དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་2025ལོའི“གངས་དཀར་བུམ་པའི”གཞོན་ནུ་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་གཉིས་པ་སྤྱི་ཟླ་6པའི་ཚེས་21ཉིན་དར་རྩེ་མདོ་ནས་སྤེལ་བ་རེད། ཉེ་ལམ་འགྲན་བརྡ་དེས་དཀར་མཛེས་ཁུལ་ཡོངས་སུ་རྐང་གྲུག་རྩེ་བའི་ཚ་རླབས་འཕྱུར།
ཀུན་གྱི་དྲན་ཤེས་སུ་གསལ་པོར་ངེས་པ་བཞིན། ལོ་ངོ་གཉིས་ཀྱི་སྔོན་ལ་སྤེལ་བའི་འགྲན་བསྡུར་ཆེན་པོ་སྟེ། 2023ལོའི་ཟླ་7པའི“གངས་དཀར་བུམ་པའི”ཁུལ་རིམ་པའི་གཞོན་ནུ་རྐང་གྲུག་གདན་ཞུའི་འགྲན་བསྡུར་སྐབས་དང་པོར་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ནས་ཡོང་བའི་ལུས་རྩལ་པ་190ལྷག་གིས་མཚོ་འཕགས་སྨི་3000ཟིན་པའི་དར་རྩེ་མདོའི་མཐོ་སྒང་གི་རྐང་གྲུག་ཐང་དུ་རྔུལ་ཆུ་བཏོན། འགྲན་བསྡུར་དེ་ཉིན་8ལ་སྤེལ་བ་དང་། ཉིན་རེ་བཞིན་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་100ཡན་ཟིན། འདར་དབྱངས་ཀྱི་གླེང་བརྗོད་དུང་འཕྱུར་1.7ཟིན་ཡོད་པ་རེད།
“གྲོང་སྡེ་རིམ་པའི་རྐང་གྲུག་འགྲན་བསྡུར”ནས“སུའུ་ཀེ་ལན་རྐང་གྲུག་འགྲན་བསྡུར”སོགས་ས་ཁུལ་མང་པོའི་འགྲན་བསྡུར་གླིང་ཀུན་ལ་ཁྱབ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། མཐོ་སྒང་ས་ཁུལ་དུ་ཆགས་ལ་མི་ཚོགས་མང་པོ་འདུས་པའི་དར་རྩེ་མདོ་ཡིས་ཀྱང་“འགྲན་བསྡུར་ལ་བརྟེན་ནས་གྲོང་ཁྱེར་དར་སྤེལ”དང“ལུས་རྩལ་འགྲན་ཚོགས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི”འཕེལ་ལམ་གསར་པ་འཚོལ་འགོ་བརྩམས།
“འགྲན་བསྡུར”དང“མཐོ་སྒང”ཇི་ལྟར་མཉམ་འདྲེས་བྱེད་དགོས། དཀར་མཛེས་ཁུལ་གྱིས་རང་ངོས་ཀྱི་ལེགས་ཆ་ལ་གཞིགས་ནས་འཕེལ་ལམ་གསར་པ་འཚོལ་མུས་རེད།
འགྲན་བསྡུར་བརྒྱུད་གྲོང་ཁྱེར་དར་སྤེལ་གཏོང་བ། “དཀོན་པ་ཅི”དང“ཡོད་པ་ཅི”ནས་འགོ་ཚུགས་པ།
སྤྱི་ཟླ་6པའི་ཚེས་12ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ནང་དགེ་སློབ་བཅུ་ཕྲག་ཁ་ཤས་ཀྱིས“གངས་དཀར་བུམ་པ”གཞོན་ནུ་རྐང་གྲུག་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ལེ་ཚན་འཁྲབ་སྦྱོང་བྱེད་བཞིན་ཡོད། དུས་མཚུངས་སུ་འགྲན་བསྡུར་གྱི་མེ་གསོད་རུ་ཁག་གིས་འགྲན་རའི་མེ་གསོད་སྒྲིག་ཆས་དང་མཁོ་བསྟུན་རྒྱང་བསྒྲགས་མ་ལག གློག་དང་རླངས་ཀྱི་སྐུད་ལམ་སོགས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད།
དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཧྥན་ཡུས་ལིའང་གིས་གསར་འགོད་པར“མཐོ་སྒང་ས་ཁུལ་དུ་ཆེད་ལས་ཀྱི་རྐང་གྲུག་འགྲན་བསྡུར་དཀོན་པོ་རེད། ང་ཚོས་མང་ཚོགས་རྣམས་ལ་རང་ཡུལ་ནས་ཆེད་ལས་ཀྱི་འགྲན་བསྡུར་ལ་ལྟ་ཐུབ་པའི་རེ་འདུན་སྐོང་འདོད་ཡོད”ཅེས་བཤད། ཐོག་མའི་བསམ་འདུན་དེ་འདྲ་ཞིག་ལ་དམིགས་ནས། དཀར་མཛེས་ཁུལ་གྱིས་རྐང་གྲུག་འགྲན་བསྡུར་ལ་སྟ་གོན་བྱེད་སྐབས“རྩི་རྐང”ལམ་ཕྱོགས་སུ་མ་བསྐྱོད་པར་ཆེད་ལས་ཀྱི་ཤན་འབྱེད་པ་དང་འགྲེལ་བཤད་པ། ཐད་གཏོང་ཚོགས་པ་གདན་དྲངས་ནས། བདེ་སྲུང་དང་རྒྱབ་ཕྱོགས་མཁོ་སྒྲུབ། སྨན་བཅོས། ཚོང་འགུག་སོགས་ཀྱི་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཕྱོགས་ཡོངས་ནས་འགྲན་བསྡུར་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།
སྐབས་དང་པོའི“གངས་དཀར་བུམ་པའི”ངོ་མཚར་ལྟད་མོར་བལྟས་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་རྐང་གྲུག་ལ་དགའ་པོ་ཡོད་པའི་ཏིང་ཡོན་གྱིས་བཤད་རྒྱུར། “རྐང་གྲུག་བརྒྱུད་གཏོང་དང་འགྲེལ་བཤད་དེ་ཆེས་ལས་འགྲན་བསྡུར་གྱི་དོ་ཟླ་ཐུབ་པས། མཐོ་སྒང་ས་ཁུལ་ན་ཆེད་ལས་ཀྱི་རྐང་གྲུག་འགྲན་བསྡུར་འདི་འདྲ་སྤེལ་ཐུབ་པ་བསམ་ཡུལ་ལས་འདས་པ་ཞིག་རེད། “གངས་དཀར་བུམ་པ”སྐབས་གཉིས་པ་སྤེལ་འགོ་ཚུགས་གྲབས་ཡོད་པ་ཤེས་རྗེས། ཁོས“ད་ལོ་དར་རྩེ་མདོ་རུ་འགྲན་བསྡུར་ལ་བལྟ་རུ་འགྲོ་ངེས་ཡིན”ཞེས་བཤད།
“ཅི་ཞིག་དཀོན་ན་དེ་སྒྲུབ་པའི”བསམ་ཕྱོགས་ལྟར་ཆེད་ལས་རྐང་གྲུག་འགྲན་བསྡུར་སྤེལ་བ་ཕུད། དཀར་མཛེས་ས་གནས་ཁག་གིས་ད་དུང“ཅི་ཞིག་ཡོད་པ”ལ་དམིགས་ནས་ས་ཁུལ་མི་འདྲ་བའི་ཐོན་ཁུངས་ཀྱི་སྐྱེས་སྟོབས་ལྟར་ཁྱད་ཆོས་ལྡན་པའི་འགྲན་བསྡུར་སྣ་ཚོགས་སྤེལ།
“སི་ཁྲོན་གྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས”ཞེས་གྲགས་པའི་ལི་ཐང་རྫོང་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར་སྐབས་60སྤེལ་བ་དང་། སི་ཁྲོན་དང་ཡུན་ནན། མཚོ་སྔོན་སོགས་ནས་ཡོང་བའི་འགྲན་ཞུགས་པ་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་བྱེད་སྒོར་ད་དུང་རིག་རྩལ་འཁྲབ་སྟོན་དང་འགྲེམ་ཚོགས། རྟ་རྩལ་འཁྲབ་སྟོན་སོགས་ལེ་ཚན་མང་པོ་འདུག །དེ་མིན་ཕ་ཡུལ་ལི་ཐང་ནས་ཡིན་པའི་དྲྭ་གྲགས་བསྟན་འཛིན་ཡང་རྟ་རྩལ་སྐོར་འགྲེམ་ལས་སྒོར་ཐེངས་མང་པོ་ཞུགས་ནས། ལི་ཐང་ལ་ཕྱོགས་བཞིའི་སྐུ་མགྲོན་མི་ཉུང་བ་བསུས། ན་ནིང་གི་རྒྱལ་སྟོན་དུས་ཆེན་ལ་རྟ་རྒྱུག་འགྲན་བསྡུར་བརྒྱུད་ལི་ཐང་གིས་ཡུལ་སྐོར་བ་ཁྲི་37.48སྣེ་ལེན་བྱས་པ་རེད།
བྲག་འགོ་རྫོང་དུ“རྒྱང་སྐྱོད་ལྔ་གཅིག་ལུས་རྩལ་འགྲན་བསྡུར”བསྟུད་མར་ལོ་གསུམ་ལ་སྤེལ་བ་དང་། ལུས་རྩལ་འགྲན་བསྡུར་དང་བྲག་འགོ་རྫོང་གི་གསར་བརྗེའི་རིག་གནས་གཅིག་ཏུ་སྦྲེལ་བར་དམངས་ཡོངས་ཞུགས་པའི་ཚ་རླབས་འཕྱུར། བྲག་འགོ་རྫོང་གིས་ལུས་རྩལ་འགྲན་བསྡུར་དེ “སྤུས་རྟགས་ཅན་དང་ཁྲོམ་ར་ཅན། ཐོན་རྫས་ཅན”གྱི་འགྲན་བསྡུར་ཞིག་ཏུ་བསྐྲུན་རྩིས་ཡོད། གཞན་ཡང་རྫོང་ཁོངས་ཀྱི་ཐུན་མིན་རི་ཁུལ་ས་དབྱིབས་ལ་བརྟེན་ནས། བྲག་འགོས་ད་དུང་མཚོ་འཕགས་མཐོ་སའི་ཀྲུང་གོའི་རླངས་འཁོར་འཐེན་ཤུགས་འགྲན་བསྡུར་སྐབས་དང་པོ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་འགྲན་ཞུགས་པ་བྲག་འགོ་རུ་འཛོམས་བཞིན “སྔོ་ལྗང་རི་ཀླུང”དེ་འགྲན་ར་རུ་བསྒྱུར།
ལུས་རྩལ་འགྲན་ཚོགས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ།
ལྗོངས་རྣམ་མཉམ་འདྲེས་ཕུད་གཞུང་ཁོངས་ལས་ཁུངས་སྒྲིག་གཞི་ཡང་མཉམ་འདྲེས་བྱེད་མུས་རེད།
ཉེ་སྔོན་2025ལོའི་གངས་དཀར་རི་བོའི་དུང་དཀར་ལུང་པའི་KOMལྕགས་རྟ་རི་འཛེག་འགྲན་བསྡུར་གངས་དཀར་རི་འདབས་ཀྱི་དུང་དཀར་ལུང་པར་སྤེལ་བ་རེད། སྤྱིའི་རིང་ཚད་སྤྱི་ལེ་32.3དང་གཟར་ཚད་སྨི་1522ཡོད་པའི་འགྲན་བསྡུར་ལམ་ཐིག་དེས་འགྲན་ཞུགས་པའི་ཡིད་ཀྱི་དང་བ་དྲངས། འགྲན་བསྡུར་ཁྲོད་གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་བོད་ཀྱི་མེ་ཕུང་སྐོར་བྲོའི་དགོང་ཚོགས་བཀོད་སྒྲིག་བྱས་ཡོད།
གླེང་འོས་པ་ཞིག་ལ་འགྲན་བསྡུར་སྒྲིག་འཛུགས་བྱེད་པའི་སྡེ་ཁག་ཁྲོད་དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་མ་ལག་གི་སྡེ་ཁག་ཡོད་པར་མ་ཟད། རིག་གནས་ཡུལ་སྐོར་མ་ལག་གི་སྡེ་ཁག་དང་ཕྱི་འགྲིམ་ལུས་རྩལ་ཀུང་སི། ལུས་རྩལ་རིག་གནས་ཁྱབ་སྤེལ་ཀུང་སི་ཡང་ཡོད།
དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་རིག་གནས་ཡུལ་སྐོར་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་དབྱི་ཡིས་གསར་འགོད་པར“ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ནི་ལྗོངས་རྣམ་མཉམ་འདྲེས་ཙམ་མ་ཡིན་པར། གཞུང་ཁོངས་ལས་ཁུངས་སྒྲིག་གཞི་ཡང་མཉམ་འདྲེས་འཕེལ་རྒྱས་གཏོང་དགོས”ཞེས་བཤད།
དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་ལ་མཚོན་ན། གྲོང་ཁྱེར་དང་ཐག་ཆེས་ཉེ་བའི་དེང་རབས་འཁྱགས་རོམ་ཡོད་པར་མ་ཟད། ལ་གཟར་མོ་དང་གངས་རི་དཀར་པོ་ཡོད། དེ་མིན་གདོད་སྐྱེས་ནགས་ཚལ་དང་ས་དྲོད་ཆུ་ཆབ་སོགས་ལྗོངས་ཁུལ་མང་པོ་ཡོད་པས། རྐང་ཐང་ལ་འགྲོ་བ་དང་བྲག་རིར་འཛེག་པ། འཁྱགས་རོམ་ལ་འཛེག་པ་སོགས་ཀྱི་ཕྱི་འགྲིམ་ལུས་རྩལ་ཀྱི་ཐོན་ཁུངས་གྱ་ནོམ་པ་འདུག །ན་ནིང་དུང་དཀར་ལུང་པ་རུ་འཁྱགས་རོམ་འགྲན་སློང་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བྱེས་རྒྱུགས་པ་520ཡིས་འགྲན་བསྡུར་ཁྲོད“སི་ཁྲོན་གྱི་རིའི་རྒྱལ་པོ་ངོ་གདོང་སྟོང་ལྡན་གྱི་གང་དཀར་རི་བོའི”མཚར་ཉམས་ལ་དངོས་སུ་མྱོང་རོལ་བྱས།
འགྲན་བསྡུར་སྣ་མང་སྤེལ་བ་དང་མཉམ་དུ་མི་ཚོགས་མང་པོ་འདུས་པས། མཛེས་ལྗོངས་ཁུལ་ཁོར་སྲུང་དང་བདེ་སྲུང་སོགས་ཀྱི་གནོན་ཤུགས་མི་ཉུང་བར་འཕྲད། ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱ་ཆེད། དུང་དཀར་ལུང་པས“ཕྱི་འགྲིམ་ལུས་རྩལ་དོ་དམ་ལྟེ་གནས+ཀུང་སི+སྤྲོ་སྐྱིད་ཁང”བཅས་ཀྱི་ལས་སྟེགས་བཙུགས།
ལི་དབྱི་ཡིས་གསར་འགོད་པར་བཤད་རྒྱུར། “དོ་དམ་ལྟེ་གནས་ང་ཚོ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཁོངས་གཏོགས་སུ་བཀོད་སྒྲིག་བྱས་ཡོད། དེས་གཙོ་བོ་ཕྱི་འགྲིམ་བྱེད་སྒོའི་སྙན་ཞུ་དང་འགྲན་བསྡུར་རྩ་འཛུགས། ཉེན་ཁ་སྔོན་འགོག་སོགས་ལ་འགན་འཁུར་གྱི་ཡོད། ཀུང་སིས་ཁྲོམ་རར་འབྲེལ་འདྲིས་དང་ཐོན་རྫས་གསར་སྤེལ་སོགས་ཀྱི་འགན་འཁུར་གྱི་ཡོད། སྤྲོ་སྐྱིད་ཁང་གིས་གཙོ་བོ་འཛད་སྤྱོད་ཀྱི་འགན་འཁུར་ཡོད། དེ་ལྟར་ན་ཕྱོགས་ཡོངས་དང་ཚད་ལྡན་ཅན་གྱི་ཕྱི་འགྲིམ་ལུས་རྩལ་དོ་དམ་གསར་སྤེལ་མ་ལག་འཛུགས་ཐུབ།” དེས་བྱེད་པོ་དབར་གྱི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་རྗེས་སོར་ཡོང་འབབ་འཕར་སྣོན་དང་ཐོན་རྫས་གསར་སྤེལ་ལ་རྨང་གཞི་བཏིང་ཡོད།
རང་ཉིད་ཀྱི་ལེགས་ཆ་ལ་བརྟེན་པ། མིག་སྔར་སྡེ་དགེ་རྫོང་གིས“ཁྲོ་ལ་རི་བོ”རྒྱལ་སྤྱི་རིམ་པའི་རི་འཛེག་ལུས་རྩལ་སྤེལ་གནས་སུ་བསྐྲུན་འཆར་ཡོད།
སྡེ་དགེ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཅན་ཧྥང་གིས“ཉེ་དུས་དོ་དམ་དང་གཉེར་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕྱི་འགྲིམ་ལུས་རྩལ་ཀུང་སི་ནང་འདྲེན་བྱས་ཏེ། ‘ཁྲོ་ལ་རི་བོ་’ལྟེ་བ་བྱས་ཏེ་ལམ་ཐིག་མང་པོ་གསར་དུ་བཏོད་པ་དང་། ‘མཐོ་སྒང་གི་ཕྱི་འགྲིམ་ལུས་རྩལ་ཕྱོགས་བསྡུས’བསྐྲུན་ནས་རྐང་ཐང་ལ་འགྲོ་བ་དང་བརྙན་པར་རྒྱག་པ། སྐྱེ་ཁམས་སློབ་ཞིབ་སོགས་སྣ་མང་ལས་རྣམ་གཏོད་རྩིས་ཡོད”ཅེས་བཤད། །