ཨེ་སེ་ཨོ་ཕི་ཡ་མནའ་སྦྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་སྟེ། བསྡུས་མིང་ལ་ཨེ་སེ་ཨོ་ཕི་ཡ་ཞེས་འབོད་པའི་ཧྥེ་གླིང་གི་རྒྱལ་ཁབ་དེའི་བྱང་རྒྱུད་ཨ་རི་ཐྲི་ཡ་དང་འབྲེལ་ལ། ཤར་རྒྱུད་སོ་མ་ལི་ཡ་དང་ཇི་པོ་ཐི་དང་འདབས་འབྲེལ་དུ་གནས་ཤིང་། ལྷོ་རྒྱུད་ཁེ་ཉི་ཡ་དང་མཚེ་མར་བཅར། ཨེ་སེ་ཨོ་ཕི་ཡ་མཐོ་སྒང་གིས་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་གྱི་གསུམ་ཆའི་གཉིས་ཟིན་ཞིང་། ཆ་སྙོམས་མཚོ་འཕགས་ལ་སྨི་3000ཡོད་པས། ཨ་ཧྥེ་རི་ཁའི་ཡང་རྩེ་ཞེས་པའི་མཚན་སྙན་ཡོད། ཨེ་སེ་ཨོ་ཕི་ཡའི་ནགས་ཚལ་གྱིས་9%ཡི་ཁེབས་ཚད་ཟིན་ཞིང་། དག་གཙང་ཆུ་མགོའི་ཁེབས་ཚད་60%ཡིན་པ་དང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས། ཧྥེ་གླིང་ཤར་རྒྱུད་ཀྱི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད།
ཨེ་སེ་ཨོ་ཕི་ཡ་ནི་ལོ་ངོ་སྟོང་གསུམ་ལྷག་གི་ཤེས་རིག་ལོ་རྒྱུས་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། འབྲེལ་ཡོད་དཔྱད་གཞི་ལྟར་ན། ཨ་རབ་ཕྱེད་གླིང་གི་ནུབ་རྒྱུད་ནས་གནས་སྤོས་ཏེ་ཐོན་པའི་ཧན་སྨི་ཋི་མི་ནི་ཨེ་སེ་ཨོ་ཕི་ཡའི་མེས་པོ་ཡིན་པར་བཞེད། སྤྱི་ལོ་སྔོན་གྱི་975ལོར་མེན་ལི་ཎི་ཁི་སྐུ་ཕྲེང་དང་པོས་མཐའ་བཞི་དབང་དུ་བསྡུས་ནས་སྲིད་ཁྲིར་བཞུགས་ཤིང་། སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པར་ཎོ་བྷི་ཡ་རྒྱལ་རབས་བཙུགས། སྤྱི་ལོ་དུས་རབས་དང་པོར་བྱང་ཕྱོགས་ཀྱི་ཨ་ཁི་སའོ་མའོ་རུ་ཨེ་སེ་ཨོ་ཕི་ཡ་བཙན་རྒྱལ་བཙུགས་ཤིང་། མིང་གཞན་ལ་ཨ་ཁི་སའོ་མའོ་རྒྱལ་ཁབ་ཅེས་ཀྱང་བྱ། དུས་རབས་བཅུ་གསུམ་པར་ཨ་བྷི་ཞི་ཎི་ཡ་བཙན་རྒྱལ་བཙུགས། དུས་རབས་བཅུ་དྲུག་པར་ཕོར་ཐུ་གལ་དང་ཨོ་སི་མན་བཙན་རྒྱལ་གྱིས་ཨེ་སེ་ཨོ་ཕི་ཡ་ལ་བཙན་གནོན་བྱས་ཤིང་། དུས་རབས་བཅོ་བརྒྱད་པར་དབྱིན་ཇིའི་མི་སེར་སྤེལ་མཁན་གྱིས་བཙན་འཛུལ་བྱས། སྤྱི་ལོ་1889ལོར། མེན་ལི་ཎི་ཁི་སྐུ་ཕྲེང་གཉིས་པས་རྒྱལ་ཁབ་གཅིག་གྱུར་བྱས་ཤིང་རྒྱལ་ས་ཨེ་ཏི་སི་ཨ་པ་པ་བསྐྲུན་ནས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་སོ། །
ཞིང་ལས་དང་ཕྱུགས་ལས་ནི་ཨེ་སེ་ཨོ་ཕི་ཡའི་རྒྱལ་དམངས་དཔལ་འབྱོར་དང་ཕྱིར་འཚོང་ཡོང་སྒོའི་རྟེན་གཞི་གལ་ཆེན་ཞིག་ཡིན། ཞིང་སས་རྒྱལ་ཡོངས་རྨོ་འདེབས་རྒྱ་ཁྱོན་གྱི་བཞི་ཆའི་གསུམ་ཟིན། གཞན་ཨེ་སེ་ཨོ་ཕི་ཡ་ནི་འབྲུ་རྡོག་ཆུང་བའི་རིགས་ཀྱི་ཁོ་ཧྥེའི་འབྱུང་ཁུངས་ཡིན་པས། ཁོ་ཧྥེའི་ཐོན་ཚད་ཧྥེ་གླིང་གི་ཨང་དང་པོ་ཡིན། ཕྱུགས་ལས་ནི་གཙོ་བོ་སྲོལ་རྒྱུན་གྱི་འཚོ་སྐྱོང་ལ་བརྟེན་ཡོད་ནའང་། ཕྱུགས་ཟོག་གི་ཁ་གྲངས་ཧྥེ་གླིང་གི་རྒྱལ་ཁབ་དག་ལས་ཆེས་མང་བའི་གྲས་ཡིན།
ལཱ་ལི་བྷི་ལཱ་བྲག་ཕུག་ལྷ་ཁང་ནི་དུས་རབས་བཅུ་གཉིས་དང་བཅུ་གསུམ་བར་ཡེ་ཤུའི་ཆོས་ལུགས་ཀྱི་ཤེས་རིག་ཨེ་སེ་ཨོ་ཕི་ཡ་རུ་དར་ཞིང་འཕེལ་བའི་རིག་གནས་ཤུལ་བཞག་ཡིན། ལཱ་ལི་བྷི་ལཱའི་བྲག་རོང་དུ་དུས་རབས་བར་མའི་ལྷ་ཁང་ཆེ་ཆུང་མི་འདྲ་བ་བཅུ་གཅིག་ཡོད་པ་དང་། དེ་ལས་ལྷ་ཁང་བཞི་ནི་གཏོས་ཆེ་བའི་བྲག་རྡོ་བརྐོས་ནས་གྲུབ་པ་ཡིན། ལྷ་ཁང་གི་བཟོ་བཀོད་ལ་གནའ་ཉམས་དོད་ཅིང་རྔམ་བརྗིད་ལྡན་ལ། བཟོ་རྩལ་ཁྱད་དུ་འཕགས་པས། ཧྥེ་གླིང་གི་ངོ་མཚར་བའི་བཟོ་བཀོད་ཅེས་པའི་མཚན་སྙན་ཡོད།
ཨེ་སེ་ཨོ་ཕི་ཡ་ནི་ཧྥེ་གླིང་བྱང་ཤར་རྒྱུད་དུ་གནས་པའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་བཙན་རྒྱལ་ཞིག་ཡིན། དུས་རབས་དང་པོ་ཡས་མས་སུ་ཨེ་སེ་ཨོ་ཕི་ཡ་རུ་དར་རྒྱས་ཀྱི་རྩེར་སོན་ཞིང་། བར་སྐབས་ཤིག་ལ་མངའ་ཐང་ཆེར་རྒྱས་ནས་མཚོ་དམར་འགྲམ་གཉིས་ཀྱི་ས་གཞི་མང་པོ་བདག་ཏུ་བཟུང་། ཨ་ཁི་སའོ་མའོ་བཙན་རྒྱལ་གྱི་རྒྱལ་ས་ཨ་ཁི་སའོ་མའོ་གྲོང་ཁྱེར་ནི་དེང་རབས་ཚོང་ལས་ཀྱི་འཕེལ་རྒྱས་ཤིན་ཏུ་མགྱོགས་ཤིང་ཕྱི་འབྲེལ་གྱི་རྟེན་གཞི་གལ་ཆེན་ཞིག་ཡིན།
སའོ་དྷོ་གདོད་མའི་རིག་གནས་ཤུལ་བཞག་ནི་ཨེ་སེ་ཨོ་ཕི་ཡའི་མིང་དུ་གྲགས་པའི་གནའ་ཤུལ་དུ་ངོས་འཛིན། དེར་རྡོ་བརྐོས་གནའ་ཤུལ་160ལྷག་ཡོད་པ་དང་། རི་མོ་མི་འདྲ་བ་བརྐོས་པའི་རྡོ་རིང་དང་། མིའི་དབྱིབས་སུ་བརྐོས་པའི་རྡོ་རིང་། རི་མོ་དང་རྟགས་མཚན་ཅི་ཡང་མེད་ཅིང་ཆག་གྲུམ་ཤོར་མེད་པའི་རྡོ་བ་ཆེན་པོ་བཅས་རིགས་མི་འདྲ་བ་མང་པོ་ཡོད་པ་དང་།
རྡོ་བརྐོས་སོ་སོའི་མཐོ་ཚད་མི་འདྲ་ཞིང་། སྤྱིར་བཏང་དུ་མཐོ་ཚད་ལ་སྨི་1-5བར་ཡོད། དྷི་ཡ་རུ་ཡོད་པའི་གནའ་ཤུལ་གཙོ་བོ་36ལས་རྡོ་བརྐོས་32སྟེང་གྲི་མདུང་དང་འགྲེལ་དཀའ་བའི་རྟགས་མཚན་བརྐོས་ཡོད་པ་དང་། རྡོ་བརྐོས་གནའ་ཤུལ་དེ་དག་གི་འགྲམ་དུ་བང་སོ་མང་པོས་བསྐོར་ཡོད། རིག་གནས་ཤུལ་བཞག་དེ་དག་ལས་ང་ཚོས་ཨེ་སེ་ཨོ་ཕི་ཡ་རུ་ལོ་རྒྱུས་ཀྱི་རྔམ་ཁ་མཐུག་པའི་གནའ་བོའི་ཤེས་རིག་ཅིག་གི་མེ་ཏོག་རྣམ་པར་བཞད་མྱོང་བ་རྟོགས་ཐུབ་ཅིང་། སྤྱི་ལོ་1979ལོར་སའོ་དྷོ་གདོད་མའི་རིག་གནས་ཤུལ་བཞག་འཛམ་གླིང་ཤུལ་བཞག་མིང་ཐོར་ཚུད།
ཧྥེ་གླིང་ཁང་ཆེན་ནི་རྒྱལ་ས་ཨེ་ཏེ་སི་ཨ་པ་པའི་མིང་དུ་གྲགས་པའི་བཟོ་བཀོད་ལ་ངོས་འཛིན། ཁང་ཆེན་དེ་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་པ་དང་བཟོ་བཀོད་ཀྱི་རྣམ་པ་ཟླུམ་དབྱིབས་སུ་མངོན། སྤྱི་ལོ་1960ལོར་ལེགས་པར་གྲུབ་ཅིང་། ཨེ་སེ་ཨོ་ཕི་ཡའི་གོང་མ་སྐུ་ཕྲེང་དང་པོ་སེད་ར་ཞི་ཡིས་ཆེས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་བཀོལ་སྤྱོད་དུ་གཡར་ཞིང་། 1977ལོར་བསྐྱར་བསྐྲུན་ལེགས་པར་གྲུབ་ནས་ཧྥེ་གླིང་རྒྱལ་ཁབ་དང་རྩ་འཛུགས་ལ་གཡར་ནས་གནས་དེར་ཆབ་སྲིད་དང་དཔལ་འབྱོར་གྱི་ལས་དོན་སྤེལ། ཁང་ཆེན་དེར་ཧྥེ་གླིང་མི་དམངས་ཀྱིས་བཙན་རྒྱལ་གྱི་གཉའ་གནོན་ལ་རྒོལ་བའི་དཔའ་མཛངས་བརྗོད་དོན་ཡིན་པའི་ལྡེབས་རིས་དང་།
ཧྥེ་གླིང་རྒྱལ་ཁབ་སོ་སོའི་གཙོ་འཛིན་གྱི་བརྙན་པར་སྣུམ་ཚོན་རི་མོའི་ལམ་ནས་བཤམས་ཡོད།
མེན་ལི་ཎི་ཁི་སྐུ་ཕྲེང་གཉིས་པའི་ཐང་ཆེན་ནི་ཨེ་ཏེ་སི་ཨ་པ་པའི་དཀྱིལ་དབུས་སུ་ཡོད། ཐང་ཆེན་དུ་སྤང་རྩྭ་ལྗང་ཐིང་ངེར་འདུག་པ་དང་དུས་བཞིར་ཁྱད་མེད་དུ་ལྗང་ཞིང་སྣུམ་པའི་གསོམ་ཤུག་འགྲེང་ངེར་འགྱིང་། མེན་ལི་ཎི་ཁི་སྐུ་ཕྲེང་གཉིས་པ་ནི་ཆེས་ཐོག་མར་ཨེ་སེ་ཨོ་ཕི་ཡ་གཅིག་གྱུར་བྱེད་མཁན་དང་། ཨེ་ཏེ་སི་ཨ་པ་པའི་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རྨང་གཞི་འདིང་མཁན་ཡིན་པས། ལག་ཏུ་མདུང་རིང་ཐོགས་ཤིང་རྟ་མཆོག་ལ་ཞོན་པའི་ཁོང་གི་སྐུ་བརྙན་ཡང་ཐང་ཆེན་དེར་བརྗིད་ཉམས་དང་བཅས་འགྲེང་ཡོད།
གྷོན་དྷི་ཨེར་ནི་ཨེ་སེ་ཨོ་ཕི་ཡའི་མིང་གྲགས་ཕྱོགས་བཞིར་རྒྱས་པའི་གནའ་གྲོང་ཡིན་ཞིང་། ཡེ་ཤུའི་ཆོས་ལུགས་རིག་གནས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན། 1632ལོ་ནས་1855ལོ་བར་ཨེ་སེ་ཨོ་ཕི་ཡའི་རྒྱལ་ས་ཡིན། གནའ་གྲོང་དེར་ཧྥ་ཞི་ལི་ཏཱ་སི་རྡོ་མཁར་དང་གོང་མའི་ཁྲུས་ཁང་། དབྱི་སའོ་གོང་མ་ཆེན་པོའི་ཕོ་བྲང་། བཙུན་མོ་མེན་ཋོ་ཝ་བྷོ་ཡིས་བསྐྲུན་པའི་ལྷ་ཁང་དང་སྒྲུབ་ཁང་བཅས་སྣ་འཛོམས་རང་བཞིན་ལྡན་པའི་གོང་མའི་ཕོ་བྲང་སོགས་ལོ་རྒྱུས་ཀྱི་ཚན་ཁ་མ་ཡལ་བའི་རིག་གནས་ཤུལ་བཞག་དང་བཟོ་བཀོད་མང་པོ་ཡོད།
ཋ་ནཱ་མཚེའུ་ནི་ཨེ་སེ་ཨོ་ཕི་ཡའི་གཞི་ཁྱོན་ཆེས་ཆེ་བའི་ཚྭ་མེད་མཚེའུ་ཡིན་པ་དང་། གྷོན་དྷི་ཨེར་དང་སྨི་སྟོང་40ལྷག་གི་མཚམས་སུ་ཡོད། མཚེའུ་དེ་ནི་ཞུན་རྡོས་གཙང་པོའི་བཞུར་ལམ་ཆད་ནས་གྲུབ་པ་ཡིན་ཞིང་། ཆུ་སྣ་མི་འདྲ་བ་60ལྷག་མཚེའུ་འདིའི་ནང་དུ་བཞུར་བཞིན་ཡོད། མཚོ་སྙིང་དྷི་ཁི་སོགས་ཀྱི་སྟེང་དུ་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་པའི་གནའ་བོའི་ལྷ་ཁང་དང་སྒྲུབ་ཁང་། ཕོ་བྲང་སོགས་མང་ཞིང་། མཚེའུ་ཕྱོགས་བཞིར་རི་བོས་མུ་ཁྱུད་དུ་བསྐོར་ཞིང་གཡུ་ལོ་ཐགས་སུ་བཀྲ་བས། རི་སྐྱེས་སྲོག་ཆགས་དང་འདབ་ཆགས་རིགས་མང་པོའི་བསྟི་གནས་ཡིན།
ཨེ་ཏེ་སི་ཨ་པ་པ་ནི་ཨེ་སེ་ཨོ་ཕི་ཡའི་རྒྱལ་ས་དང་ཧྥེ་གླིང་ཤར་མའི་ཆེས་ཆེ་བའི་གྲོང་ཁྱེར་ཡིན། གྲོང་ཁྱེར་དེ་ཨེ་སེ་ཨོ་ཕི་ཡའི་དབུས་རྒྱུད་ཀྱི་ཧྲའོ་ཨ་མཐོ་སྒང་དུ་ཡོད། དུས་རབས་བཅུ་དྲུག་པའི་སྟོད་ཀྱི་ཆར། ཨ་བྷི་ཞི་ཎི་ཡ་རྒྱལ་རབས་ཀྱི་ཆེས་མཇུག་མཐའི་རྒྱལ་པོ་ལའེ་བྷོ་ནཱ·ཏིང་ཀའོ་ཡིས་ཨིན་ཋོ་ཋོ་རི་བོའི་སྟེང་ཕོ་བྲང་བཞེངས་ནས་གནས་སྐབས་ཀྱི་རྒྱལ་སར་གཏན་འཁེལ་བྱས། 1885ལོའི་རྗེས་ནས་ཨེ་སེ་ཨོ་ཕི་ཡའི་མེན་ལི་ཎི་ཁི་སྐུ་ཕྲེང་གཉིས་པས། རི་བོའི་སྟེང་འཕགས་མ་མཱ་ལི་ཡའི་ལྷ་ཁང་བཞེངས་ཤིང་ཆུ་ཚན་གྱི་འགྲམ་དུ་ཕོ་བྲང་བསྐྲུན། བཙུན་མོས་གནས་དེའི་མིང་ལ་ཨེ་ཏེ་སི་ཨ་པ་པ་ཞེས་བཏགས། 1986ལོ་ནས་བཟུང་དངོས་སུ་རྒྱལ་སར་གཏན་འཁེལ་བྱས། ཨེ་ཏེ་སི་ཨ་པ་པ་ནི་ཨ་ཧྥེ་རི་ཀའི་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གྲ་མ་ཉམས་ཤིང་གྲུ་མ་ཆག་པར་ཡོད་པའི་ལྷ་ཁང་དང་ཕོ་བྲང་། སྐུ་བརྙན་སོགས་རིག་གནས་ཀྱི་ཤུལ་བཞག་གྱ་ནོམ་པ་མཆིས་སོ། །
(རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཡིན།)