སྟོད་ཆ།
འུར་ཟིང་དང་འདུ་འཛི་རྒོད་པའི་གྲོང་ཁྱེར་འདིའི་གྲུ་ཟུར་ཞིག་ན། བོད་མོ་ཞིག་གི་རེ་བ་དང་ཡིད་ཆེས་བསྐྲུན་པའི་བོད་ལྭ་ཆེད་ཚོང་ཁང་ཆུང་ཆུང་ཞིག་སྦས་པའི་ཚུལ་དུ་གནས་ཡོད། སྦས་པའི་ཚུལ་དུ་ཞེས་པའང་གཙོ་བོ་སྐུ་མགྲོན་མང་པོ་ཡོང་མཁན་མེད་པས་ཟེར་བ་ཡིན། དེ་ནི་བོད་མོ་ཚེ་རིང་གཡང་སྐྱིད་ཀྱི་མི་ཚེའི་ལས་གཏོད་ཐོག་མའམ་འཚོ་ཚིས་གཉེར་བའི་གོམ་ཁ་དང་པོ་ཡིན།
ཚེ་རིང་གཡང་སྐྱིད། མཐོ་སྒང་གི་ཨུཏྤལ་མེ་ཏོག་འདྲ་བའི་སྒེག་ཉམས་དང་། ཟླ་འོད་ཀྱི་བསིལ་ཟེར་འདྲ་བའི་གཤིས་འཇམ་གྱི་བདག་མོ། མོ་ནི་ནང་ན་ཟླ་དང་བཟང་ཁ་ལྟ་ངོ་ཤེས་ཚོའི་ཁྲོད་ན་ཡག་མོ་སྒོ་དང་ལག་ལས་ཀ་གང་ཐད་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་མོད། མོས་ཕ་ཡུལ་དང་ཕ་མ་རྒྱབ་ཏུ་བསྐྱུར་ནས་གྲོང་ཁྱེར་དུ་གོམ་པ་སྤོས།
ཁོ་མོ་ཐོག་དང་པོར་གྲོང་ཁྱེར་འདིར་སླེབས་དུས། ཡུན་རིང་སེམས་ལ་བརྣགས་པའི་ཕུགས་འདུན་གང་ཞིག་མངོན་འགྱུར་ཡོང་སླད་ཡིད་ཆེས་དང་བཅས་ཏེ་ཚོང་ཁང་ཆུང་ཆུང་འདི་གཉེར་ཞིང་། དུས་དེ་ནས་བཟུང་རང་ཉིད་ཀྱི་རྨི་ལམ་མམ་ཕུགས་འདུན་ལམ་ལྷུང་ཡོང་བར་རེ་ལྟོས་ཀྱིས་ཁེངས་ཡོད། མོས་ཞིབ་ཚགས་དང་ངང་རྒྱུད་རིང་པོས་ཚོང་ཁང་འདིའི་ཕྱི་ནང་གསང་གསུམ་ལ་བདག་དམ་ལེགས་པོ་བྱས་ཏེ། རང་ཉིད་ཀྱི་ཚོང་ལས་ཡར་རྒྱས་དང་འཛད་སྤྱོད་པའི་དགོས་མཁོ་སྐོང་བར་རང་ནུས་ཅི་ལྕོགས་ཀྱིས་འབད་ནའང་། དངོས་ཡོད་ཀྱི་སྣང་ཚུལ་གྱིས་རྨི་ལམ་དང་ཕུགས་འདུན་ལ་བརྡབ་གསིག་ཡང་ཡང་བཏང་བས། མོའི་རེ་བའི་མེ་ལྕེ་གང་ཉིད་ཉིན་རེ་ནས་ཉིན་རེ་བཞིན་ཉག་ཇེ་ཕྲ་ནས་ཇེ་ཕྲར་གྱུར།
ཉི་མ་ནི་ཉིན་རེ་བཞིན་རང་འཁྲིའི་ལས་དོན་རྫོགས་པ་ལྟར་བཞུད་འགྲོ་ཡང་། ཚེ་རིང་གཡང་སྐྱིད་ནི་ཉིན་རེ་བཞིན་ཚོང་ལམ་མ་བརྒྱུགས་པའི་སེམས་ཁྲལ་གྱིས་མནར་ཡོང་། ལྷག་པར་དུ་ཉེ་འགྲམ་གྱི་ཚོང་ཁང་དག་ན་ཚོང་བདག་རྣམས་བྲེལ་འཚུབ་ཀྱིས་ཁེངས་ནས་ཡོད་དུས། མོ་ནི་སེམས་འཚུབ་ཀྱང་ལུས་བྲེལ་ས་མེད་པར་འདུག་དགོས་པས་ཤིན་ཏུ་གནས་བཟོད་མི་བདེ་བར་གྱུར།
དེ་བས། མོས་ཡང་བསྐྱར་ཡིད་ཆེས་དང་རེ་ལྟོས་ཆེན་པོས་ཕ་མ་གཉིས་ཀྱི་རོགས་ཏན་ལ་བརྟེན་ནས་ཚོང་ཁང་གི་གཞི་རྒྱ་ཇེ་ཆེར་བཏང་ཞིང་ཚོང་ཟོག་གི་རྣམ་གྲངས་ཇེ་མང་ལ་བཏང་ནས་སླར་ཡང་ཚོང་སྒོ་ཕྱེས། ཡིན་ན་ཡང་། དོན་དངོས་ཀྱིས་ཁོ་མོར་ཐེག་པར་དཀའ་བའི་ཀུ་རེ་ཡང་ཡང་བརྩེས་པས། ཚེ་རིང་གཡང་སྐྱིད་རིམ་གྱིས་རང་ཉིད་ལ་ཡིད་ཆད་ཅིང་འཚོ་བ་ལ་གཏད་སོ་མེད་པར་གྱུར་བ་དང་། ཐ་ན་རྨི་ལམ་དང་ཕུགས་འདུན་ཡང་རྒྱང་ནས་རྒྱང་དུ་དོར་དགོས་བྱུང་། རིམ་བཞིན་འཚོ་བ་དང་ཚོང་ལས་ཀྱི་གནོན་ཤུགས་མ་བཟོད་ཅིང་ནང་སེམས་ཀྱི་སྡུག་བསྔལ་མ་ཐེག་པར་ཉིན་མཚན་གོ་ལྡོག་ཏུ་ཉལ་བ་དང་ཆང་རག་བཏུང་བ་སོགས་ངན་ལམ་དུ་ཆས་འགོ་བརྩམས་ཤིང་། མུ་མཐུད་དུ་གྲོང་ཁྱེར་འདིའི་ནང་གི་ཁ་ལྟ་ངོ་ཤེས་ཚོ་དང་མཉམ་དུ་ཆང་ཁང་དང་གླུ་ལེན་ཁང་སོགས་སུ་འགྲིམ་ནས་རིམ་གྱིས་གོམས་གཤིས་ངན་པ་ཐམས་ཅད་ལོབས་ཏེ། བར་སྐབས་ཤིག་ནས་མོ་ནི་གནའ་དང་མའི་ཚེ་རིང་གཡང་སྐྱིད་རེད་ཟེར་ན་བདེན་པར་འཛིན་དཀའ་བ་ཞིག་ཏུ་གྱུར་སོང་།
འོན་ཀྱང་། གླུ་ཁང་དང་ཆང་ཁང་གང་དུ་ཕྱིན་ཡང་ཁོ་མོའི་སྐྱེ་གཟུགས་དང་སྐད་ངག་གིས་མི་ཚོགས་ཀྱི་སེམས་པ་འཕྲོག་པར་བྱེད་ཅིང་། སྙན་འཇེབས་ལྡན་པའི་གླུ་སྐད་རེ་རེས་ཁོར་ཡུག་དེའི་མི་རྣམས་བཟི་རུ་འཇུག་མྱོང་། སྐབས་དེ་འདྲ་ཞིག་ནས་བཟུང་སྟེ། ཉེ་འཁོར་གྱི་མི་རྣམས་ཀྱིས་མོ་ལ་ཁ་བའི་མེ་ཏོག་ཅེས་པའི་མིང་སྙན་མོ་ཞིག་ཀྱང་བཏགས། དུས་དེ་ནས་བཟུང་མོ་རང་བོད་ལྭ་འཚོང་མཁན་ཞིག་ནས་གཞས་གཏོང་མཁན་ཞིག་ཏུ་གྱུར། དྲང་མོར་བཤད་ན། ལས་ཀ་དེས་ཁོ་མོའི་མིང་གྲགས་དང་ཡོང་སྒོ་སོགས་ལ་སྔར་དང་མི་འདྲ་བའི་གཟི་མདངས་མང་དུ་བྱུགས་ཀྱང་། དང་ཐོག་མོས་གར་སྟེགས་ནས་གླུ་ལེན་པ་དང་སྐུ་མགྲོན་ཚོ་དང་མཉམ་དུ་ཆང་འཐུང་བ་ཙམ་ལས། ཕ་མས་གནང་བའི་རང་ལུས་གཙང་མ་དེ་ལ་བདག་སྲུང་ལེགས་པོ་བྱེད་དགོས་བསམས་ནས་རང་གིས་རང་ལ་དམ་བཅས་ཤིང་སྙིང་ཕུར་བརྡབས།
འོན་ཀྱང་། འཚོ་བའི་གནོན་ཤུགས་དང་སྒོར་མོའི་བསླུ་བྲིད་གཉིས་གདོང་ཐུག་བརྒྱབ་པ་ན། ཚེ་རིང་གཡང་སྐྱིད་ཀྱིས་རིམ་བཞིན་ཕྱི་མ་བདམས་པ་དང་། དེའི་སླད་དུ་ལུས་སེམས་གཉིས་ཀྱི་དམ་ཚིག་དང་འགལ་བའི་བྱ་བ་མང་པོ་ཞིག་རྩོམ་དགོས་ཐུག་པ་དང་། ཁྱད་པར་དུ་དྲིན་ཆེན་ཕ་མས་གནང་བའི་རང་ལུས་གཙང་མ་དེའང་དུས་དེ་ནས་བཟུང་བདག་མེད་དུ་ཤོར།
གནས་སྐབས་ཀྱི་དཀའ་ངལ་སེལ་བའི་སླད་དུ་དངུལ་སྒོར་གྱི་བསླུ་བྲིད་ལྡོག་མ་ཐུབ་པ་དང་། དངུལ་སྒོར་གྱི་ཡོང་འབབ་མང་བའི་སླད་དུ་རང་ལུས་ཕུལ་དགོས་བྱུང་བའི་དགོད་བྲོ་ལ་ངུ་སྙིང་བྲོད་པའི་སྣང་ཚུལ་འདིས། ཚེ་རིང་གཡང་སྐྱིད་འདྲ་བའི་བོད་མོ་མང་པོ་ཞིག་མངོན་ལྐོག་གཉིས་ན་དཀའ་ལས་ལ་འཕྲད་ཡོད་པ་མ་རེད་དམ། དཀའ་ངལ་དང་བསླུ་བྲིད། ཡོང་འབབ་དང་རིན་དོད་སོགས་ཀྱི་མདུན་དུ་མི་ནི་ཧ་ཅང་བྱ་དཀའ་བྱེད་གཏད་དུ་འགྱུར་འགྲོ་བ་རེད་ཨང་།
ཚེ་རིང་གཡང་སྐྱིད་ཀྱང་ལས་དབང་དེ་འདྲ་ཞིག་གི་མངའ་འོག་ཏུ་ཚུད་སོང་སྟེ། དུས་དེ་ནས་བཟུང་། མོའི་གོམས་གཤིས་དང་གླུ་སྐད་ཀྱི་ཁྲོད་ནས་མཐོ་སྒང་གི་གཡའ་དག་པའི་མཁའ་དབྱིངས་དང་། དྲི་ཞིམ་འཐུལ་བའི་རྩྭ་ཐང་སོགས་རིམ་གྱིས་ཡལ་ཞིང་། གྲོང་ཁྱེར་གྱི་གྲུ་ཟུར་འདི་ནས་ཐ་ན་རང་ཉིད་སུ་ཡིན་པའམ་གང་ནས་ཡོང་བ་མི་ཤེས་པ་ཞིག་ཏུ་གྱུར་སོང་།
དེ་ལྟ་ནའང་། ཚེ་རིང་གཡང་སྐྱིད་ཀྱི་མདུན་བསུས་པའི་མ་འོངས་པ་ནི་དེ་ལས་ཀྱང་ཡ་ང་བའམ་བློ་ཡུལ་ལ་ཤོང་དཀའ་བ་ཞིག་སྟེ། སྐབས་ཤིག་ནས་བཟུང་བོད་མོ་ཚེ་རིང་གཡང་སྐྱིད་དམ་ཁ་བའི་མེ་ཏོག་ལ་ལས་དབང་གིས་སྔར་ལས་ཀྱང་ཀུ་རེ་ཆེན་པོ་ཞིག་བརྩེས། མོ་རང་བོད་ལྭ་ཆེད་འཚོང་པ་ནས་གཞས་མ་དང་།
གཞས་གཏོང་མཁན་ནས་གཞས་གཏོང་མཁན་ཡིན་ལ་མིན་པ་ཞིག་ཏུ་གྱུར་བ་དང་། དེ་ནས་ཡང་མི་འདོད་བཞིན་ཏུ་ཐོབ་ཐང་གསར་པ་ཞིག་རྙེད་པ་ནི་ཨེ་ཛི་ནད་དུག་ཅན་ཞེས་པ་དེའོ། །
ཚེ་རིང་གཡང་སྐྱིད་ཀྱིས་རང་ཉིད་ལ་ཨེ་ཛི་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བ་ནས་བཟུང་། རང་ཉིད་ཀྱི་མི་ཚེ་དང་འཚོ་བ་ཡོད་ཚད་ལ་ཡིད་ཆད་བྱུང་སྟེ་དེ་མ་ཉིད་དུ་ཤི་སོང་ན་ཅི་མ་རུང་སྙམ་པའི་བསམ་བློ་སྐྱེས་པ་དང་། སུས་ཀྱང་སྣང་འཇོག་ཆུང་བའི་གྲོང་ཁྱེར་གྱི་གྲུ་ཟུར་འདི་ནས་ཐེངས་གང་མང་ལ་རང་སྲོག་གཅོད་པར་འདོད་ཀྱང་། རྒྱང་རིང་གི་ཕ་མ་དང་སྤུན་མཆེད། ཕ་ཡུལ་གྱི་རི་ཆུ་ནགས་ལུང་སོགས་དྲན་པའི་ངོས་སུ་ཤར་ཐེངས་རེར། མི་ཡུལ་དང་གྱེས་པར་བློས་མི་ཐོང་ཞིང་སྙིང་སྟོབས་མེད་པར་གྱུར་འགྲོ།
ཡིན་ནའང་། ཚེ་རིང་གཡང་སྐྱིད་ཀྱི་ལུས་སྟོབས་དང་ལུས་ཟུངས་བཅས་རིམ་གྱིས་ཉམས་ནས་ཡུན་རིང་མ་འགོར་བར་འཇིག་རྟེན་དཀར་ངོགས་ནས་བྲལ་སོང་ངོ་། །
བར་ཆ།
བོད་མོ་ཚེ་རིང་གཡང་སྐྱིད་ཀྱི་མི་ཚེའི་འདུ་བྱེད་ལ་རྫོགས་ཚིག་བཀོད་ནས་དུས་ཚོད་ཡུན་རིང་འགོར་ཡང་། ངས་ནམ་རྒྱུན་ཁོ་མོའི་མཛེས་སྡུག་གི་གཟུགས་བྱད་དང་དཔྱིད་ཀྱི་ཕོ་ཉ་འདྲ་བའི་སྐད་ངག་དེ་ད་དུང་འཇིག་རྟེན་འདིར་ཨུཏྤལ་སྔོན་པོ་ལྟར་གནས་ཡོད་ན་ཅི་མ་རུང་ཨང་སྙམ་ཡོད།
ཚེ་རིང་གཡང་སྐྱིད་དང་ངེད་གཉིས་བར་ན་གཏམ་རྒྱུད་སྙིང་རྗེ་མོ་ཞིག་བརྗོད་དུ་མེད་མོད། ངེད་གཉིས་སྟེས་དབང་གིས་ངོ་ཤེས་ཤིང་ལས་དབང་གིས་གྲོགས་པོར་གྱུར་བ་ནས་བཟུང་། མོ་རང་ངའི་དྲན་ཤེས་ཀྱི་སྤང་ལྗོངས་སུ་ནམ་ཡང་མེ་ཏོག་བཞིན་མཛེས་སྡུག་གིས་བཞད་ཡོད་ཅིང་། ཁོ་མོའི་འདས་མ་ད་གསུམ་གྱི་སྐྱིད་སྡུག་འཚོ་བ་ལ་སེམས་ཁྲལ་བྱེད་དགོས་བྱུང་།
ལོ་ཞིག་ལ། གློ་བུར་གྱི་གོ་སྐབས་ཤིག་གིས་ང་རང་ཚེ་རིང་གཡང་སྐྱིད་ཀྱི་ཕ་ཡུལ་ལ་ཕྱིན་ནས་དུས་ཡུན་རིང་ཙམ་ལ་འདུག་རྒྱུའི་གོ་སྐབས་ཤིག་བྱུང་། ཏག་ཏག་སྐབས་ཐོག་དེ་ལ་མཛེས་སྡུག་བབ་ཆགས་ཀྱི་བོད་མོ་ཚེ་རིང་གཡང་སྐྱིད་དང་ཐོག་མར་ངོ་འཕྲད་བྱུང་ཞིང་། ཁོ་མོའི་ཨུཏྤལ་མེ་ཏོག་གི་མཛེས་སྡུག་ལ་འགྲན་པའི་བྱད་བཞིན་དང་། བལ་དཀར་ཁ་ཆུ་ལྟ་བུའི་གཤིས་འཇམ་སྤྱོད་བཟང་གིས་ཁོ་བོའི་ཡིད་སེམས་རབ་ཏུ་བསྒུལ་ཡང་།
ཁོ་མོ་ནི་ཡིད་ཀྱི་རྟེན་ཕུར་དང་མ་འོངས་པའི་བདག་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། ཕན་ཚུན་ལ་བཅངས་བའི་བརྩེ་བའང་མི་འགྱུར་གཡུང་དྲུང་གི་རི་མོ་བཞིན་དུ་ཡིད་སྨོན་འཆོར་ཡུལ་དུ་གནས།
སྐབས་དེར། ཁོ་མོ་ནི་ད་དུང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་མཐའ་ཀླས་པའི་རྩྭ་ཐང་ན་འབྲོག་མོ་རྣལ་མ་ཞིག་གི་འཚོ་བ་རོལ་བཞིན། མཐོ་སྒང་གི་ནམ་མཁའ་དང་མཁའ་དབུགས། རྩྭ་ཐང་། ཆུ་བོ་སོགས་ཀྱིས་གསོས་ནས་ཧ་ཅང་དྭངས་གཙང་དང་རྣམ་དག །ཟོལ་མེད། མཛེས་སྡུག་གིས་འཚོ་བཞིན་ཡོད་ཅིང་། ཁྱད་པར་དུ་ཡིད་སེམས་ཀྱི་འོ་ཆུ་མཉམ་དུ་འདྲེས་པའི་འབྲོག་ཐང་གི་གསར་བུ་དེ་དང་བརྩེ་དུང་གི་སྦྲང་རྩི་མངར་མོར་རོལ་བཞིན་མ་འོངས་པའི་གཞིས་ཁྱིམ་གཅིག་ལ་རྡོག་པ་མཉམ་དུ་གཏད་པ་ནི་ང་ཙམ་མ་ཡིན་པར་སྐྱེ་འགྲོ་སུ་ཡིན་ཡང་ཡིད་སྨོན་མི་འཆོར་རང་འཆོར་གྱི་གནས་སུ་འཁུམས།
ཡིན་ཏེ། ང་ནི་ཁོ་གཉིས་ཀྱི་བརྩེ་དུང་ལ་ཡིད་སྨོན་འཆོར་བ་ཙམ་ལས། འབྲོག་ཐང་གི་ཕོ་གསར་དེ་བཞིན་ཚེ་རིང་གཡང་སྐྱིད་ཀྱི་བརྩེ་བའི་མངར་ཁ་མྱོང་བའི་གོ་སྐབས་དབེན་ཡང་། ཡུན་རིང་གོམས་ཤིང་འདྲིས་པར་གྱུར་བ་ནས་ཁོང་གཉིས་དང་གྲོགས་པོ་བཟང་པོར་ཆགས་པས། རིམ་གྱིས་ཁོང་གཉིས་བར་གྱི་བརྩེ་དུང་དེ་རྡོ་བརྐོས་རི་མོ་བཞིན་ནམ་ཡང་མི་འགྱུར་རྟག་བརྟན་ཡོང་བའི་སྨོན་ལམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་བྱུང་བ་དང་། ཁྱད་པར་དུ་ཚེ་རིང་གཡང་སྐྱིད་ཀྱི་འཛུམ་མདངས་དང་གཤིས་རྒྱུད། ཡ་རབས་སྤྱོད་བཟང་སོགས་ཀྱིས་ང་ལ་ནམ་ཡང་འདི་ནི་བོད་མོ་རྣལ་མ་ཞིག་ལ་འཛོམས་དགོས་པའི་ཁྱད་ཆོས་ལོས་ཡིན་སྙམ་པའི་སེམས་ཚོར་བྱུང་ཞིང་། ནམ་ཞིག་ནས་གུས་སེམས་ཤིག་ཀྱང་རང་ཤུགས་ཀྱིས་རྒྱུད་ལ་སྐྱེས།
འོན་ཀྱང་། འཚོ་བ་ནི་འགྱུར་ལྡོག་གི་རང་བཞིན་ཞིག་ཡིན་པ་ཇི་བཞིན། མི་སེམས་ཀྱང་སྟོན་ཁའི་གནམ་ངོ་བཞིན་འགྱུར་སླ་བ་ཞིག་ཡིན་རྐྱེན། སྐབས་ཤིག་ནས་བཟུང་། ཚེ་རིང་གཡང་སྐྱིད་ཀྱི་ཡིད་སེམས་གདོན་གྱིས་བརླམས་པ་ལྟར་ཕ་ཡུལ་དང་བྲལ་ནས་གྲོང་ཁྱེར་དུ་འགྲོ་དགོས་པར་བཤད་ཅིང་། ཕ་མ་དང་གཉེན་ཉེ་སོགས་གློ་ཉེ་བ་གཅིག་གི་ཁར་མ་ཉན་པར་རང་ཉིད་ཀྱི་ཕུགས་འདུན་ཆེད་དུ་ཕ་ཡུལ་དང་ཕ་མ། མཛའ་གྲོགས་སོགས་དང་ཁ་བྲལ་ནས་འཕེལ་རྒྱས་རྒོད་པའི་གྲོང་ཁྱེར་དུ་ཕྱིན་སོང་།
རེད། ཁོ་མོས་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་གྲོང་ཁྱེར་དུ་ཕྱིན་པའི་སྐབས་ཤིག་ལ། ང་ཡང་ཁོ་མོའི་ཕ་ཡུལ་ནས་ལོག་སྟེ་གྲོང་ཁྱེར་འདིར་ཡོང་དགོས་བྱུང་། དེ་ནི་ཁོ་མོའི་རྗེས་དེད་པ་མིན་མོད། ལས་དབང་ཞེས་པ་དེས་དེ་ལྟར་འཚོ་བའི་ཁ་ཕྱོགས་ལ་བཀོད་སྒྲིག་གནང་ཡོང་ན་ང་ལའང་ཐབས་བཀོད་ཅི་ཡོད་དེ་གང་ཡང་མི་འདུག
སྨད་ཆ།
ཚེ་རིང་གཡང་སྐྱིད་ངེད་གཉིས་གྲོང་ཁྱེར་གཅིག་ཡོད་ནའང་། རང་རང་སོ་སོའི་འཚོ་ཚིས་དང་ལས་ཀའི་དབང་གིས་ཕན་ཚུན་ངོ་ཐུག་རྒྱུ་ཤིན་ཏུ་ཉུང་བ་དང་བསྟུན་ནས། རིམ་གྱིས་ཆ་ཡོད་ནས་ཆ་མེད་དང་། ཆ་མེད་ནས་འབྲེལ་མེད་ལྟ་བུ་ཞིག་ཏུ་གྱུར་སོང་མོད། ཁོ་མོ་སྨན་ཁང་དུ་ལྷུང་ཡོད་པ་གོ་དུས་ངས་ཀྱང་སེམས་ནས་མ་བཟོད་པར་ནད་འདྲི་ཐེངས་གཅིག་ལ་ཕྱིན་པ་ཡིན།
འོན་ཀྱང་། དེ་ནི་ངེད་གཉིས་ཀྱི་མཐའ་མཇུག་གི་ཐུག་འཕྲད་ཡིན་པ་སུས་ཤེས་ཨང་། ངས་ཡང་བསྐྱར་མོ་རང་མཐོང་སྐབས། ངོ་གདོང་དང་གཟུགས་ཕུང་སོགས་ནི་ན་ཟུག་གིས་ཡུན་རིང་མནར་གཅོད་བཏང་བས། སྔོན་གྱི་མཛེས་སྡུག་གི་ཤུལ་ཙམ་ཡང་ལྷག་མི་འདུག་མོད། མིག་གཉིས་ལས་མངོན་པའི་རེ་བའི་འོད་མདངས་གཉོམ་པོ་དེས་ང་ལ་བརྗོད་མི་ཤེས་པའི་སེམས་ཚོར་ཞིག་བྱུང་།
ཉིན་དེར། ངས་ཚེ་རིང་གཡང་སྐྱིད་དང་མཉམ་དུ་མོའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་དུས་ཚོད་ཅིག་སྐྱེལ་རོགས་བྱས། ཁོ་མས་ནད་ཁང་འཁྱག་པ་དེ་ནས་ང་ལ་འདས་ཟིན་པའི་ལོ་ཟླ་དང་། ཕ་ཡུལ་གྱི་མཛེས་སྡུག །རང་ཉིད་ཀྱི་ནོར་འཁྲུལ་སོགས་འགྱོད་གདུང་གི་མིག་ཆུ་དང་བཅས་ཏེ་གླེང་བྱུང་བས། ང་ཡང་རང་དབང་མེད་པར་ཤུམ་ཤུམ་དུ་ངུ་དགོས་བྱུང་། །