སྤྱི་ཟླ་5པའི་རི་དགེ་བྲག་གྲོང་ཚོའི་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ནས། མཚོ་འཕགས་སྨི་3338ཡན་གྱི་གྲོང་ཚོའི་བགྲོད་ལམ་ཐོག་སྐྱོད་སྐབས། བསིལ་རླུང་ཁྲོད་བསང་དུད་ཀྱི་དྲི་བསུང་ཁྱབ་འདུག
2024ལོའི་ཟླ་6པར། ངས་ཆུང་མའི་མངལ་སྦྲུམ་ནས་འབུར་དུ་དོད་པའི་ཕོ་བར་བྱིལ་བྱིལ་བྱས་རྗེས། སྦྲུམ་བཤེར་སྙན་ཞུ་རུམ་ལ་བཅུག་ནས་རེ་བ་དང་བཅས་རྡོག་ཁྲེས་ཁུར་ནས་ལམ་ལ་ཆས། སློབ་གྲྭ་དང་ཁ་ཐག་སྤྱི་ལེ་བཞི་བརྒྱའི་མཚམས་སུ་གནས་པའི་རི་དགེ་བྲག་གྲོང་ཚོར་གངས་རི་སྨུག་སྤྲིན་ཁྲོད་རབ་རིབ་ཏུ་གནས་པ་དང་། དེ་གར་ངས་སྐྱེས་མེད་པའི་ཕྲུ་གུར་བཅངས་པའི་དྲན་གདུང་ཡོད་ལ། གནས་དེ་ན་ང་ལ་སྒུག་པའི་བོད་རིགས་བྱིས་པ་ཚོ་ཡོད།
མཐོ་སློབ་ཀྱི་དགེ་རྒན་ཞིག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣར་གྱུར་དུས། ངས་རྟག་ཏུ་ཁྲིད་སྟེགས་ཐོག་ཐོག་མར་འཛེགས་སྐབས་ཀྱི་བློ་སེམས་མི་བདེ་བ་དྲན་གྱི་འདུག།།སྐབས་དེ་དུས་མདུན་དུ་ལྷགས་པ་ནི་སློབ་ཁང་ནང་གི་ཤེས་བྱའི་སྐོམ་པས་གདུང་བའི་མིག་ཟུང་རེ་རེ་ཡིན་ལ། ད་ཆ་གཤིན་ས་འདིའི་ཐོག་ངའི་མདུན་དུ་ལྷགས་པ་ནི་ས་མཐོའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་ཟབ་མོ་དེ་ཡིན། ཐོབ་ཐང་ལ་འགྱུར་ལྡོག་བྱུང་བ་དེས་ང་ལ་མཚོན་ན། ཁྲིད་སྟེགས་ཡིན་ནའང་འདྲ་ཡང་ན་ས་མཐོའི་བོད་སྡེ་གང་དུ་གནས་ཀྱང་མུ་མཐུད་ནས་རེ་བའི་ས་བོན་འདེབས་རྒྱུ་དེ་འགྱུར་མེད་ཀྱི་དམ་བཅའ་ཡིན།
གྲོང་ཚོར་བཅའ་སྡོད་བྱས་པའི་ཉིན་དང་པོར། ཏང་ཡོན་གྱི་ཁྱིམ་དུ་བཅར་འདྲི་བྱེད་སྐབས། ཏང་ཡོན་རྒན་པ་ཧྲང་ཏེས་རྒྱ་སྐད་ཐ་མ་ཐག་ཞིག་བཤད་ནས། སྲིད་ཇུས་ཡག་པོ་ཡོད་ཀྱང་ངས་གོ་ཐུབ་པ་མང་པོ་མེད་ཟེར། མི་རིགས་ས་ཁུལ་ནས་ཕྱིར་སྐྱོད་པའི་སློབ་མ་ཞིག་ཡིན་པའི་ངོས་ནས། ངས་སྐད་ཆ་ནི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ད་ཆ་རི་དགེ་བྲག་གྲོང་ཚོར་ཡང་གྲོང་གསེབ་དར་རྒྱས་ཞེས་པ་དེ་ཀུན་གྱིས་གོ་སླ་བའི་སྐད་ཆ་ཞིག་ཏུ་བསྒྱུར་དགོས་པ་ཚོར་བྱུང་།
དེ་ནས་བཟུང་ཉིན་ལྟར་ཞོགས་པ་ང་ཕྱུགས་རྫི་རྒན་རྒོན་གྱི་རྗེས་སུ་འབྲངས་ནས་ཨ་མདོའི་ཁ་སྐད་སློབ་སྦྱོང་བྱས་པ་ཡིན་ལ། ཉིན་གུང་ཨ་མ་རྒན་མོའི་འགྲམ་དུ་ཙོག་པུར་བསྡད་དེ་ཁོ་ཚོས་མི་རིགས་མཐུན་སྒྲིལ་འཁེལ་འཐག་འཐག་བཞིན་ཁ་བརྡ་བྱེད་པར་ཉན་པ་ཡིན། མཚན་གུང་དུ་གློག་སྒྲོན་བཀར་ནས་བོད་རྒྱ་ཤན་སྦྱར་ལག་དེབ་ཐོག་སེ་འབྲུའི་ལས་གྲྭ་ལ་སྒྲ་སྦྱོར་ཡི་གེ་བྲིས།
ཟླ་བ་ཁ་ཤས་སོང་རྗེས། སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུའི་ཐོག ངས་བོད་སྐད་ཀྱི་ལམ་ནས་ཐུན་མོང་ཕྱུག་འགྱུར་ཞེས་ཐེངས་དང་པོ་བཤད་སྐབས། ལོ་81ལ་སླེབས་པའི་ཨ་མ་རྒན་མོས་ངའི་ལག་པར་འཇུས་ཏེ། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་རེད། ངས་གོ་བྱུང་ཞེས་བཤད། སྐབས་དེར། སེམས་གཏིང་གི་དྲོད་ཁོལ་ནི་དཔྱིད་ཆུ་ས་ལ་རྒྱུ་བ་ལྟར་ལུས་ཡོངས་དྲོད་ཀྱི་ཁེངས་སོང་།
སྐད་བརྡའི་བཀག་རྒྱ་མེད་པར་བཟོས་པ་དེས་ཀྲི་པུའུ་མཉམ་སྐྲུན་བྱེད་སྒོར་ཡང་གསོན་ཤུགས་གསར་པ་འཕེལ་དུ་བཅུག །ང་ཚོས་རྔ་བ་དགེ་འོས་སློབ་གླིང་དང་རྔ་བ་རྫོང་སྲིད་གཞུང་ལས་ཁུངས་དང་འབྲེལ་བ་བྱས་ཏེ། མཉམ་དུ་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་རྒན་པས་ཐོག་མའི་བསམ་འདུན་གྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་ གཞོན་ནུ་ཏང་ཡོན་གྱིས་སྐད་གཉིས་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། འོད་ཆེམ་ཆེམ་འཕྲོ་བའི་མེ་ཕུང་རེ་ལས་ཐུན་མོང་མ་ཡིན་པའི་དྲོ་སྐྱིད་ཀྱི་ཁོར་ཡུག་བསྐྲུན།
ན་ནིང་སེར་བ་དེ་ཡིས་ཀུན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ལ། ལྟེ་བའི་སློབ་གྲྭའི་དགེ་རྒན་གྱི་ཁ་པར་ནང་རྣ་བར་གཟན་པའི་སེར་བའི་ཐག་སྒྲ་དང་བཅས། དགེ་རྒན་རྡོ་རྗེ་ལགས། རྟ་མགྲོན་ཡང་སློབ་གྲྭ་ཡོང་མི་འདུག །རི་མགོར་པེ་མོ་བརྐོ་རུ་བུད་སོང་ཟེར། ལྟེ་བའི་སློབ་གྲྭའི་དགེ་རྒན་གྱི་ཁ་པར་འབྱོར་དུས་ངས་སེར་བར་མ་འཛེམ་པར་སྡེ་པའི་ནང་དུ་བཅར་འདྲི་བྱེད་བཞིན་ཡོད།
འདམ་རྫབ་ལ་རྡོག་པས་མནན་ནས་རི་ཁུལ་དུ་སོང་དུས་ངའི་རྐང་པ་གངས་ཆུའི་སྦངས་ནས་སྦྲིད་འདུག །ཡིན་ཡང་བྲག་རིའི་རྒྱབ་ཏུ་ཡོད་པའི་བྱིས་པ་དེ་མཐོང་དུས། གྲང་འཁྱག་གི་ཚོར་བ་དེ་ཡལ་སོང་། ལོ་13ལ་སླེབས་པའི་རྟ་མགྲིན་གྱིས་མཛུབ་མོ་ཤུད་ནས་དམར་པོར་གྱུར་ཡང་ལག་ཏུ་རྣོ་གྲི་ཆུང་ཆུང་བཟུང་ནས་འབད་པ་བྱེད་བཞིན་འདུག་ལ། བརྐོས་ཚར་བའི་པེ་མོ་ཡིས་གཟེབ་ཀྱི་ཞབས་ཡང་ཁེབས་མི་འདུག
ན་ནིང་ཟླ་6པར་རྟ་མགྲིན་ཚང་གི་ཁྱིམ་དུ་ཐེངས་དང་པོ་སྐྱོད་སྐབས། ཁོའི་ཨ་ཕས་སྐྱོ་སྡུག་དང་བཅས་དཔེ་ཆ་བཏོན་ན་ངའི་བུ་ལ་ལམ་སེང་གླ་ཆ་ལེན་དུ་འཇུག་ཐུབ་བམ་ཟེར། ཚ་ཐབ་ཐོག་གི་རྩིས་དེབ་ཀྱིས་ཁྱིམ་ཚང་འདིའི་དཀའ་ངལ་ཟིན་ཐོར་བཀོད་ཡོད། ངས་ཁ་པར་བླངས་ནས་རྟ་མགྲིན་གྱི་ཨ་ཕ་ལ་རྒྱུན་དུ་སློབ་གྲྭ་ནས་ཕབ་ལེན་བྱས་པའི་སློབ་མའི་བརྙན་ཐུང་བཏང་བ་ཡིན། སྒེའུ་ཁུང་གཙང་བའི་སློབ་ཁང་།
སྔོ་ལྗང་ལྗང་གི་ལུས་རྩལ་ར་བ། ཡིད་གར་ཡོང་བའི་དཔེ་ཀློག་གི་སྒྲ་དབྱངས་བཅས་ལང་ཚོའི་གསོན་ཤུགས་འབར་བར་ལྟ་རུ་བཅུག །པར་དེབ་ཁ་ཕྱེ་སྐབས་ངས་སློབ་ཐོན་སློབ་མ་ཞིག་གི་འདྲ་པར་ལ་མཛུབ་མོ་བཙུགས་ནས་ཁོ་ལ། ཤེས་རམས་པའི་ལྭ་བ་གྱོན་པའི་སྐྱེས་པ་དེའི་མིང་ལ་རྟ་མགྲིན་ཟེར་བ་དང་། ངའི་སློབ་མ་ཡིན་པས་ན་ནིང་དབྱར་ཁ་སློབ་ཆེན་ནས་མཐར་ཕྱིན་སྟེ་ད་ཆ་དངུལ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན། རྟ་མགྲིན་གྱི་གྲོགས་ཚོམས་ཁ་ཕྱེ་ནས་ཁོའི་ལས་དོན་དང་འཚོ་བ་ཡོད་ཚད་རྒྱ་སྐད་ཐོགས་པ་མེད་པར་ཤོད་ཐུབ་པ་བྱུང་བས། རྟ་མགྲིན་ཆུང་བའི་ཨ་ཕའི་ལག་པ་འདར་བཞིན་མིག་ནང་དུ་རེ་བའི་མདངས་ཤིག་ཤར།
སློབ་འགོ་ཚུགས་པའི་དུས་ཚིགས་སུ། རྟ་མགྲིན་གྱིས་ངས་ཁོ་ལ་ཉོས་པའི་དཔེ་ཁུག་གསར་པ་དེ་ཁུར་ནས་སློབ་གྲྭ་ལོག་བྱུང་། དེ་ནས་བཟུང་། གཟའ་འཁོར་རེར་ཐེངས་གཉིས་ལ་ཁྱིམ་དུ་བཅར་འདྲི་བྱེད་པ་དེ་ངའི་འགྱུར་བ་མེད་པའི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར། གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་གཅིག་ཙམ་སོང་བ་དང་དེ་ལྟ་བུའི་བྱིས་པ་བཅུ་གཅིག་བསྐྱེད་སྲིང་བྱས་པ་ཡིན།
རི་དགེ་བྲག་གྲོང་ཚོའི་དྲ་མིག་དང་པོའི་འགན་ཁུར་ལས་བྱེད་ཅིག་ཡིན་པའི་ངོས་ནས། གྲོང་ཚོར་སྐོར་ཞིབ་བཅར་འདྲི་དང་། རྩོད་གཞི་འདུམ་འགྲིག།།སྲིད་ཇུས་སྒྲོག་འགྲེལ་བཅས་བྱ་རྒྱུ་ནི་ངའི་རྒྱུན་གཏན་གྱི་ལས་ཀའི་གྲས་ཤིག་ཡིན། བརྗེད་པར་དཀའ་བ་ཞིག་ནི་ཆུ་འབུད་ཡུར་བུའི་རྩོད་གཞི་འདུམ་འགྲིག་བྱས་པ་དེ་ཡིན་པ་དང་། ད་ལོའི་ཟླ་3པའི་ཉིན་ཞིག་འཇམ་ཆེ་གེ་མོ་དང་རྡོ་ཆེ་གེ་མོས་ཆུ་འབུད་ཡུར་བུ་སྒྱུར་བའི་རྐྱེན་གྱིས་ཁ་རྩོད་ཤོར་ནས་ཁོང་ཁྲོ་ཆེན་པོ་ལངས་པར་མ་ཟད་ད་དུང་ཅུང་ཙམ་མིན་ན་རྒྱག་རེས་བྱས་འདུག།།ངས་གྲང་རླུང་ལ་མ་འཛེམ་པར་དར་ཆགས་པའི་ཞིང་ཚིགས་སུ་ཡང་དང་བསྐྱར་དུ་ཚད་འཇལ་བ་དང་། ངང་རྒྱུད་རིང་པོས་ཁོ་ཚོར་རྩིས་གསལ་པོ་བརྒྱབ་པ་ཡིན། ཕྱོགས་གཉིས་པོས་བློ་བདེ་བག་ཕེབས་ངང་མཛུབ་ཐེལ་དམར་པོ་རྒྱག་སྐབས། རྡོ་ཆེ་གེ་མོའི་བཟའ་ཟླས་ཇ་བསྲུབས་མ་དཀར་ཡོལ་གང་སྤྲད་ནས། རྒན་རྡོ་རྗེ་ལགས། ཁྱེད་ཀྱིས་ང་ཚོ་ལས་ས་གཞི་འདིའི་གཤིས་ཀ་ཤེས་ཀྱི་འདུག་ཅེས་བཤད།
ན་ནིང་ཟླ་11པའི་ཉི་འོད་རབ་ཏུ་འཕྲོ་བའི་ཕྱི་དྲོ་དེར《དཔྱིད་རླུང་ལེ་དབར་ཁྲི་བཅུ་》
ཞེས་པའི་གླུ་སྐད་གྲགས་སྐབས། ལོ་72ལ་སླེབས་པའི་ཨ་མ་རྒན་མོ་ཡེ་ཤེས་ཆོས་སྒྲོན་གྱིས་ཀྱང་འགུལ་འགུལ་གནང་བཞིན་དེ་ནི་ཁོ་མོས་མི་ཚེ་འདིར་ཐེངས་དང་པོར་རང་ཁྱིམ་གྱི་སྒོ་འགྲམ་དུ་འཁྲབ་སྟོན་ལ་ལྟ་བ་ཡིན་ཞེས་བཤད། བཀའ་དྲིན་ཆེ་ཞེས་པའི་སྐད་ཆ་དེའི་ནང་རིག་གནས་དམངས་ཕན་བྱེད་སྒོ་དེ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཚོར་བྱུང་།
གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་གཅིག་ཙམ་འགོར་སོང་། ངའི་དཔེ་ཆ་བའི་ཚུགས་ཀ་ཡལ་ནས་འདམ་བག་གི་དྲི་ཞིམ་འགོས་ཀྱང་། ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་གཏན་ནས་བྱུང་མྱོང་མེད། རྒྱུན་དུ་ཉེ་འགྲམ་གྱི་གྲོགས་པོས་འཕྱ་སྨོད་བྱེད་ནས། སློབ་གྲྭ་ཆེན་མོའི་དགེ་རྒན་ནས་རྒྱུག་ཤར་གློད་པའི་ལས་བྱེད་པར་གྱུར་རྗེས་འགྱོད་པ་སྐྱེས་སམ་ཟེར། སྐད་འཕྲིན་བརྙན་ལམ་ནང་ངའི་བུ་ཟླ་བ་དགུ་ཙམ་སོང་བ་དང་ལག་པ་གཡུག་གཡུག་བྱས་ནས་ང་ལ་འཛུམ་དམུལ་དམུལ་བྱས་ཏེ་ངའི་ཚབ་ཏུ་ལན་འདེབས་པ་ལྟར་སྣང་། མཐོ་རིམ་སློབ་གྲྭའི་དགེ་རྒན་ནས་ཞིང་ཁའི་སློབ་མ་ཞིག་ཏུ་གྱུར་པ་དང་། ཐོག་མའི་བསམ་འདུན་དུ་ཉི་མ་དང་ཐག་ཉེ་བའི་ས་ཞིང་དུ་རྩ་བ་ཚུགས་ན། གཞི་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེའང་མི་གསོ་སྐྱོང་བྱེད་པའི་ས་ཞིང་གཤིན་པོ་ཞིག་ཡིན་པ་ཤེས་ཐུབ།
(རྩོམ་པ་པོ་ནི་རྔ་བ་དགེ་འོས་སློབ་གླིང་གིས་རྔ་བ་རྫོང་དམེ་ཁོག་ཡུལ་ཤོག་རི་དགེ་བྲག་གྲོང་ཚོར་མངགས་གཏོང་བྱས་པའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡིན།)