གཙང་གསུམ་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ། །
སུམ་རྩེན་སྐྱེངས་པ་སྟེར་བའི་ཕ་ཡུལ་ནས། །
མྱུར་མགྱོགས་མཁའ་གྲུ་དཀར་པོའི་གཤོག་རྩལ་གྱིས། །
ལྷོ་ཕྱོགས་སྤྲིན་གྱི་རྒྱ་མཚོའི་བང་རིམ་བརྟོལ། །
མཐོ་བརྗིད་གངས་དཀར་ལྷུན་པོའི་དབུ་རྩེ་བརྒལ། །
གནའ་བོའི་ཇ་རྟའི་ཚོང་ལམ་འཕྲེད་ཀྱིས་བཅད། །
རི་ཆུ་གྲངས་མེད་མང་པོའི་ཕ་རོལ་ན། །
དུས་ཚོད་སྐར་མ་འགའ་ལ་མྱུར་བར་ཕྱིན། །
རི་རབ་རི་ཕྲན་གླིང་བཞིའི་བཀོད་པ་བཞིན། །
གྲོང་དང་གྲོང་ཁྱེར་ཐེ་ལན་འཕོས་པ་འདྲ། །
མི་ཚོགས་འདུ་འགོད་གྲོག་མའི་ཚང་བརྡོལ་ལྟར། །
ཨེ་མ་ཞི་ཧྲོང་པན་ནཱ་བློ་ལས་འགོངས། །
གནམ་སའི་བར་གྱི་འཁོར་བའི་མགྲོན་པོ་དག །
འཇིག་རྟེན་གཞན་དུ་སླེབས་འདྲའི་ཉམས་སྣང་འབར། །
བདག་ནི་རྒྱལ་མཚམས་བརྒལ་བའི་སྒྲུང་པ་བཞིན། །
མཐོང་ཐོས་སྣ་ཚོགས་དྲན་པའི་ངོས་ལ་ཕབ། །
སྔོན་ཆད་རྟོག་ཡུལ་ཙམ་ལ་མ་འཁོར་བའི། །
ངོ་མཚར་ལྟད་མོ་བྱེ་བ་ཕྲག་བརྒྱ་དག།།
གློ་རྡེག་ཆུ་བུར་མིག་ལ་སྣང་བ་ན། །
བདག་ནི་རྡོ་སྐུ་བཞིན་དུ་དལ་གཅིག་ལུས། །
འདོད་ཡོན་ཕུན་སུམ་ཚོགས་པའི་ཡུལ་ཕྲན་འདིར། །
ཉིན་ཞག་འགའ་ལ་འཁྱམ་སྐྱོད་བྱས་བྱས་མཐར། །
སྒྲ་དང་གཟུགས་ཀྱི་མཐོང་ཐོས་མ་ལུས་པ། །
ད་དུང་སྤོས་ལྡན་གྲོང་ནས་གསལ་ལེར་ཤར། །
ཕ་ཡུལ་སླེབས་ཏེ་ལས་ཀྱིས་བྲེལ་བའམ། །
རང་ཤག་ནང་དུ་ངལ་གསོ་བྱེད་པ་ན། །
ད་དུང་ཡིད་དུ་ལྷུང་བའི་མཚར་སྡུག་གིས། །
བདག་ནི་ཞི་ཧྲོན་པན་ནཱར་འཁྲིད་པར་ངེས། །
སེམས་ཀྱི་རྟ་ཕོ་སྒྲོགས་ལ་མ་ཚུད་ན། །
ལུས་ཀྱི་འབྱུང་བཞི་ནད་ཀྱིས་མ་འཁྲུགས་ན། །
ཡང་བསྐྱར་ཞི་ཧྲོན་པན་ནཱར་འགྲོ་འདོད་ཀྱི། །
ཡིད་ཀྱི་ཕོ་ཉ་སྤྲིན་པ་བཞིན་དུ་འཕྱོ། །