མཚམས་སྦྱོར་གྱི་ལེའུ།
ཤེས་རབ་རྣམ་རྒྱལ་ནི་སི་ཁྲོན་ཞིང་ཆེན་ཉག་རོང་རྫོང་གི་མི་ཡིན། ལྷོ་ནུབ་མི་རིགས་སློབ་ཆེན་ནས་རབ་འབྱམས་བསླབ་གནས་མཐར་ཕྱིན། སྔ་རྗེས་སུ་ཁམས་པའི་བརྙན་འཕྲིན་ཁང་ནས《ཁམས་པའི་བརྙན་འཕྲིན་ཁང་གི་གསར་འགྱུར》དང་《གངས་རི་རྩྭ་ཐང་》སོགས་ཀྱི་ལེ་ཚན་སྙན་སྒྲོན་མདོ་འཛིན་པ་དང་ལེ་ཚན་བརྙན་སྐྲུན་པ། མདོ་འཛིན་པ། ལོ་ཙཱ་སོགས་ཀྱི་ལས་དོན་གཉེར་བར་མ་ཟད། 《ཚོན་མདོག་རྣམ་པར་བཀྲ་བའི་དར་ལྕོག》དང་《ལག་རྩལ་མཁས་པའི་བོད་པ》སོགས་ཀྱི་ལེ་ཚན་དང་། ཕྲེང་སྟར་དངོས་ཕབ་བརྙན་ལྷེའི་སྐད་སྦྱོར་བའི་ལས་དོན་ཡང་མང་པོ་གཉེར་ཡོད། ད་སྐབས་ཤམ་བྷ་ལ་ཀུང་སུའི་འཕྲིན་སྦྱོར་ཀུན་འདུས་བརྙན་སྐྲུན་སྡེ་ཁག་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད། དེ་སྔོན་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི“ཕུལ་བྱུང་ན་གཞོན་འཇོན་མིའི་གསོ་སྐྱོང་འཆར་གཞིའི”ཕྱོགས་འདུས་སྦྱོང་བརྡར་དུའང་ཞུགས་ཡོད། ཁོའི་བརྩམས་ཆོས་ཁག་ཅིག་ཐེངས་སུམ་ཅུ་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བརྗེ་རེས་ཚོགས་འདུ་དང་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་ཕུལ་བྱུང་ལེ་ཚན་དཔྱད་བརྗོད་ཚོགས་འདུའི་བརྙན་འཕྲིན་སྙན་སྒྲོན་མདོ་འཛིན་པའི་བྱ་དགའ་དང་།
ཡ་ཐེ་རྒྱང་བསྒྲགས་མནའ་འབྲེལ་བྱ་དགའི་དམིགས་བསལ་བྱ་དགའ་སྟེ་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཁྱབ་སྤེལ་བྱ་དགའ། སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་རོགས་ལས་གྲོས་ཚོགས་ཀྱི་ཕུལ་བྱུང་བྱ་དགའ། སྐབས་སུམ་ཅུ་པའི་ཀྲུང་གོའི་བརྙན་འཕྲིན་གསེར་བྱ་རྟགས་མའི་སི་ཁྲོན་ས་ཁུལ་གྱི“བརྙན་འཕྲིན་དངོས་ཕབ་བརྙན་ལྷེའི”རིགས་ཀྱི་བྱ་དགའ། སི་ཁྲོན་གསར་འགྱུར་བྱ་དགའི“བརྙན་འཕྲིན་ཕྲེང་སྟར་སྒྲོག་སྤེལ་རིགས”ཀྱི་ཨང་གསུམ་པ། སྐབས་དགུ་པའི“བུད་མེད་བརྗོད་དོན་སྐོར”གྱི་ཕུལ་བྱུང་བརྙན་འཕྲིན་བརྩམས་ཆོས་ཀྱི་ཕུལ་བྱུང་བྱ་དགའ། སྐབས་དགུ་པའི“ཡ་གླིང་གློག་བརྙན་ཐུང་ངུའི་སྒྱུ་རྩལ་དུས་ཆེན”ཕུལ་བྱུང་བརྩམས་ཆོས་ཀྱི་གཟི་བརྗིད་བྱ་དགའ། 2023ལོའི་སི་ཁྲོན་ཞིང་ཆེན“བོད་རྒྱ་སྐད་གཉིས་ཚན་རིག་ཁྱབ་སྤེལ་བརྙན་ཐུང་”གི་ཨང་གཉིས་པ། 2023ལོའི་སི་ཁྲོན་གསར་འགྱུར་བྱ་དགའི“གསར་འགྱུར་དངོས་ཕབ་བརྙན་ལྷེའི”ཨང་དང་པོ་སོགས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད། དེ་མིན་2017ལོའི་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཕུལ་བྱུང་མདོ་འཛིན་པ་དང་2021ལོའི་སི་ཁྲོན་ཞིང་ཆེན་ལས་བཟོ་པའི་གླུ་གཞས་མཉམ་ལེན་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད།
བཅར་འདྲིའི་ལེའུ།
གསར་འགོད་པ། ཁྱེད་རང་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་མདོ་འཛིན་པའི་ལམ་ཁར་ཞུགས་པ་ཡིན།
ཤེས་རབ་རྣམ་རྒྱལ། བྱིས་དུས་སུ་དགེ་རྒན་དང་ཁྱིམ་མིས་རྒྱུན་དུ་ང་ལ་ཁྱེད་རང་གི་ཕུགས་བསམ་ཅི་ཡིན་པ་འདྲི། དེ་ལ་ངས་དགེ་རྒན་ནམ་ཡང་ན་སྨན་པ། དམག་མི། གླུ་པ་སོགས་བྱེད་རྒྱུ་ཡིན་པའི་ལན་བཏབ། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་རེ་བྱས་ན། ངའི་ཕུགས་བསམ་དེ་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་འགྱུར་ལྡོག་བྱུང་བཞིན་འདུག །བྱིས་དུས་སུ་ང་རང་ཨ་ཕ་དང་འདྲ་བར་དམག་མི་ཞིག་བྱེད་འདོད། དེ་ནས་སློབ་ཆེན་སྐབས་སུ། རང་ཉིད་རིག་རྩལ་ཕྱོགས་ལ་དགའ་བས་གླུ་གཞས་སྒྱུ་རྩལ་པའམ་གློག་བརྙན་འཁྲབ་སྟོན་པ་ཞིག་བྱེད་འདོད། ཡིན་ཡང་མདོ་འཛིན་པ་བྱ་རྒྱུ་གཏན་ནས་ཡིད་ལ་འཆར་མ་མྱོང་། འཚོ་བའི་ཁྲོད་ནས་ཡང་། གྲོགས་པོ་མི་ཉུང་བ་ཞིག་གིས་ང་ལ་མདོ་འཛིན་པའི་ལམ་ལ་ཇི་ལྟར་ཞུགས་པ་འདྲི། ངས་དེ་ནི་ང་ཡི་ཕུགས་བསམ་ཡིན་ཞེས་ཁག་ཐེག་གི་ལན་ཞིག་གཏན་ནས་འདེབས་མ་ནུས། ཕྱིར་འདང་ཟབ་མོ་ཞིག་བརྒྱབ་ན། དེ་སློབ་ཆེན་གྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད། ང་རང་སློབ་ཆེན་སྐབས་སུ་སློབ་གྲྭའི་རིག་རྩལ་བྱ་འགུལ་མང་པོ་ལ་ཞུགས་མྱོང་། དེ་མིན་རྩོམ་རིག་ཆེད་ལས་ཀྱི་སློབ་གྲོགས་དྲུག་དང་མཉམ་དུ“མེ་ཆ”གློག་བརྙན་ཕབ་སྐྲུན་ཁང་བཙུགས་ནས། སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་བོད་ཀྱི་སློབ་རའི་གློག་བརྙན་ཐོག་མ《འདས་ཟིན་པའི་ལོ་ཟླ》དང་ཞིབ་འཇུག་སློབ་མའི་སྐབས་སུ་སློབ་རའི་གློག་བརྙན《གཟའ་ཉི་མ》སོགས་ཕབ་སྐྲུན་བྱས། དེ་མ་ཟད་ང་རང་དགེ་རྒན་རྡོ་རྗེ་ཕུན་ཚོགས་ཀྱིས་མཛུབ་སྟོན་གནང་བའི་གཏམ་རྒྱུད་བརྙན་ལྷེ《ཕ་ཡུལ་སྡེ་དགེ》དང་གློག་བརྙན《གངས་དཀར་རི་བོ》གཉིས་སུ་འཁྲབ་ཞུགས་བྱས། 2012ལོའི་དབྱར་གནང་མ་ཕྱིན་གོང་ང་ལ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པའི་ཚོད་ལྟའི་རྒྱུགས་གཞིའི་ཁ་པར་གྱི་བརྡ་ཐོན་བྱུང་། ཚོད་ལྟའི་རྒྱུགས་གཞིའི་སྔར་ཉིན་གྱི་ཕྱི་དྲོར་ངས་སྡོད་ཤག་ནས་རང་ཉིད་ངོ་སྤྲོད་བྱེད་རྒྱུ་ཐེངས་གཅིག་ཏག་ཏག་སྦྱོང་བ་བྱས་ནས་རྒྱུགས་ལ་ཞུགས་པ་ཡིན། དེ་ནས་ཡུན་རིང་པོ་མ་འགོར་བར་དབྱར་གནང་སྐབས་ཡུལ་ལ་ལོག་པའི་ལམ་བར་དུ་རྒྱུགས་འཕྲོད་པའི་ཁ་པར་ཐོན་བྱུང་། ཡིད་སྤྲོ་བ་ཞིག་ལ་ང་ཚོ་ཕབ་སྐྲུན་ཚོགས་པའི་སློབ་གྲོགས་ཚང་མ་བརྙན་འཕྲིན་ཁང་དུ་རྒྱུགས་འཕྲོད་འདུག །རང་ཉིད་ལ་གོང་གི་བརྒྱུད་རིམ་འདི་འདྲ་ཞིག་ཡོད་པས་མདོ་འཛིན་པའི་ལས་ལ་ཞུགས་པ་ཡིན། མདོ་འཛིན་པ་བྱེད་རྒྱུ་ནི་ངའི་ཆེས་ཐོག་མའི་ཕུགས་བསམ་མ་ཡིན་པར་སྟེས་དབང་གིས་ལས་རིགས་འདིའི་ལམ་ལ་སོང་བ་ཡིན། ངས་བལྟས་ན་ལས་རིགས་གང་ཞིག་ཡིན་ཡང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་། འཕེལ་རྒྱས་ལ་ཕན་པ་ཡོད་པར་མ་ཟད་རང་ཉིད་ལས་རིགས་འདི་ལ་དགའ་ཞེན་ཡོད་ན་དེའི་ནང་དུ་ཞུགས་ཆོག་སྙམ།
གསར་འགོད་པ། ཁྱེད་ཀྱི་ལོ་ངོ་བཅུ་ལྷག་གི་མདོ་འཛིན་པའི་བྱ་བའི་ཁྲོད་ཆེས་བརྗེད་དཀའ་བའི་བྱ་བ་གང་རེད།
ཤེས་རབ་རྣམ་རྒྱལ། ངས་མདོ་འཛིན་པའི་བྱ་བ་ལས་ནས་ལོ་ངོ་བཅུ་ལྷག་འགོར་སོང་། འདིའི་རིང་ལ་མདོ་འཛིན་པའི་བྱ་བ་ལས་གཞན་ད་རུང་གསར་འགོད་པ་དང་། སྒྲིག་ཁྲིད་པ། ལོ་ཙཱ། སྐབས་མཇུག་བཟོ་སྐྲུན། བརྙན་ལེན་སོགས་ཀྱི་ལས་ཀ་མང་པོ་ལས་མྱོང་། ཐ་ན་ལེ་ཚན་ཁ་ཤས་ཀྱི་ལས་ཀ་ཚང་མ་མགོ་མཇུག་བར་གསུམ་དུ་རང་ཉིད་གཅིག་པུས་སྒྲུབ་པ་ཡིན། དོན་དངོས་སུ་ལས་གནས་གང་ཡིན་ཡང་དེར་ཐུན་མོང་མ་ཡིན་པའི་དཀའ་ངལ་དང་རིན་ཐང་ཡོད་པ་རེད།
2013ལོ་ནས་མདོ་འཛིན་པའི་ལས་ལ་ཞུགས་པ་ནས་བཟུང་། ངས《ཁམས་པའི་བརྙན་འཕྲིན་ཁང་གི་གསར་འགྱུར》དང་《ཁྲིམས་སྐྱོང་མེ་ལོང་》《གངས་རི་རྩྭ་ཐང་》སོགས་ཀྱི་ལེ་ཚན་མདོ་འཛིན་བྱས་པར་མ་ཟད། 《ཀྲུང་གོའི་བོད་གླུའི་པང་གི་གླུ་ཚོགས》《ཤམ་བྷ་ལའི་དཔེ་ཀློག》《རྒྱལ་ཡོངས་བོད་ཀྱི་ཡིག་གཟིགས་ཉིན་མོ》《སྤྱི་ལོ་གསར་པ་བསུ་བའི་གླུ་ཚོགས》《ང་ཚོས་མཉམ་དུ་ལོ་སར་བསུ》《ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཚེས་ལོ་སར་སྤྲོ་ཚོགས》སོགས་ཁམས་པའི་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་སྤྲོ་ཚོགས་དང་ཐད་གཏོང་བྱ་འགུལ་གྱི་མདོ་འཛིན་པའི་འགན་ཁུར་བ་ཡིན། དུས་མཉམ་དུ་བོད་འབྲེལ་ས་ཁུལ་སོ་སོའི་གདན་ཞུ་ལྟར་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་ས་ཁུལ། མཚོ་སྔོན་ཨ་མདོ་བརྙན་འཕྲིན་ཁང་།
མགོ་ལོག་ཁུལ་བཅས་ཀྱི་བོད་ཚེས་ལོ་སར་སྤྲོ་ཚོགས་དང་། ཀོང་པོ་རྒྱ་མདའ་རྫོང་གི་ཁམ་བུའི་མེ་ཏོག་དུས་ཆེན། དཀར་མཛེས་ཁུལ་ཉག་རོང་བཅུ་གསུམ་དུས་ཆེན་དང་རྟའུ་རྫོང་གི་ལྔ་པའི་དུས་ཆེན་སོགས་བྱ་འགུལ་མང་པོའི་མདོ་འཛིན་པའི་འགན་ཁུར་མྱོང་།དེ་ནས་བག་ཆགས་ཆེས་ཟབ་པའི་བྱ་བ་གང་རེད་ཞེ་ན། རང་གིས་ཐེངས་རེ་རེའི་མདོ་འཛིན་དང་བཅར་འདྲི་བྱས་བ་ཚང་མ་ང་ལ་མཚོན་ན་བརྗེད་དཀའ་བ་རེད། དེའི་ཁྲོད་ན་བཅར་འདྲི་བྱེད་པའི་ཆེད་དུ་ཕར་ཚུར་དུས་ཚོད་བརྒྱད་ཀྱི་རིང་ལ་རྐང་ཐང་དུ་སོང་ནས་ལྷམ་གོག་པའི་གནས་ཚུལ་དང་། གཞན་ལ་གནས་ཚང་གཡར་ནས་ཕྱི་ཉིན་མུ་མཐུད་དུ་བཅར་འདྲི་བྱེད་དུ་ཕྱིན་པའི་དཀའ་སྡུག །བརྙན་པར་རྩ་ཆེན་གཅིག་ལེན་པའི་ཆེད་དུ་གྲང་ལྷགས་ཁྲོད་དུས་ཚོད་འགའ་རེ་སྒུག་པ། དེ་མིན་བཅར་འདྲི་བྱེད་མཁན་དང་མཉམ་དུ་ལྷོད་ལྷོད་ངང་ཁ་བརྡ་བྱས་པ་སོགས་བརྗེད་དཀའ་བའི་བྱ་བ་མང་པོ་ཡོད། མྱོང་བ་འདི་དག་གིས་ངའི་བློ་རྩ་སྦྱོང་བརྡར་བྱས་པར་མ་ཟད། ང་ལ་ལས་རིགས་རེ་རེའི་རྒྱབ་ཀྱི་དཀའ་སྡུག་དང་གཟི་བརྗིད་ལ་གོ་བ་ཟབ་མོ་ལེན་དུ་བཅུག
གསར་འགོད་པ། ཁྱེད་ཀྱིས་མདོ་འཛིན་བྱས་པའི་ལེ་ཚན་གང་མང་མང་ཡོད་པ་རེད། དེའི་ཁྲོད་ནས་ཁྱེད་རང་ཆེས་བློར་འབབ་པའི་ལེ་ཚན་གང་རེད། དེའི་སྐོར་ནས་ཁྱེད་ཀྱི་དགོངས་ཚུལ་ཉུང་བསྡུས་ཤིག་གསུང་རོགས།
ཤེས་རབ་རྣམ་རྒྱལ། རང་གིས་མདོ་འཛིན་བྱས་པའི་ལེ་ཚན་ཁྲོད་ང་ལ་ཐོབ་བྱ་ཆེས་མང་བ《གངས་རི་རྩྭ་ཐང་》ཞེས་པའི་ལེ་ཚན་འདི་རེད། ངས་གསར་འགྱུར་བསྒྲགས་པའི་ལོ་གསུམ་པར། རང་ཉིད་གསར་འགྱུར་བསྒྲགས་མཁན་ཞིག་ཡིན་པའི་ཆ་ནས། གཞི་རིམ་དུ་སོང་ན་ད་གཟོད་དོན་དངོས་དང་། འཚོ་བ། མང་ཚོགས་དང་ཆེས་ཐག་ཉེ་བའི་གསར་འགྱུར་ལེགས་ཤོས་འཚོལ་བསྡུ་བྱེད་ཐུབ་པའི་ཚོར་བ་ཟབ་མོ་ཞིག་སྐྱེས། དེ་ནས་2016ལོའི་ཟླ་6པ་ནས་བཟུང་། ངས《གངས་རི་རྩྭ་ཐང་》ལེ་ཚན་གྱི་ཕྱི་ལྗོངས་མདོ་འཛིན་དང་སྒྲིག་ཁྲིད་ཀྱི་ཞོར་འཛིན་ལས་འགན་འཁུར་ནས་བོད་གངས་ཅན་ལྗོངས་ཀྱི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་འདྲིས་སོགས་ཟིན་འགོད་བྱས། སྐབས་དེར་མཐོ་སྒང་གི་རུ་སྡེ་བརྒྱ་ལ་ཉེ་བར་ཕྱིན་ནས་རྒྱུན་འཛིན་པ་གཉིས་བརྒྱ་ལྷག་ལ་བཅར་འདྲི་བྱས་ནས་བསྒྲགས་ཡུན་ཆུ་ཚོད་གཅིག་ཅན་གྱི་ལེ་ཚན་བརྒྱ་ཕྲག་འགའ་ཕབ་སྐྲུན་བྱས་ཡོད། ལེ་ཚན་འདིའི་ཐེངས་རེ་རེའི་བཅར་འདྲི་དང་ཕབ་སྐྲུན་དེ་ང་ལ་མཚོན་ན་རིན་ཐང་བྲལ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་ཡིན། དེས་རང་ཉིད་ཀྱི་ཆེད་ལས་སྦྱངས་འབྲས་མཐོར་འདེགས་གཏོང་བར་མ་ཟད། བོད་ཀྱི་རིག་གནས་ལ་སྔར་ལས་ལྷག་པའི་ཤེས་རྟོགས་ཟབ་མོ་ཐོབ། རིན་ཐང་བྲལ་བའི་མྱོང་བ་འདི་ལས་ངས་མདོ་འཛིན་པ་ནི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་མཁན་རྐྱང་རྐྱང་ཞིག་མ་ཡིན་པར་རིག་གནས་བར་གྱི་འབྲེལ་ཟམ་གྱི་ནུས་པ་ཡང་ཐོན་དགོས་པ་ཚོར། མ་འོངས་མདོ་འཛིན་པའི་ལས་དོན་ཁྲོད་ནས་ཡང་ངས་བསམ་བློ་འདི་མུ་མཐུད་དུ་རྒྱུན་བསྐྱངས་ནས་མཐོ་སྒང་གི་གཏམ་རྒྱུད་བཤད་དེ་ཀྲུང་གོའི་སྐད་སྙན་ཁྱབ་བསྒྲགས་བྱེད་ངེས་ཡིན།
གསར་འགོད་པ། ཁྱེད་ཉིད་མ་འོངས་པ་ལ་རེ་བ་དང་དམིགས་འབེན་གང་འདྲ་ཞིག་ཡོད་པ་གསུང་རོགས།
ཤེས་རབ་རྣམ་རྒྱལ། མ་འོངས་པར། རང་ཉིད་མི་རིགས་སྨྱན་སྦྱོར་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མིའི་བཟོས་རིག་སྟོབས་ལ་སོགས་པའི་གསར་དར་ལག་རྩལ་སློབ་སྦྱོང་དང་། ཆེད་ལས་ཀྱི་རྩལ་ནུས་མཐོར་འདེགས་གཏོང་བ། དུས་རབས་ཀྱི་འཕོ་འགྱུར་དང་འཚམ་པར་བྱས་ནས་མུ་མཐུད་དུ་གཞི་རིམ་དུ་སོང་ནས་མི་སེམས་འགུལ་བའི་གཏམ་རྒྱུད་གང་མང་འཚོལ་བསྡུ་བྱས་ཏེ། ཚན་རྩལ་ཁྱབ་སྤེལ་བྱེད་པ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན། དུས་མཚུངས་སུ་རྒྱ་ཆེའི་ལྟད་མོ་བར་ཡིད་ཀྱི་དང་བ་འདྲེན་པའི་མཐོ་སྒང་གི་རྣམ་པ་སྣ་མང་སྨྱན་སྦྱོར་སྟེགས་བུར་བཤམས་ནས། མི་རིགས་སོ་སོའི་བར་གྱི་རིག་གནས་སྤེལ་རེས་དང་རྒྱུས་ལོན་ལ་སྐུལ་འདེད་དང་། ཀྲུང་ཧྭའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ལ་རྒྱུས་ལོན་བྱེད་དུ་འཇུག་པའི་རེ་བ་ཡོད། །