སི་ཁྲོན་ཅན་དབྱང་གི་ཞིང་ཁ་ནས་རྒྱ་མཚོ་འཕགས་སྨི་4000ལྷག་ཡོད་པའི་རྫ་ཆུ་ཁ་མཐོ་སྒང་། ངས་གོམ་པའི་འདེགས་འཇོག་ལ་བརྟེན་ནས་ཐང་བདེ་མོའི་དྲོད་གཤེར་འཇལ་མྱོང་ལ། མུ་མཐའ་མེད་པའི་གངས་རིའི་ལྗོངས་ཀྱི་སྒོ་མོ་རྡུང་མྱོང་། མི་ལ་ལས་བཤད་པ་ན་དེ་ནི་ལས་ཀ་དཀའ་མོ་ཞིག་རེད་ཟེར་མོད། རང་ཉིད་ལ་མཚོན་པ་དེ་ནི་གཞུང་ཁོངས་ཁེ་ལས་པ་ཞིག་གིས་ངེས་པར་སྦྱོང་དགོས་པའི་སློབ་ཚན་ཞིག་སྟེ། རང་འཁྲིའི་འོས་འགན་བློ་ལ་ངེས་ན་གཞུང་ཁོངས་ཁེ་ལས་པ་མཐིལ་འདེགས་རང་བཞིན་གྱི་རོགས་སྐྱོར་ལས་དོན་ལ་གཞོལ་བའི་དུས་རབས་ཀྱི་རྒྱུགས་ལན་འདེབས་ཐུབ།
མཚོ་འཕགས་སྨི་4800ལྷག་གི་ལ་ཁར།
གོམ་པའི་འདེགས་འཇོག་བསྒྱུར་ནས་གཞུང་ཁོངས་ཁེ་ལས་ཀྱི་རོགས་སྐྱོར་བྱེད་པའི་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་དུ་བསྟར་དགོས།
2018ལོར་ངས་རང་འགུལ་ངང་ཞིང་ཆེན་རིམ་པའི་ཡིག་བྱང་འཛུགས་པའི་དབུལ་ཕོངས་གྲོང་སྡེ་སྟེ། ཅན་དབྱང་གྲོང་ཁྱེར་ཕུའུ་ཨན་ཡུལ་ཚོ(ད་ལྟའི་ཧོ་ཧྥུང་གྲོང་རྡར)ཨན་ཆོན་སྡེ་པར་བཅའ་སྡོད་རོགས་སྐྱོར་ཐུབ་པའི་རེ་བ་ཞུས། སྡེ་པར་སླེབས་མ་ཐག་མིག་མདུན་དུ་ས་རྒོད་དུ་ལུས་པའི་ས་མང་པོ་མངོན་པ་དང་། སྡེ་མི་རྣམས་ཀྱི་མིག་མདངས་ལས་རེ་སྨོན་མངོན་ཐུབ་པར་ཡིད་རྨོངས་པའི་ཆ་ཡང་འདུ། སྐབས་དེར་ངས་རོགས་སྐྱོར་ལས་དོན་ནི་འབོད་ཚིག་ཙམ་མ་ཡིན་པར། རྩ་བ་འཛུགས་དགོས་པའི་ངེས་ཤེས་ཟབ་མོ་སྐྱེས།
ལོ་དེ་དག་གི་རིང་ལ་ང་དང་སྡེ་མི་རྣམས་ཀྱིས་ས་ཞིང་འཁོར་རྒྱུག་ལ་སྐུལ་བཞིན་ཚད་ལྡན་ཅན་གྱི་སྔོ་ཚལ་དྲོད་ཁང་བསྐྲུན། འཛད་སྤྱོད་རོགས་སྐྱོར་ལ་གཞིགས་ནས་ཁམ་བུ་དང་ལུག་གསུས་ཤ་མོ། སིལ་ཏོག་པའེ་ཞང་ཀའོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་བྲིན་འཚོང་བྱས་པས། སྡེ་པ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་70ལས་བརྒལ་ཡོད། ང་ཚོས་ལག་བསྟར་བྱས་པའི་ལམ་སྒྲོན་ལས་གཞི་དང་། ཏང་གི་མང་ཚོགས་ཞབས་ཞུའི་ལྟེ་གནས་བསྒྱུར་བཀོད་རྣམ་གྲངས། དེ་མིན་གསར་དུ་བསྐྲུན་པའི་བགྲོད་ལམ་དང་ཆུ་མཛོད་སོགས་རྨང་གཞིའི་སྒྲིག་བཀོད་བཅས་ཀྱིས་སྡེ་པའི་རྣམ་པ་གསར་པ་གསར་རྐྱང་དུ་བསྒྱུར།
2020ལོར་ང་ལ“ཁྲེང་ཏུའུ་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང”ཞེས་པའི་མཚན་སྙན་ཐོབ་པ་དང་། 2023ལོར“ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕུལ་བྱུང་སྡེ་སྡོད་ཧྲུའུ་ཅི་དང་པོ”ཞེས་པར་བདམས། འོན་ཀྱང་གཟི་བརྗིད་ཕུད། ངས་བརྗེད་མི་རུང་བ་ཞིག་ནི་ཡུལ་མི་ཚོས་ལུས་རྩལ་འགྲན་ཚོགས་ཆེན་པོའི་ཆེད་སྤྱོད་ཤིང་ཏོག་སྟེ་ཁམ་བུ་འཁྱེར་སྐབས་ཀྱི་བདེ་སྐྱིད་ཀྱི་མཛུམ་མདངས་དེ་རེད།
རོགས་སྐྱོར་གྱི་གཡུལ་ས་མཐོ་སྒང་ས་ཆར་བསྒྱུར་ནས་རོགས་རམ་གྱི་གཏམ་རྒྱུད་མུ་མཐུད་དུ་བྲིས།
གལ་ཏེ་ཅན་དབྱང་གི་སྡེ་སྡོད་ཉམས་མྱོང་ནི་ང་དང་རོགས་སྐྱོར་ལས་དོན“འཕྲད་ཐེངས་དང་པོ”ཡིན་ན། རྫ་ཆུ་ཁའི་འགྲུལ་བཞུད་ནི་འགྲན་སློང་གསར་པ་ཞིག་རེད།
2023ལོར་ཁྲེང་ཏུའུ་ཐོན་ལས་ཚོགས་པས་སེར་ཤུལ་རྫོང་ལ་རོགས་སྐྱོར་བྱེད་འགོ་ཚུགས་པ་དང་། ངས་ཡང་བསྐྱར་རེ་ཞུ་རྒྱབ་ནས་ཁྲེང་ཏུའུ་ཐོན་ལས་ཚོགས་པས་རྫ་ཆུ་ཁར་མངགས་པའི་ལས་དོན་རུ་ཁག་གི་ཁོངས་མི་ཁག་དང་པོའི་ནང་དུ་ཞུགས་ནས་རྫ་ཆུ་ཁའི་ཕྱོགས་ལ་བསྐྱོད། སེར་ཤུལ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི་4000ལྷག་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད-1.6℃ཡིན། མཁའ་རླུང་ཁྲོད་ཀྱི་དབྱང་འདུས་ཚད་ནི་རྒྱ་མཚོའི་ངོས་ཀྱི་བཅུ་ཆ་གསུམ་ལས་མེད། མཐོ་སྒང་ལ་འབྱོར་མ་ཐག་ང་དང་ལས་གྲོགས་ཚོར་རྫ་དུག་ཕོག །ཁོག་པ་བཤལ་བ་དང་མགོ་ན་བ། མཆུ་སྐམ་པ། སྣ་ཁྲག་བཞུར་བ་སོགས་ནད་རྟགས་མངོན་མོད། རང་འཁྲིའི་འགན་འཁྲི་བསམ་བཞིན་ང་ཚོས་འབད་པ་ལྷུར་ལེན་བྱས།
ཟླ་བ་གསུམ་གྱི་རིང་ལ་ང་དང་ལས་གྲོགས་རྣམས་ཁྲེང་ཏུའུ་ཐོན་ལས་ཚོགས་པས་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་གྲོང་11ཏུ་བསྐྱོད། རླངས་འཁོར་གཏོང་བར་སྟབས་མི་བདེ་ན་རྐང་ཐང་དུ་སོང་བ་ཡིན། སྐད་བརྡ་མི་འཕྲོད་ན་ལག་བརྡ་སྟོན་པ་ཡིན། ལག་བྲིས་ཟིན་བྲིས་ཀྱི་ངོས་སུ་རྫ་ཆུ་ཁ་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི“དཀའ་གནད”རྐྱང་རྐྱང་གིས་ཁེངས་ཡོད། དེ་དང་ཆབས་ཅིག་ང་ཚོས་ནོར་གནག་གི་ཐོན་ལས་འཕེལ་རྒྱས་དང་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད། གློག་རྡུལ་ཚོང་དོན་སྟེགས་བུ་འཛུགས་པ་སོགས་ཁྱབ་ཁོངས་མང་པོར་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ལྗིག་ཏིག་ཏིག་གི་སྙན་ཞུ་འབྲི་དེབ་6ཕུལ་བ་དེ། ཁྲེང་ཏུའུ་ཐོན་ལས་ཚོགས་པས《སེར་ཤུལ་རྫོང་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད(2024ལོ་ནས་2027ལོའི་བར)》བཟོ་བའི“ཕྱོགས་སྟོན”དུ་གྱུར་ཡོད།
འགྱུར་ལྡོག་ཀྱང་རིམ་གྱིས་འབྱུང་མུས་རེད། ཁྲེང་ཏུའུ་ཐོན་ལས་ཚོགས་པས་གཅིག་གྱུར་འཆར་འགོད་འོག་འཁྱེར་བདེའི་ཆུ་གཙང་སྒྲིག་ཆས་1200མཐོ་སྒང་ས་ཁུལ་དུ་ནང་འདྲེན་བྱས་ནས་ས་གནས་ཀྱི་སྡེ་མིར་བློ་བདེ་ངང་ཆུ་འཐུང་ཐུབ་པ་དང་། ཚན་རྩལ་ཞབས་ཞུ་ཚོགས་པས་ཞལ་འདེབས་ཕུལ་བའི་ལུད་འདྲེན་སོན་འདེབས་འཕྲུལ་འཁོར་ཞིང་ཁར་སྤྱད་པས་ནས་ནག་འདེབས་པའི་ལས་ཕྱོད་ཆེ་རུ་བཏང་། གཞན་ཡང་ངས་རོགས་སྐྱོར་སྤྱི་ཕན་ཐེབས་རྩ་འཛུགས་པའི་གྲོས་འགོ་བཏོན་པ་དང་འབྲེལ་སེར་ཤུལ་རྫོང་དང་མཉམ་འབྲེལ་སྒོས་སི་ཁྲོན་ཚོང་ཟོག་གློག་རྡུལ་ཚོང་དོན་དུས་ཆེན་དང་། “39རོགས་སྐྱོར་ཚོང་ར།” སི་ཁྲོན་ཞིང་ལས་འགྲེམས་ཚོགས་སོགས་བྱེད་སྒོ་བརྒྱུད་སྒོར་ཁྲི་100ལས་བརྒལ་བའི་འཛད་སྤྱོད་རོགས་སྐྱོར་ལས་འགན་ལེགས་གྲུབ་བྱུང་། གཅེས་སེམས་ཁེ་ལས་དང་མི་སྒེར་ལ་སྐུལ་སློང་བྱས་ནས་སེར་ཤུལ་རྫོང་ལ་དངོས་ཟོག་དང་སྒོར་ཁྲི་16ལྷག་ཞལ་འདེབས་གནང་།
ཡིན་ནའང་འདི་དག་ནི་འགོ་གསར་འཛུགས་ཙམ་ཡིན་པ་གསལ་པོར་རྟོགས་ཡོད། སེར་ཤུལ་གྱིས“རང་གིས་རང་ལ་ཁྲག་བཟོ”ཆེད། ངས་ནུས་ཤུགས་ཡོད་རྒུས་ཅིན་ཧྲི་ཚན་རྩལ་གསར་གཏོད་མཉམ་ལས་ཐོན་ལས་གླིང་བསྐྲུན་འགོ་བརྩམས། དེ་ནི་ཅིན་ཉིའུ་ཆུས་དང་ཁྲེང་ཏུའུ་ཐོན་ལས་ཚོགས་པ། སེར་ཤུལ་རྫོང་བཅས་མཉམ་འབྲེལ་སྒོས་བསྐྲུན་པའི་སེར་ཤུལ་རྫོང་གི“འཕུར་སྐྱོད་ཐོན་ལས་གླིང་”དང་པོ་དེ་རེད། ཞིང་ཆེན་དང་གྲོང་ཁྱེར། ཆུས་རིམ་པ་གསུམ་ཀྱི་མཉམ་འགུལ་ཚོང་འགུགས་ལམ་སྲོལ་གྱི་རྒྱབ་སྐྱོར་འོག །གླིང་ཁུལ་གྱི་ཚོང་འགུགས་ལས་དོན་ལ་སྐུལ་འདེད་བཏང་། མིག་སྔར་གླིང་ཁུལ་དུ་ཐོ་འགོད་ཁེ་ལས་18ཡོད། འབྱུང་འགྱུར་གླིང་ཁུལ་གྱིས་རྩེར་སོན་གྱི་ཁེ་ལས་དང་དེ་བཞིན་སེར་ཤུལ་གྱིས་ཁྱད་ཆོས་ལྡན་པའི་ཐོན་ལས་རྣམ་གྲངས་མུ་མཐུད་ནང་འདྲེན་བྱས་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
འབད་འཐབ་ཀྱི་འགྲུལ་བཞུད་འདིར་ཞུགས་མཁན་ང་གཅིག་པུ་མིན།
མི་ལ་ལས་ང་ལ་རྒྱུན་འཁྱོངས་བྱེད་ཐུབ་དོན་ཅི་ཡིན་ཞེས་དྲིས། གང་ལགས་ཤེ་ན་འགྲུལ་བཞུད་འདིར་ང་ནམ་ཡང་གཅིག་པུར་ལུས་མེད། མཐིལ་འདེགས་རང་བཞིན་གྱི་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་ཁྲེང་ཏུའུ་ཐོན་ལས་ཚོགས་པས“རྩ་འཛུགས་མཉམ་འཛུགས་དང་ཐོན་ལས་གསོ་སྐྱོང་། དམངས་འཚོ་ཞབས་ཞུ། རིག་སྟོབས་རྒྱབ་སྐྱོར”སོགས་གཙོ་གནད་ལས་འགན་ལ་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་། 2024ལོར་ཚོགས་པས་ཐོན་ལས་དང་འཛད་སྤྱོད། སྤྱི་ཕན། ལས་ཞུགས་སོགས་ཀྱི་ཁྱབ་ཁོངས་སུ་རོགས་དངུལ་སྒོར་ཁྲི་2600ལྷག་བཏང་བ་དང་། ཁོངས་གཏོགས་ཚན་རྩལ་ཞབས་ཞུ་ཚོགས་པས་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སི་ཁྲོན་ཞིང་ལས་ཚན་རིག་ཁང་དང་ཁྲེང་ཏུའུ་དབྱིན་ནུའོ་ལག་རྩལ་སྤོ་སྒྱུར་སོགས་ལས་ཁུངས་དང་མཐུན་སྦྱོར་བྱས་ཏེ། ནས་ནག་གི“གདོད་མའི་སྐྱེ་ཁམས་དང་འཚོ་བཅུད་མཐོ་བའི”ཐུན་མོང་མ་ཡིན་པའི་རིན་ཐང་སྔོག་འདོན་བྱས་ཏེ། ནས་ཕྱེ་དང་ནས་ནག་བག་ལེབ། ནས་ནག་ཀ་ར་སོགས་ཐོན་རྫས་དྲུག་གསར་སྤེལ་བྱས་ཏེ། ཚོང་རྟགས་ཐུམ་སྒྲིལ་དང་ཚོང་གཉེར་ཁྱབ་གདལ་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་རྫས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས། ཚན་རྩལ་དེ་དམངས་ཕྱུག་ཅན་གྱི་སྒུལ་ཤུགས་སུ་བསྒྱུར།
ཕྱིར་དྲན་ཞིག་བྱས་ན། ཉི་མས་ཚིག་ནས་པགས་ཤུན་བཤུས་པ་དང་བརྡར་ནས་ཟད་པའི་ལྷམ་མཐིལ་དེ་དག་ནི་ཆེས་རྩ་ཆེ་བའི་གཟེངས་རྟགས་སུ་གྱུར་ཡོད། 2025ལོའི་ཟླ་5པར། ང“སི་ཁྲོན་ཞིང་ཆེན་སྐབས་དགུ་པའི་ངལ་རྩོལ་དཔེ་བཟང”ལ་བདམས་པ་དང་། གཟི་བརྗིད་དེ་ང་ལ་དབང་བ་ཙམ་མ་ཟད། རྒྱབ་ཏུ་ང་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱེད་མཁན་ཁྲེང་ཏུའུ་ཐོན་ལས་ཚོགས་པའི་ཏང་ཨུ་དང་ཚན་རྩལ་ཞབས་ཞུ་ཚོགས་པའི་ཏང་གི་སྤྱི་ཁྱབ་ཡན་ལག་ལ་དབང་།
ད་ལྟ་ང་ཚོས་ཏང་འཛུགས་སྐྱོང་འབྲེལ་ཐག་དང་འགན་འཁུར་རྨང་གཞིར་བྱས་པའི་རོགས་སྐྱོར་ལག་ལེན་གྱིས་སེར་ཤུལ་དར་རྒྱས་ལ་གསོན་ཤུགས་བསྣན་པར་མ་ཟད། གཞུང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་ཐོག་མའི་བསམ་འདུན་ཏེ། ཚན་རྩལ་གྱི་རེ་བ་གང་སར་སྤེལ་ནས་ས་ཞིང་དུ་རྩ་བ་ཚུགས་ཤིང་དུས་རབས་ཀྱི་མངག་བཅོལ་དང་དུ་ལེན་དགོས།
མཐོ་སྒང་གི་ཞོགས་པའི་ཉི་ཟེར་ས་གཞིར་འཕྲོས་སྐབས། རྐང་རྗེས་དེ་དག་གིས“དཔྱིད་ཀར”བསྐྱོད་པའི་བགྲོད་ལམ་ཇེ་ཆེ་ཇེ་བདེ་རུ་གཏོང་ཐུབ་པ་གཞི་ནས་རྟོགས་སོང་།
(རྩོམ་པ་པོ་ནི་ཁྲེང་ཏུའུ་ཐོན་ལས་ཚོགས་པས་སེར་ཤུལ་རྫོང་དུ་མངགས་པའི་ལས་དོན་རུ་ཁག་གི་རུ་མི་ཡིན།)