ཡངས་པའི་དྲོད་ཁང་ཆེན་མོའི་ནང་དུ་སྒྲོམ་གྱིས་ཁེངས་ཤིང་། སྒྲོམ་སྟེང་དུ་བཟའ་ཆོག་པའི་ཤ་མོང་མང་པོ་བཤམས་འདུག།།འབྲི་ཏ་ས་འཛིན་སྔོན་པོ་ཡལ་གའི་ཐོག་ཁུར་དུ་ལྕི་པས། གྲོང་མི་ཚོས་སྤྲོ་སྣང་དང་བཅས་འཐུ་བཞིན་འདུག །ནོར་གནག་གསོ་སྤེལ་རྟེན་གཞིའི་ནང་བྱ་དེ་དང་ནོར་ཁྱུ་མང་པོ་འདུག།།སྡེ་དགེ་རྫོང་ནས་དཔལ་ཡུལ་རྫོང་དུ་འགྲོ་བའི་ལམ་བར་དུ་གསར་འགོད་པས་དཔལ་སྤུངས་ཡུལ་ཚོ་བརྒྱུད་དུས། ས་མཐོའི་ཐོན་ལས་ཀྱིས་ཉེ་འགྲམ་གྱི་མང་ཚོགས་ལ་ཕན་བདེ་བསྐྲུན་པ་མཐོང་བྱུང་།
དཔལ་སྤུངས་ཡུལ་ཤོག་གི་ཆ་སྙོམས་མཚོ་འཕགས་སྨི་4000ལྷག་ཡོད་ལ། སྔོན་ཆད་གཙོ་བོ་སྲོལ་རྒྱུན་གྱི་འདེབས་འཛུགས་དང་། གསོ་སྤེལ། ཕྱི་རོལ་དུ་ལས་ཀ་བྱེད་པ་སོགས་ཡོང་འབབ་ལ་བརྟེན་པས་རྨང་གཞི་ཞན་པ་རེད། ཉེ་བའི་ལོ་ཤས་རིང་། དཔལ་སྤུངས་ཡུལ་ཤོག་གིས་གསར་གཏོད་དང་གསར་སྤེལ་བྱས་ཏེ་བཟའ་ཆས་ཤ་མོ་འདེབས་འཛུགས་དང་། འབྲི་ཏ་ས་འཛིན་སྔོན་པོ་འདེབས་འཛུགས་བྱས་ནས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྟེ། དཔལ་སྤུངས་ཡུལ་ཤོག་གི་དམངས་ཕྱུག་བཟའ་ཆས་ཤ་མོ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཐབས་ལམ་མང་པོའི་ཐོག་ནས་དམངས་ཕྱུག་གཏོང་བའི་རྨང་གཞི་བཏིང་ཡོད།
བཟའ་ཆས་ཤ་མོ་འདེབས་འཛུགས་རྟེན་གཞི་ནི་སྡེ་དགེ་རྫོང་གི་ས་མཐོའི་ཤ་མོ་འདེབས་འཛུགས་རྟེན་གཞི་དང་པོ་དེ་ཡིན་པ་དང་། གཙོ་བོ་བཟའ་ཆས་ཤ་མོ་འདེབས་འཛུགས་དང་ཕྱིར་ཚོང་བྱེད་ཀྱི་ཡོད། རྟེན་གཞིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་དམིགས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་བ་དང་། ཐོན་ལས་འབྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག།།ཕྱིར་འཚོང་སྦྲེལ་ཐག་བཅས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། 2024ལོར་འབག་མེད་ཐོན་རྫས་ལ་སྐྱེ་ལྡན་ཁས་ལེན་བྱ་རྒྱུའི་རེ་ཞུ་བྱས་ནས། ཐོན་རྫས་རིམ་བཞིན་རྩེར་སོན་ཅན་གྱི་ཁྲོམ་རའི་ཕྱོགས་སུ་བསྐྱོད་པ་རེད།
འབྲི་ཏ་ས་འཛིན་སྔོན་པོ་འདེབས་འཛུགས་བྱེད་པར་ད་ཆ་དྲོད་ཁང་ཆེན་པོ་དྲུག་ཡོད་པ་དང་། མཚོ་འཕགས་སྨི་3800ཡོད་པའི་གངས་ཅན་མཐོ་སྒང་ནས་གངས་ཆུའི་བཅུད་ལ་རོལ་བ་དང་། སྐྱེ་ལྡན་རྫས་དཀོན་པའི་རིགས་འདུས་པའི་ཁྱད་ལྡན་ཐོན་ཁུངས་སུ་ཆགས་ཡོད། དེ་ལས་དྭངས་གཙང་དཔལ་སྤུངས། ས་མཐོའི་འབྲི་ཏ་ས་འཛིན་སྔོན་པོ་ཞེས་པའི་སྤུས་རྟགས་བསྐྲུན་ནས། རང་བྱུང་གི་ལེགས་ཆར་བརྟེན་ནས་ས་ཁམས་རང་བཞིན་གྱི་མཚོན་རྟགས་སྤུས་རྟགས་བསྐྲུན།
ནོར་གནག་གསོ་སྤེལ་རྟེན་གཞིར་མ་དངུལ་བསྡོམས་འབོར་ཁྲི་800ལྷག་བཏང་སྟེ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད་པ་དང་། དབྱར་སྟོན་དུས་ཀྱི་ཕྱུགས་གསོ་དོ་དམ་ཁྱབ་གདལ་གཏོང་བ་དང་། ནོར་གནག་གསོ་སྐྱོང་ལ་ཕྱུགས་གསོ་དང་ཞིང་གསོའི་གཞི་ཁྱོན་ཁྱབ་གདལ་དང་རྒྱ་སྐྱེད་གཏོང་གི་ཡོད་པ་རེད། ནོར་གནག་གི་སྤུས་རྟགས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། དཔའ་འོག་གི་ནོར་ཤ་ཞེས་ནོར་གནག་གི་ཤའི་སྤུས་རྟགས་ཧུར་ཐག་བསྐྲུན་ནས། ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་བཏང་ཡོད།
དཔལ་སྤུངས་ཡུལ་ཤོག་གི་མཉམ་ལས་ཁང་གིས་ཞིང་པ་དང་འབྲེལ་ཞིང་ཞིང་པའི་སྣེ་ཁྲིད་པའི་རྣམ་པ་བརྒྱུད་ནས། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་ཡོད། བོད་རྒྱ་སྐད་གཉིས་མི་སྣ་4ལག་རྩལ་གྱི་སྣེ་ཁྲིད་པར་བདམས་ནས། བཟའ་ཆའི་ཤ་མོ་འདེབས་འཛུགས་རྟེན་གཞི་དང་ནོར་གནག་གསོ་སྤེལ་རྟེན་གཞིའི་ཐོན་སྐྱེད་དང་། དོ་དམ། ལག་རྩལ་སློབ་སྦྱོང་བཅས་ལ་ལས་ཀ་ཆ་ཚང་བྱས་ཏེ། མཉམ་ལས་ཁང་ནས་གླ་ཕོགས་བླངས་ནས། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་36000ཡན་འཕར་ཡོད་པ་རེད། ཤ་མོའི་ས་བོན་འདེབས་པ་དང་། འཐུ་བ། སྐམ་པ་སོགས་འགག་རྩའི་དུས་སྐབས་སུ། ས་གནས་དེ་གའི་ཞིང་འབྲོག་པ་གླས་ནས་རྟེན་གཞིར་ངལ་རྩོལ་ཞོར་འདེགས་བྱས་ནས། ས་གནས་དེ་གའི་མི་ཐེངས་2000ལྷག་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2000འཕར་ཡོད། དེ་དང་ཆབས་ཅིག་ད་དུང་ཐོན་ལས་ཀྱི་ཁེ་སྤོགས་སྤྲོད་ཀྱི་ཡོད། མཉམ་ལས་ཁང་གིས་ལོ་ལྟར་རྟེན་གཞིའི་ཁེ་སྤོགས་བསྡོམས་འབོར་གྱི་70%ཞིང་འབྲོག་པའི་དུད་ཚང་738ལ་ཐད་ཀར་བགོས་ནས། ཁྱོན་མི་3017ལ་ཕན་ཐོགས་པ་དང་། ཁེ་སྤོགས་10%དེ་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་ལ་རོགས་རམ་བྱེད་བཞིན་ཡོད། 20%ནི་འདེབས་འཛུགས་རྟེན་གཞིའི་རྒྱུན་གཏན་གྱི་གཉེར་སྐྱོང་དང་ཐོན་ལས་རིམ་སྤོར་རྒྱུན་འཁྱོངས་བྱེད་པར་སྤྱད་དེ། ཞིང་འབྲོག་པར་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་རེད།
དཔལ་སྤུངས་ཡུལ་ཤོག་གི་ཁྱད་ལྡན་ཐོན་ལས་སྡེ་དགེ་རྫོང་གི་ཁྱད་ལྡན་ཐོན་ལས་ཀྱི་བསྡུས་རིས་ཡིན།
སྡེ་དགེ་ཡིས་སྡེ་དགེ་རྫོང་གཟན་རྩྭ་དེང་རབས་ཞིང་ལས་གླིང་བསྐྲུན་ནས། ཁེ་ལས་དང་ཏང་ཀྲི་པུའུ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། འབྲོག་དུད་བཅས་ཟུང་འབྲེལ་གྱི་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་ཏེ། རྩྭ་ར་འཁོར་རྒྱུག་དང་། ངལ་ལས་ཡོང་འབབ། རྟེན་གཞི་བོགས་གཏོང་། མ་རྐང་མ་འཇོག་དང་ཁེ་སྤོགས་བགོ་བ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས། ཞིང་འབྲོག་དུད་ཁྱིམ་གྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས།
ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། རིམ་རྩིས་ཐོག་སྒོར་ཁྲི་9300ལྷག་བཏང་ནས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྨད་ཤོད་གྲོང་རྡལ་ལྟེ་བར་བྱས་ཏེ་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་3000ཟིན་པ་དང། ཀྲུང་བོད་སྨན་རྩྭ་འདེབས་འཛུགས་དང་ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་འཛུགས་པ་དང་། འཐུས་ཚང་དུ་བཏང་ནས་2024ལོར་ཞིང་ཆེན་གྱི་སྐར་རིམ་གསུམ་ཅན་གྱི་དེང་རབས་ཞིང་ལས་གླིང་ཁུལ་བདེ་བླག་ངང་གསར་སྐྲུན་བྱས་པ་རེད། སྡེ་དགེ་རྫོང་བོད་སྨན་ཁང་དང་རྫོང་སར་བོད་སྨན་སྤྱི་གཉེར་ཁང་གིས་སྨན་རྫས་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལེགས་གྲུབ་བྱས་ནས། བོད་སྨན་སྨན་རྫས་དང་། ཀྲུང་ལུགས་སྨན་རྫས་ཞིང་ཆེན་ཕྱི་ནང་གི་སྨན་བཅོས་སྒྲིག་གཞི་600ལྷག་ལ་མཁོ་སྤྲོད་བྱས་ནས། ཐོན་རྫས་རིན་ཐང་སྒོར་ཁྲི་2000ལས་བརྒལ་ཡོད།
ཐོན་ལས་དེ་དག་ཚང་མས་ཐབས་ཤེས་གང་ཐུབ་ཀྱིས་སྤྱི་གཉེར་ཁང་དང་ཞིང་དུད་དང་འབྲེལ་མཐུད་བྱས་ཏེ། ཐོན་ལས་དར་རྒྱས་ཡོང་བར་བརྟེན་ནས་མི་དམངས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། །