་སྡེ་པར་བཅའ་སྡོད་ཀྱི་ལས་བྱེད་པ་ཡིན།)