དཔལ་ཡུལ་གྱི་བོད་ཀྱི་མགར་བཟོའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པ་དང་ད་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད། 2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཁག་གཉིས་པའི་མིང་གཞུང་དུ་ཚུད་ཡོད། ལག་རྩལ་གཙོ་བོ་དཔལ་ཡུལ་ཧོར་པོོ་རྒྱུད་དུ་ཁྱབ་ཡོད་པ་དང་།
ཧོར་པོ་ལ་གེ་སར་རྒྱལ་པོའི་མཚོན་ཆའི་ཚོ་པ་ཞེས་འབོད་པ་དང་ལྕགས་རིགས་རྡུང་བཟོའི་ལག་རྩལ་ཉར་ཚགས་ཡག་པོ་བྱས་ཡོད། 2021ལོར། དཔལ་ཡུལ་ལ་ཀྲུང་གོའི་བོད་རིགས་མགར་བཟོ་སྒྱུ་རྩལ་གྱི་ཕ་ས་ཞེས་མིང་བཏགས་པ་དང་། 2023ལོར་མངོན་མིན་ཤུལ་བཞག་རིག་གནས་ཏེ་གྲོང་བརྒྱའི་སྒྱུ་རྩལ་བརྒྱ་ཞེས་པའི་མཚན་སྙན་ཐོབ་ཡོད།
ལོ་ཟླའི་འཁོར་འགྲོས་བརྒྱུད་དཔལ་ཡུལ་གྱི་མགར་བཟོ་དང་ཐང་ག།།བོད་ལུགས་ཁྱིམ་ཆས་བཟོ་རྩལ་རྩེར་སོན་ཞིང་། ལག་ཤེས་བཟོ་རྩལ་ཚང་མའི་ནང་ལོ་ངོ་སྟོང་གི་བཟོ་པའི་བློ་གྲོས་དང་སེམས་ནུས་འདུས་ཡོད་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དྲན་ཤེས་ཀྱང་འདུས་ཡོད། སྔོན་ཆད་ལག་རྩལ་དེ་དག་མང་ཆེ་བ་ཐར་ཐོར་རྣམ་པའི་ཁྱིམ་ཚང་བཟོ་ཁང་གི་རྣམ་པར་བརྟེན་ནས་གནས་པ་དང་། ཁྱབ་སྤེལ་ཐབས་ལམ་དང་ཐོན་ལས་ཀྱི་གཞི་ཁྱོན་ལ་ཚད་བཀག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་།
དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ས་ཁོངས་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ཁུལ”འཛུགས་སྐྲུན་གྱི་འཐབ་ཇུས་ནང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། ཝུའུ་ཧོའུ་ཆུས་སོགས་ཀྱི་ཁ་གཏད་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཏེ་དཔལ་ཡུལ་བོད་ཀྱི་མགར་བཟོའི་ལག་རྩལ་ལྟེ་བར་བྱས་ཏེ། དཔལ་ཡུལ་བོད་རིགས་མགར་བཟོ་རྟེན་རྫས་བཤམས་མཛོད་ཁང་སྐྲུན་ཏེ། དམིགས་ཡུལ་ནི་ལོ་ངོ་སྟོང་གི་སྲོལ་རྒྱུན་ལག་རྩལ་རིགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏང་རྒྱུ་དེ་ཡིན།
2025ལོའི་ཟླ་5པའི་ཚེས་18ཉིན། དཔལ་ཡུལ་བོད་རིགས་མགར་བཟོ་རྟེན་རྫས་བཤམས་མཛོད་ཁང་གིས་ལས་རིགས་ཁག་གི་སྐུ་མགྲོན་དང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་མང་ཚོགས་ཀྱི་བདེན་དཔང་འོག །དཔལ་ཡུལ་རྫོང་འཛུགས་སྐྲུན་གྲོང་རྡལ་མ་ཐང་གྲོང་ཚོའི་ཧོར་པོ་མི་རིགས་ལག་ཤེས་སྒྱུ་རྩལ་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་གླིང་དུ་གཟབ་རྒྱས་ངང་སྒོ་ཕྱེས་པ་རེད།
གླིང་ཁུལ་ནང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བོད་ལུགས་འཛུགས་སྐྲུན་ཚོགས་པ་དང་དེང་རབས་འཛུགས་སྐྲུན་གྱི་ཉམས་འགྱུར་མཉམ་འདྲེས་བྱས་ནས་དངུལ་ཆུའི་འགྲམ་དུ་ཀྲོང་ངེར་ལངས། འགྲེམས་ཁང་ནང་འགྲེམས་སྟོན་རིམ་པ་གསུམ་དུ་དབྱེ་ཡོད་པ་དང་འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ་4900ལྷག་ཡོད། དེའི་ནང་གི་བརྩེགས་དང་པོ་རྒྱ་ཁྱོན་ཆེ་ཤོས་ཡིན་པ་དང་གཙོ་བོ་དཔལ་ཡུལ་རྫོང་གི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས། སྣ་མང་གི་མི་རིགས་རིག་གནས་དང་དེ་བཞིན་འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱང་སྐྱོད་ཀྱི་ལོ་རྒྱུས་མངོན་པར་བྱས་ཡོད། བརྩེགས་གཉིས་པ་ནི་མགར་བཟོ་ལག་རྩལ་འགྲེམས་ཁུལ་གཙོ་བོ་ཡིན་ཞིང་། ལག་རྩལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རྡུང་བཟོའི་ཡོ་བྱད། རི་མོ། བཟོ་ལས་སོགས་ཀྱི་ནང་དོན་ལ་བརྟེན་ནས་ཧོར་པོའི་མགར་བཟོའི་ལག་རྩལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། དུས་མཚུངས་སུ་ད་དུང་མགར་བཟོ་རིགས་ཆེན་པོ་བདུན་གྱི་གསོག་ཉར་དངོས་རྫས་འགྲེམ་སྟོན་བྱས་ཡོད། བརྩེགས་གསུམ་པ་དེ་གཙོ་བོ་གནས་སྐབས་འགྲེམས་སྟོན་ལ་སྤྱད་དེ་རྫོང་ཡོངས་ཀྱི་ལས་རིགས་དང་ཁྱབ་ཁོངས་ཁག་གི་རིག་གཞུང་སྤེལ་རེས་དང་། བགྲོ་གླེང་། འགྲེམས་སྟོན་ལ་སྟེགས་བུ་མཁོ་འདོན་བྱས་ཏེ། རྒྱུན་མཐུད་ངང་རིག་གནས་ཀྱི་གསར་གཏོད་དང་གསོན་ཤུགས་སྩོལ་བཞིན་ཡོད། ཁེ་གཉེར་རང་བཞིན་མིན་པའི་རྒྱལ་དབང་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པའི་ངོས་ནས། དཔལ་ཡུལ་བོད་རིགས་མགར་བཟོའི་དངོས་མང་བཤམས་སྟོན་ཁང་གིས་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་སློབ་གསོ། ས་ཁོངས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་དཔེ་སྟོན་གླིང་གི་ལྟེ་བའི་སྒུལ་ནུས་ཞིག་ཡིན་པའི་ངོས་ནས། མགར་བཟོ་རྟེན་རྫས་བཤམས་མཛོད་ཁང་ཕུད་ད་དུང་དངོན་མིན་ཤུལ་བཞག་རིག་གནས་བཟོ་ཁང་ཁྱུ་ཚོགས་དང་། རིག་གནས་འཁྲབ་སྟོན་ལྟེ་གནས། ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་ཀྱི་སྒྲིག་ཆས་ཡོད། དངོན་མིན་ཤུལ་བཞག་རིག་གནས་བཟོ་ཁང་26གིས་ས་གནས་དེ་གའི་མགར་བ་གདན་དྲངས་ནས་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། ཡུལ་སྐོར་པས་བོད་གྲི་དང་ནང་བསྟན་མཁོ་ཆས་སོགས་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་ཀྱི་རྡུང་བཟོའི་བརྒྱུད་རིམ་ལ་ལྟ་སྦྱོང་བྱེད་ཐུབ་པར་མ་ཟད་།
དེ་བས་དངོས་སུ་ཉམས་ལེན་བྱེད་ཐུབ་པ་དང་མངོན་མིན་ཤུལ་བཞག་རིག་གནས་ལག་རྩལ་དེ་འཁྱེར་ཆོག་པའི་རིག་གནས་དྲན་ཤེས་སུ་འགྱུར་བ་བྱ་རྒྱུ་རེད། སྔོན་དཔག་བྱས་ན་མི་200ཙམ་ལས་ཞུགས་ཐུབ་པ་དང་ཕྱོགས་ཡོངས་ནས་ལས་གཉེར་བྱས་རྗེས། ལོ་རེའི་ཡུལ་སྐོར་པར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་5ཟིན་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་550བྱུང་སྟེ། དངོན་མིན་ཤུལ་བཞག་རིག་གནས་ལག་རྩལ་དེ་དུས་རབས་གསར་པར་སྐྱེ་སྟོབས་གསར་པ་རྒྱས་སུ་འཇུག་རྒྱུ་རེད།
དཔལ་ཡུལ་བོད་ཀྱི་མགར་བཟོ་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་དེ་ནི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱས་པ་ཞིག་ཡིན་པར་མ་ཟད། དཔལ་ཡུལ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ལག་ལེན་གལ་ཆེན་ཞིག་དེ་བས་ཀྱང་རེད། འབྱུང་འགྱུར་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་གཡུལ་སའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་འགྲེམས་སྟོན་དང་མངོན་མིན་ཤུལ་བཞག་རིག་གནས་ཞིབ་བཤེར་བྱེད་སྒོ། རིག་གཞུང་ཞིབ་བསྡུར་སོགས་ཀྱི་རྣམ་པ་བརྒྱུད་དངོན་མིན་ཤུལ་བཞག་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། རིག་གནས་ཀྱི་མིང་བྱང་གསལ་པོ་ཕྱེས་ནས་དཔལ་ཡུལ་གྱི་བོད་ཀྱི་མགར་བཟོའི་ལག་རྩལ་འཛམ་གླིང་དུ་བསྐྱོད་རྒྱུ་རེད། །